ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

༸གདན་ས་ཁྲི་བརྟན་ནོར་བུའི་རྩེ་ནས་༸སྐྱབས་རྗེ་རྒྱལ་བ་སྨན་རིའི་ཁྲི་འཛིན་སོ་གསུམ་པ་མཆོག་དགོངས་པ་བོན་དབྱིངས་སུ་བསྡུས་ནས་མི་ལོ་ཧྲིལ་པོ་གཅིག་འཁོར་བའི་རྗེས་དྲན་འདས་མཆོད་ཀྱི་མཛད་སྒོ་འཚོགས་པ།

ཕྱི་ལོ་ ༢༠༡༨། ༩། ༣། ཉིན་གདན་ས་ཁྲི་བརྟན་ནོར་བུའི་རྩེ་ནས་༸སྐྱབས་རྗེ་རྒྱལ་བ་སྨན་རིའི་ཁྲི་འཛིན་སོ་གསུམ་པ་མཆོག་དགོངས་པ་བོན་དབྱིངས་སུ་བསྡུས་ནས་མི་ལོ་ཧྲིལ་པོ་གཅིག་འཁོར་བའི་རྗེས་དྲན་འདས་མཆོད་ཀྱི་མཛད་སྒོའི་སྟ་བོན་མཆོད་བཤམས་ཕུན་སུམ་ཚོགས་པར་གྲུབ་པར་བྱས་ཏེ། དེ་རིང་ཚེས་ ༤ ཉིན་གྱི་ཞོགས་པའི་ཕྱག་ཚོད་ ༥ དང་སྐར་མ་༣༠ ཐོག་༸སྐྱབས་རྗེ་སློབ་དཔོན་ཚངས་པ་བསྟན་འཛིན་རིན་པོ་ཆེ་མཆོག་དང་༸སྐྱབས་རྗེ་སྒྲུབ་གྲྭའི་མཁན་པོ་ཚུལ་ཁྲིམས་བསྟན་འཛིན་རིན་པོ་ཆེ་རྣམ་གཉིས་དབུས་པའི་སེམས་དཔའ་འདུས་སྡེ་རྒྱ་མཚོ་ཚོགས་ཁང་ནང་དུ་འཛོམས་ཏེ་ཨ་ཁྲིད་ཀྱི་སྔོན་འགྲོ་གསུངས་རྗེས་སྐར་མ་སུམ་ཅུའི་རིང་ལ་སྐྱབས་རྗེ་མཆོག་དང་ཐུགས་དགོངས་དབྱེར་མེད་བསྲེ་ཕྱིར་མཉམ་བཞག་གི་ཉམས་ལེན་བསྐྱངས་པ་དང་། ཕྱག་ཚོད་བདུན་དང་ཕྱེད་ཀའི་ཐོག་གདན་ས་ཁྲི་བརྟན་ནོར་བུ་རྩེའི་བླ་བྲང་ཟོ་བོ་ཁྱུང་ལག་ཁང་ནས་༸སྐྱབས་རྗེའི་ཁྲི་འཛིན་སོ་གསུམ་པའི་སྐུ་གདུང་མཆོད་རྟེན་རིན་པོ་ཆེ་གདན་དྲངས་ཏེ་ཚོགས་ཁང་དུ་བཞུགས་སུ་གསོལ་རྗེས་སྙན་རྒྱུད་སྔོན་འགྲོ་གསུངས་ནས་མུ་མཐུད་སྐར་མ་སུམ་ཅུའི་རིང་མཉམ་བཞག་གི་ཉམས་ལེན་བསྐྱངས།

དེ་མཚུངས་སུ་གཞི་རིམ་སྔོན་འགྲོ་སློབ་གྲྭའི་འགན་འཛིན་རྣམས་པས་སློབ་གྲྭའི་ཤག་སྐོར་དུ་ཞིང་གཤེགས་དམ་པའི་སྐུ་པར་མཐོང་གྲོལ་རིན་པོའི་མདུན་དུ་རྣམ་ལྔའི་མཆོད་པ་བཤམས་ཏེ་འདས་མཆོད་གྲ་སྒྲིག་གནང་བ་དང་སློབ་ཕྲུག་རྣམས་ཀྱིས་ཀྱང་ཚོགས་འདོན་རྒྱས་པ་གསུང་རྗེས་༸སྐྱབས་རྗེ་ཁྲི་འཛིན་རིན་པོ་ཆེའི་གསོལ་འདེབས་ལན་གསུམ་དབྱངས་སུ་གྱེར་ཏེ་མཐར་མཉམ་བཞག་གི་ཉམས་ལེན་བསྐྱངས་ཡོད་པ་རེད།

