ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

༧རྒྱལ་བ་སྨན་རིའི་ཁྲི་འཛིན་༣༣པ་མཆོག་གི་འདས་མཆོད་ཐེངས་གསུམ་པ་གདན་ས་ཁྲི་བརྟན་ནོར་བུའི་རྩེ་རུ་འཚོགས་པ།

 

 

 

 

གདན་ས་ཁྲི་བརྟན་ནོར་བུའི་རྩེ་རུ་ཞྭ་དཀར་བསྟན་པའི་གཙུག་རྒྱན་མཉམ་མེད་རྒྱལ་བ་གཉིས་པའི་རྒྱལ་ཚབ་སྨན་རིའི་ཁྲི་འཛིན་སོ་གསུམ་པ་མཆོག་སྐུ་ཞི་བར་གཤེགས་ནས་མི་ལོ་གསུམ་འཁོར་བའི་དུས་དྲན་འདས་མཆོད་ཐེངས་གསུམ་པ་དེ་ཉིད་ཕྱི་ལོ་ ༢༠༢༠ ཟླ་ ༠༩། ཚེས་༡༡།བོད་ལྕགས་ཕོ་བྱི་བའི་ལོའི་ཧོར་ཟླ་༠༧པའི་ཚེས་༢༤ཉིན་ཚོགས་གནང་བ་རེད། དེ་ཡང་ཕྱི་ཚེས་༡༠ཉིན་མོ་འདས་མཆོད་ཀྱི་སྟ་བོན་མཆོད་བཟོ་ལེགས་པར་བྱས་ཏེ། ཕྱི་ཚེས་༡༡ཞོགས་པ་ཆུ་ཚོད་༠༥དང་སྐར་མ་༣༠ནས་རྒྱལ་རྔ་བརྡུངས་ཏེ། སྐྱབས་རྗེ་མཁན་ཆེན་ལུང་རྟོགས་བསྟན་པ་གཡུང་དྲུང་རིན་པོ་ཆེ་མཆོག་དང་། སྐྱབས་རྗེ་དཔོན་སློབ་རིན་པོ་ཆེ། སྐྱབས་རྗེ་སྒྲུབ་གྲྭའི་མཁན་རིན་པོ་ཆེ། བཤད་སྒྲུབ་དཔོན་སློབ་རིན་པོ་ཆེ་བཅས་དབུ་བཞུགས་ཐོག གྲྭ་མང་རྣམས་འཚོགས་ཁང་རྙིང་པའི་ནང་འཚོགས་ཏེ། ཨ་ཁྲིད་ཀྱི་སྔོན་འགྲོ་དང་གསོལ་འདེབས་གསུངས་ནས། ལུང་ལས། སྤྲོས་བྲལ་ཡང་གསང་དོན་གྱི་མཆོད་པ་འདི།། ཞེས་གསུངས་པ་ལྟར། སྤྲོས་བྲལ་དོན་དམ་གྱི་མཆོད་པ་བླ་མེད་རྫོགས་པ་ཆེན་པོའི་གནས་ལུགས་རང་བྱུང་ཡེ་ཤེས་ཀྱི་ཉམས་ལེན་བསྐྱངས་ཏེ་ཐུན་གཅིག་བཞུགས་ནས་འཚོགས་གྲོལ། དེ་ནས་ཆུ་ཚོད་༠༦་དང་སྐར་མ་༤༠་ཐོག་འཚོགས་འདོན་གསུངས་ནས་ཞོགས་ཇ་བཞེས། ཆུ་ཚོད་༠༧དང་སྐར་མ་༣༠ཐོག་ནས་འཚོགས་ཁང་རྙིང་པའི་ནང་འཚོགས་ཏེ་སྙན་བརྒྱུད་ཀྱི་སྔོན་འགྲོ་དང་གསོལ་འདེབས་གསུངས་ནས་བླ་མེད་རྫོགས་པ་ཆེན་པོའི་ཉམས་ལེན་ངང་ལ་ཐུན་གཅིག་བཞུགས། ཆུ་ཚོད་དགུ་པའི་ཐོག་འཚོགས་ཁང་གསར་པའི