༧གདན་ས་ཁྲི་བརྟན་ནོར་བུ་རྩེ་རུ་༧སྐྱབས་རྗེ་སྨན་རིའི་དཔོན་སློབ་ཡང་སྟོན་འཕྲིན་ལས་ཉི་མ་རིན་པོ་ཆེ་མཆོག་ཕེབས་པ།
དེང་འདིར་བོན་གྱི་གདན་ས་དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེའི་གཙུག་ལག་ཁང་གསར་པ་སྒོ་འབྱེད་དང་།གཡུང་དྲུང་བོན་གྱི་བསྟན་པའི་སྲོག་ཤིང་གསང་གསུམ་བོན་གྱི་མཛོད་འཛིན་༧སྐྱབས་རྗེ་ཡོངས་འཛིན་སློབ་དཔོན་བསྟན་འཛིན་རྣམ་དག་རིན་པོ་ཆེ་མཆོག་སྐུ་ཡི་དགུང་གྲངས་བརྒྱར་ཕེབས་པའི་མཛད་སྒོ་སོགས་ལ་དམིགས་བསལ་གདན་ཞུ་ཕུལ་བ་ལྟར་༧དཔལ་གཤེན་བསྟན་སྨན་རིའི་གླིང་ནས་༧སྐྱབས་རྗེ་སྨན་རིའི་དཔོན་སློབ་ཡང་སྟོན་འཕྲིན་ལས་ཉི་མ་རིན་པོ་ཆེ་མཆོག་དེ་རིང་སྟེ། ཕྱི་ལོ་༢༠༢༥ཟླ་༠༢ཚེས་༠༤ཉིན་སྟོན་འཁོར་དང་བཅས་ཆེད་ཕེབས་གནང་། གདན་ས་ཁྲི་བརྟན་ནོར་བུ་རྩེའི་བཙའ་སྐྱོང་ལྷན་ཚོགས་ཀྱི་འགན་ཁུར་རྣམ་པ་དང་། བོན་པོ་ཚོགས་པའི་འཐུས་མི། གཡུང་དྲུང་བོན་གྱི་སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན། དེ་བཞིན་བལ་ཡུལ་དུ་གནས་འཁོད་འབྲེལ་ཡོད་ཚོགས་སྡེ་ཁག་གི་འཐུས་མི་བཅས་གནམ་ཐང་དུ་ཕེབས་བསུར་བཅར། དགོན་དུ་ཕེབས་པ་དང་སེར་སྐྱ་མི་མང་རྣམས་ཀྱིས་ཕེབས་བསུའི་སེར་ཕྲེང་གཟབ་རྒྱས་ཞུས་ཏེ། གཙུག་ལག་ཁང་གསར་པའི་ནང་གདན་འདྲེན་ཞུས་ཞིང་བཞུགས་ཁྲིར་ཞབས་སོར་བཀོད་ནས་མཎྜལ་འདེགས་འབུལ་ཞུས། དགེ་འདུན་པ་དང་མི་མང་རྣམས་ཀྱིས་མཇལ་དར་ཕུལ་རྗེས་དཔེ་མཛོད་ཡང་ཐོག་གཟིམ་ཁང་དུ་གདན་འདྲེན་ཞུས་པའི་གནས་བསྡུས་སུ།
ཕྱི་ལོ་༢༠༢༥ཟླ་༠༢ཚེས་༠༤ཉིན།