༸སྐྱབས་རྗེ་རྒྱལ་བ་སྨན་རིའི་ཁྲི་འཛིན་སོ་གསུམ་པ་མཆོག་སྐུ་གཤེགས་ནས་མི་ལོ་ཧྲིལ་པོ་གཉིས་འཁོར་བའི་རྗེས་དྲན་འདས་མཆོད།
ཕྱི་ལོ་ ༢༠༡༩ ༩ ༢༢ ཉིན་གདན་ས་ཁྲི་བརྟན་ནོར་བུའི་རྩེ་རུ་༧ཞྭ་དཀར་བསྟན་པའི་གཙུག་རྒྱན་སྐྱབས་རྗེ་རྒྱལ་བ་སྨན་རིའི་ཁྲི་འཛིན་སོ་གསུམ་པ་མཆོག་དགོངས་པ་བོན་དབྱིངས་སུ་བསྡུས་ནས་མི་ལོ་ཧྲིལ་པོ་གཉིས་འཁོར་བའི་རྗེས་དྲན་འདས་མཆོད་ཀྱི་མཛད་སྒོའི་སྟ་བོན་མཆོད་བཤམས་ཕུན་སུམ་ཚོགས་པར་གྲུབ་པར་བྱས་ཏེ།
དེ་རིང་ཧོར་ཟླ་ ༧ ཚེས་ ༢༤ ཉིན་ཏེ་དམ་པ་མཆོག་གི་གཟུགས་སྐུ་བཀོད་པ་བོན་དབྱིངས་སུ་བསྡུས་པའི་དུས་ཆེན་ཉིན་ཞོགས་པ་སྐྱབས་རྗེ་སྒྲུབ་གྲྭའི་མཁན་པོ་ཚུལ་ཁྲིམས་བསྟན་འཛིན་རིན་པོ་ཆེ་དང་བཤད་སྒྲུབ་མཁན་སློབ་རྣམ་གཉིས་དབུས་པའི་སེམས་དཔའ་འདུས་སྡེ་རྒྱ་མཚོ་ཚོགས་ཁང་ནང་དུ་འཛོམས་ནས་ཨ་ཁྲིད་ཀྱི་སྔོན་འགྲོ་གསུངས་ཏེ་བླ་མའི་རྣལ་འབྱོར་གྲུབ་ནས་བླ་མེད་རྫོགས་པ་ཆེན་པོའི་གནས་ལུགས་རིག་པའི་ཡེ་ཤེས་ཀྱི་ངང་བསྐྱངས་ནས་སྐྱབས་རྗེ་མཆོག་དང་ཐུགས་དགོངས་དབྱེར་མེད་བསྲེས། དེ་ནས་ཐུན་གྲོལ་ཏེ་ཞོགས་ཇ་བཞེས་ནས་སླར་ཡང་སྙན་རྒྱུད་སྔོན་འགྲོ་གསུངས་ནས་མུ་མཐུད་བླ་མེད་རྫོགས་པ་ཆེན་པོའི་གནས་ལུགས་རིག་པའི་ཡེ་ཤེས་ཀྱི་ངང་བསྐྱངས་ནས་ཐུན་བཞུགས།
ཕྱག་ཚོད་ ༩ ཐོག་ནས་སྐྱབས་རྗེ་སྒྲུབ་གྲྭའི་མཁན་པོ་ཚུལ་ཁྲིམས་བསྟན་འཛིན་རིན་པོ་ཆེ་དང་བཤད་སྒྲུབ་མཁན་སློབ་རྣམ་པ་གཉིས་དབུས་པའི་བླ་མ་རྣམ་པས་གསས་ཁང་ཁྱུང་རུམ་གཡུ་རྩེའི་ནང་ཞི་བ་ཨ་གསལ་དང་རིག་འཛིན་འདུས་པའི་ཚོགས་འཁོར་བཏང་། གྲྭ་མང་བྱིངས་ནས་མ་ཏྲི་རིན་ཆེན་སྒྲོན་མའི་དཀྱིལ་འཁོར་གྱི་ཆོ་ག་དབུ་འཛུགས་གནང་བ་དང་། བྱམས་མ་ཚོགས་པ་དང་ཕྱོགས་མཐའ་ཁག་ནས་ཕེབས་པའི་འབྲེལ་ཡོད་ལྷ་སྡེ་མི་སེར་རྣམས་གྱིས་ཞིང་གཤེགས་དམ་པའི་སྐུ་པར་མདུན་དུ་གསོལ་འདེབས་སྨོན་ལམ་དང་ཕྱག་སྐོར་དགེ་སྦྱོར་སོགས་རང་ནུས་གང་ལྕོགས་གིས་མཆོད་འབུལ་གསོལ་འདེབས་ཞུས། ཉིན་རྒྱབ་ཕྱག་ཚོད་ ༢ ཐོག་མ་ཏྲི་རིན་ཆེན་སྒྲོན་མའི་དཀྱིལ་འཁོར་གྱི་ཆོ་གའི་འཕྲོ་བསྐྱངས་ཏེ་མཇུག་གྲུབ་པར་མཛད་པ་དང་། སླར་ཡང་རྫོགས་ཆེན་གྱི་སྔོན་འགྲོ་གསུངས་ཏེ་བླ་མེད་རྫོགས་པ་ཆེན་པོའི་མཉམ་བཞག་གི་ཉམས་ལེན་བསྐྱངས། དེ་རྗེས་ཕྱི་དྲོ་གཙུག་ལག་ཁང་གི་མདུན་ཐང་མཆོད་བཤམ་བྱས་པའི་དྲུང་དུ་དགོངས་སྤྱོད་རྣམ་གསུམ་གསུངས་ཏེ་སྔར་བཞིན་མཉམ་བཞག་གི་ཉམས་ལེན་བསྐྱངས། དགོང་མོར་སྨོན་ལམ་གསུངས་ནས་སྒོ་གསུམ་དགེ་ལ་འབད་ནས་དམ་པ་རྗེས་སུ་དྲན་པའི་འདས་མཆོད་ཀྱི་སྔོན་དངོས་རྗེས་གསུམ་ཚང་པར་མཇུག་གྲུབ་པའི་གནས་བསྡུས་སུ།
ཁྱུང་ཁྲི་ལྡེས་ ༢༠༡༩ ༩ ༢༣ ཉིན་སྤེལ།། །།
པར་པ་ཁྱུང་ཐོག་རྒོད།