་ནང་མཁན་སློབ་རྣམ་པ་དབུ་བཞུགས་ཐོག་གྲྭ་མང་འཚོགས་ཏེ་མ་ཏྲི་རིན་ཆེན་སྒྲོན་མའི་གཞུང་བསྲངས། གཞི་རིམ་སྔོན་འགྲོའི་སློབ་གྲྭ་ཚོས་སློབ་ཁང་ནང་དམ་པ་གང་དེའི་གསོལ་འདེབས་དབྱངས་སུ་བསྐྱོན་པ་དང་སྒོམ་གྱི་ཉམས་ལེན་ལ་བརྩོན་པ་གནང་། ཉིན་རྒྱབ་ཆུ་ཚོད་༠༢་ཐོག་འཚོགས་ཁང་གསར་པའི་ནང་འཚོགས་ཏེ་མ་ཏྲི་རིན་ཆེན་སྒྲོན་མའི་གཞུང་མཐར་ཕྱུངས། ཆུ་ཚོད་༠༤ཐོག་འཚོགས་ཁང་རྙིང་པའི་ནང་འཚོགས་ཏེ་རྫོགས་ཆེན་གྱི་སྔོན་འགྲོ་དང་གསོལ་འདེབས་གསུངས་ནས་བླ་མེད་རྫོགས་པ་ཆེན་པོའི་ཉམས་ལེན་ལ་ཐུན་གཅིག་གཞུགས། གཞི་རིམ་སྔོན་འགྲོའི་སློབ་གྲྭ་ཚོ་ལ་གཞི་རིམ་སྔོན་འགྲོའི་སློབ་གྲྭའི་དབུ་འཛིན་འཚོགས་ཆེན་དབུ་མཛད་ཟུར་པ་དགེ་བཤེས་ཤེས་རབ་མཐར་ཕྱིན་ནས་ཁྲི་འཛིན་དམ་པའི་མཛད་རྣམ་ངོ་སྤྲོད་གནང་། སླ་ཡང་ཆུ་ཆོད་༠༥པའི་ཐོག་སྔར་སྲོལ་གསོ་རིག་འབུམ་བཞིའི་སློབ་གྲྭ་དང་གཞི་རིམ་སྔོན་འགྲོའི་སློབ་གྲྭ་དང་གྲྭ་མང་བཅས་མཉམ་དུ་འཆད་རའི་ནང་དུ་མ་རྒྱུད་ཀྱི་དགོངས་སྤྱོད་རྣམ་གསུམ་གསུངས་ནས་བླ་མེད་རྫོགས་པ་ཆེན་པོའི་ཉམས་ལེན་ལ་ཐུན་གཅིག་བཞུགས། དགོང་མོ་ཞིང་གཤེགས་དམ་པ་མཆོག་གི་གསོལ་འདེབས་དབྱངས་སུ་གྱེར་བ་དང་ཕྱག་སྐོར་མཆོད་འབུལ་བྱས་ཏེ་སྒོ་གསུམ་དགེ་ལ་འབད་ནས་དམ་པ་མཆོག་གི་དུས་དྲན་སྲུང་བརྩི་ཞུས་པའི་གནས་བསྡུས་སུ་ཁྱུང་ཁྲི་ལྡེས་ ༢༠༢༠ ༠༩ ༡༡ དགོང་མོ་སྤེལ།། །།

པར་པ་ཁྱུང་ཐོག་རྒོད།

109911cookie-check༧རྒྱལ་བ་སྨན་རིའི་ཁྲི་འཛིན་༣༣པ་མཆོག་གི་འདས་མཆོད་ཐེངས་གསུམ་པ་གདན་ས་ཁྲི་བརྟན་ནོར་བུའི་རྩེ་རུ་འཚོགས་པ།
(སྤྱིའི་གཟིགས་གྲངས། 863 དེ་རིང་། 1)

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
        དེ…
error: རྩོམ་འདི་བདག་དབང་ཅན་ཡིན།