ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

ཁྱུང་པོའི་ཡུལ།

མི་ཡིས་བྱ་སྤྱོད་ལ་བརྟེན་ནས་ཡུལ་མིང་འཕོ་འགྱུར་བྱུང་བ།

རྩོམ་པ་པོ། ཁྱུང་བཙུན་གངས་ལྷ་དཀར་པོ།

ཁྱུང་པོའི་ཡུལ་འདི་ནི་བསྐལ་པ་སྔོན་མའི་དུས་སུ་སུམ་པ་གླང་གི་གྱིམ་ཤོད་ཅེས་འབོད་སྲོལ་བྱུང་ཞིང་། གངས་རིའི་ལྗོངས་ཆེན་པོ་སྟེ་སྟོད་ཞང་ཞུང་དང་བར་སྤུ་རྒྱལ་དང་སྨད་སུམ་པ་གསུམ་གྱི་དབང་བསྒྱུར་སྐབས་ས་གནས་འདི་ནི་སུམ་པའི་ཡུལ་ཡིན་པ་དང་། ཆོས་སྲིད་གཉིས་ཐད་ནས་སྐྱེས་ཆེན་དུ་མའི་རྣམ་ཐར་གྱི་གླེགས་བམ་བཞེངས་ཡོད་ཅིང་། གངས་རིའི་ལྗོངས་ཀྱི་གླིང་ཁག་གཅིག་བདག་བཟུང་བྱས་མྱོང་ཡོད་པས་སོ།།

མཚམས་དེར་ས་གནས་འདིར་ཞང་ཞུང་སྒོ་པ་ཞེས་འབོད་དེ་སྟོད་བྱ་རུ་ཅན་གྱི་དཔུང་སྡེ་ཆེན་མོ་དྭང་ར་དང་རྟ་སྒོའི་ཡུལ་དུ་གནས་བཅས་སྟེ་ཆབ་སྲིབ་ཀྱི་སྲབ་ཁ་ཤར་ཕྱོགས་ཀྱི་ཡུལ་གྲུ་དག་ལ་དཀྱོག་དུས། ས་གནས་འདི་ནི་ཞང་ཞུང་སྒོ་པ་ཞེས་པའི་མཚན་བཏགས་སྲོལ་བྱུང་ཞིང་། སྲིད་པའི་ཞང་ཞུང་གི་ཆབ་དཔལ་རིག་གསུམ་གྱི་རྐང་པ་འཛུགས་སའི་ས་ཚིགས་སུ་གྱུར་ནས་དུས་རབས་དུ་མའི་རིག་གནས་ཀྱི་མཁར་རྫོང་བརྩིགས་མྱོང་བས་སོ།།

དེའི་རྗེས་སུ་ཁྱུང་པོའི་གདུང་རྒྱུད་ཅན་གྱི་ཕ་ས་རུ་འབོད་སྲོལ་ཡོད་དེ། དཀར་ནག་སེར་གསུམ་གྱི་རུས་རྒྱུད་ལས་མཆེད་པའི་མྱི་ཆེན་ཚོས་འགྲོ་བ་མི་ཡི་རྒྱུད་པ་དང་། སངས་རྒྱས་བསྟན་པའི་རྒྱུན་ཐག་གཉི་ག་ཟུང་འབྲེལ་གྱིས་དར་སྤེལ་བཏང་ནས་ཞང་བོད་གཉིས་ལ་ཞི་བདེའི་ཁོར་ཡུག་བསྐྲུན་པའི་ལོ་རྒྱུས་ཡོད་པས་སོ།།

དེ་མཚམས་ཁྱུང་པོའི་ཡུལ་འདི་ནི། གྲུབ་ཐོབ་འཁྲུངས་སའི་ཕ་ས་རུ་འབོད་སྲོལ་ཡོད་དེ། ཁྱུང་པོ་རང་གྲོལ་བླ་མ་རྒྱལ་མཚན་དང་། སྤྲུལ་སྐུ་བློ་ལྡན་སྙིང་པོ། དབལ་འབར་སྟག་སླག་ཅན། ཁྱུང་པོ་བྱ་འཕུར་བླ་མ་བཟོད་པ་རྒྱལ་མཚན། ག་ཤེལ་ཁྲི་རིན་པོ་ཆེ། མེ་སྟོན་རྣམ་ཚང་གི་སྐྱེས་ཆེན་བཅས་ཀྱི་གྲངས་ནི་མཐའ་ཡས་པ་ཞིག་བྱོན་ནས་རྟེན་ཐོག་གཅིག་ལ་སངས་རྒྱས་ཀྱི་གོ་འཕང་ཐོབ་པས་སོ།།