ཕྱག་ཚོད་ ༩ པའི་༸སྐྱབས་རྗེ་སློབ་དཔོན་ཚངས་པ་བསྟན་འཛིན་རིན་པོ་ཆེ་མཆོག་དང་༸སྐྱབས་རྗེ་སྒྲུབ་གྲྭའི་མཁན་པོ་ཚུལ་ཁྲིམས་བསྟན་འཛིན་རིན་པོ་ཆེ་རྣམ་པ་གཉིས་དབུ་བཞུགས་ཐོག་སེམས་དཔའ་འདུས་སྡེ་རྒྱ་མཚོས་མ་ཏྲི་རིན་ཆེན་སྒྲོན་མའི་དཀྱིལ་འཁོར་གྱི་ཆོ་ག་དབུ་འཛུགས་གནང་བ་དང་། བྱམས་མ་ཚོགས་པ་དང་ཕྱོགས་མཐའ་ཁག་ནས་ཕེབས་པའི་འབྲེལ་ཡོད་ལྷ་སྡེ་མི་སེར་རྣམས་གྱིས་ཞིང་གཤེགས་དམ་པའི་སྐུ་གདུང་རིན་པོ་ཆེའི་མདུན་དུ་གསོལ་འདེབས་སྨོན་ལམ་དང་ཕྱག་སྐོར་དགེ་སྦྱོར་སོགས་རང་ནུས་གང་ལྕོག་གིས་མཆོད་འབུལ་གསོལ་འདེབས་ཞུས། ཕྱག་ཚོད་༢ པའི་ཐོག་མ་ཏྲི་རིན་ཆེན་སྒྲོན་མའི་དཀྱིལ་འཁོར་གྱི་ཆོ་གའི་འཕྲོ་བསྐྱངས་ཏེ་མཇུག་གྲུབ་པར་མཛད་པ་དང་། ཕྱག་ཚོད་ ༤ པའི་ཐོག་རྫོགས་ཆེན་གྱི་སྔོན་འགྲོ་གསུངས་ཏེ་སྐར་མ་སུམ་ཅུའི་རིང་མཉམ་བཞག་གི་ཉམས་ལེན་བསྐྱངས། ཕྱག་ཚོད་ ༥ པའི་ཐོག་དགོངས་སྤྱོད་རྣམ་གསུམ་གསུངས་ཏེ་སྔར་བཞིན་སྐར་མ་སུམ་བཅུའི་རིང་མཉམ་བཞག་གི་ཉམས་ལེན་བསྐྱངས། དགོང་མོའི་ཕྱག་ཚོད་ ༧ པའི་ཐོག་འདུས་མང་ཡོངས་རྫོགས་ལྷན་འཛོམས་ཐོག་མཚན་ལྡན་བླ་མ་མཆོད་ཐབས་ཀྱི་ཚིག་བཤད་དང་གཤེན་རབ་མཆོད་རྔ་གྲུབ་རྗེས་༸སྐྱབས་རྗེ་ཞིང་གཤེགས་དམ་པའི་གསོལ་འདེབས་ལན་གསུམ་དབྱངས་སུ་གྱེར་ཏེ་སྐར་མ་ལྔ་ཡི་རིང་མཉམ་བཞག་གི་ཉམས་ལེན་བསྐྱངས་པ་དང་མཐར་མར་མེ་མཆོད་འབུལ་དང་ཚོགས་ཁང་དུ་ཕྱག་སྐོར་སོགས་སྒོ་གསུམ་གང་དགེའི་སྒོ་ནས་མཇུག་གྲུབ་པའི་གནས་བསྡུས་སུ་ཁྱུང་ཐོག་རྒོད་ཀྱིས་ ༢༠༡༨། ༩། ༤། ཉིན་སྤེལ།། །།

(སྤྱིའི་གཟིགས་གྲངས། 131 དེ་རིང་། 1)

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
དེང་འདིར་ཆ…
error: རྩོམ་འདི་བདག་དབང་ཅན་ཡིན།