བར་སྐབས་ཤིག་ལ་ཁྱུང་ཡུལ་འདི་ནི། མཁས་པ་འཁྲུངས་སའི་ཕ་ས་ཞེས་སུ་འབོད་སྲོལ་ཡོད་དེ། ཡོངས་འཛིན་སློབ་དཔོན་ཚུལ་ཁྲིམས་རྒྱལ་མཚན། འཛམ་གླིང་བླ་མ་ཡོངས་འཛིན་སྨྲ་བའི་སེང་གེ་སོགས་མཁས་ཆེན་མང་པོ་ཞིག་འཁྲུངས་ནས་བཤད་སྒྲུབ་བསྟན་པའི་མེ་ཆེན་རབ་ཏུ་སྤར་བས་སོ།།

དེང་སྐབས་སུ་ཁྱུང་ཡུལ་འདི་ནི། མཚན་ཉིད་པའི་ཕ་ས་རུ་འདོགས་པར་བྱ་སྟེ། སྟོད་སྤུ་རྒྱལ་གངས་རིའི་མན་ཆད་ནས་སྨད་ཁྱུང་པོའི་རི་བོ་རྩེ་དྲུག་ཡན་ཆད་ཚང་མ་ཐལ་ངག་དང་རྩོད་པའི་སྒྲ་སྐད་གྱི་བར་ན་སློབ་གཉེར་པའི་འཚོ་བ་ཐོས་བསམ་ལ་རོལ་གྱིན་པས་སོ།།

དུས་མཚུངས་སུ་ཁྱུང་ཡུལ་འདི་ནི། ཟོག་པོ་སྐྱེས་པའི་ཕ་ས་ཞེས་སུ་འབོད་དགོས་ཐུག་གྲབས་སུ་གྱུར་ཏེ། ཉམས་ལེན་མི་དགོས་པར་ཉམས་རྟོགས་སྐྱེས་པའི་ཟོག་པོ་དང་། གནས་ལུགས་མ་རྟོགས་ཀྱང་སྙན་བརྒྱུད་ཡོད་པའི་སྒྲུང་མཁན། མངོན་ཤེས་མེད་ཀྱང་དམྱལ་གནས་མཁྱེན་པའི་ཆོས་པའི་་གཟུགས་ཅན་འགའ་ཡིས་ཅི་ཡང་མི་ཤེས་པའི་ཕྲུ་གུ་སྣབས་ལུག་ཁྱུ་ཞིག་ལ་སྤྲུལ་སྐུའི་ཆོ་ལོ་སྤྲད་དེ། སྔོན་མའི་སྐྱེས་ཆེན་དང་སངས་རྒྱས་ཡོད་ཚད་བཙན་གྱིས་སེམས་ཅན་དང་སོ་སྐྱེ་རང་ཁ་མར་སྒྱུར་བཞིན་པས་སོ།།

མ་འོངས་པར་ཁྱུང་ཡུལ་འདི་ནི། རྟོགས་སད་པའི་ཕ་ས་ཞེས་སུ་འབོད་སྲིད་ཅིང་། དེ་ལྟར་ན། མི་རྣམས་ཀྱི་རྒྱུད་ལ་དཔྱོད་ཤེས་ཀྱི་བློ་མིག་དང་། དྲང་བདེན་གྱི་འདུ་ཤེས། བསམ་པའི་དཔལ་ཡོན། འདྲ་མཉམ་གྱི་ལྟ་བ་སོགས་སྐྱེ་ངེས་ཤིང་། དེ་དང་ཆབས་ཅིག་ཏུ་ཁྲིམས་མེད་ལུགས་མེད་ཀྱི་སྣང་ཚུལ་དང་། རང་འདོད་གང་དྲན་གྱི་བསམ་སྤྱོད་སོགས་མེད་པར་གྱུར་ཏེ། རྒྱུ་མཚན་མེད་པའི་རྨོངས་དད་ཀྱི་རྒྱ་ལས་ཡོངས་སུ་གྲོལ་ནས་གུ་ཡངས་པའི་རྒྱལ་ཁམས་ཤིག་ལ་བསླེབ་འགྲོ་བས་སོ།། 

༢༠༡༩/༡/༡༥ཉིན་མཐའ་ཡི་རྒྱ་མཚོའི་ཟུར་ནས།

(སྤྱིའི་གཟིགས་གྲངས། 344 དེ་རིང་། 1)

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
རྩོམ་པ་པོ།…
error: རྩོམ་འདི་བདག་དབང་ཅན་ཡིན།