ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

སྨོན་ལམ་ཡིད་ཀྱིས་བཏབ་པའི་དབུ་ཁྱུད་ཅིག

རྩོམ་པ་པོ། མེ་ལོང་།

ཆ་དང་འཕྲིན་པའི་བདེན་དོན་གསར་རྙིང་གང་། །
མེ་ལོང་བདུན་པོའི་ངོས་སུ་འཆར་དང་ལྷན། །
ཡེ་ཤེས་གློག་གི་ཞུན་མས་གཞན་རྣ་རུ། །
ལོ་རྒྱུས་རང་བཞིན་ཅན་དུ་འདྲེན་པར་ཤོག །

གཡུང་དྲུང་རི་མོས་གཏམས་པའི་འཕྲུལ་ངག་བོན། །
རིམ་དགུ་ཤེལ་གྱི་སྐྲས་པའི་ཐེམ་བར་ནས། །
སྐྱེ་འགྲོ་ཐར་བའི་འབབ་སྟེགས་སྦྱིན་མཛད་པོ། །
གཤེན་རབ་མི་བོའི་འཕྲིན་ལས་རྒྱས་གྱུར་ཅིག །

ཤེས་བྱའི་གནས་ལུགས་གསལ་བའི་མེ་ལོང་ངོས། །
སྣོད་བཅུད་གཟུགས་སུ་ཤར་བའི་རྟེན་འབྲེལ་དང་། །
རིག་པའི་འཕྲུལ་ལ་བཏབ་པའི་མཆོད་པ་གང་།།
གཞོན་ནུའི་ཡིད་ཀྱིས་ལོངས་སྤྱོད་བྱེད་པར་ཤོག །

རྩོམ་པ་བདུད་རྩི་སྦྲེང་པའི་ཡོལ་གོ་རུ། །
རྩོད་པས་གད་དར་བགྱིས་པའི་གཅེས་ནོར་ཏེ། །
རིག་པ་འོད་ཀྱིས་ཁེངས་པའི་སེམས་རྟེན་གང་། །
རང་རིགས་འཆི་བ་བླུ་བའི་སྨན་དུ་ཤོག །

མ་རིག་གཉིད་ཀྱིས་སྦྲིད་པའི་རྨི་ལམ་ངོག །
ཡིད་གཉིས་སེམས་ལ་དཀྲིག་པའི་ཁ་དོག་རྣམས། །
དྲིས་ལན་མཛུབ་ཁྲིད་ཟླ་བའི་ངོ་སྤྲོད་ཀྱིས། །
དེ་ཉིད་ལྷ་ཞལ་ཀུན་ལ་འཛུམ་པར་ཤོག །

གནའ་དེང་མེས་པོའི་བུ་རབས་ཚ་རྒྱུད་རྣམས། །
རྒྱུན་དུ་སྤྱོད་པའི་ཐབས་ལམ་མི་ནོར་བར། །
ཐམས་ཅད་ཞི་བདེ་ཆེན་པོའི་ས་ཐོག་ཏུ། །
འདྲེན་པ་སེམས་ཀྱི་སྨོན་པ་བསྒྲུབ་གྱུར་ཅིག །

བླང་དོར་ཡིད་ཀྱི་དཔྱིད་དུ་སྟེར་བའི་སྒྲོན། །
མཁས་པའི་ཞལ་ནས་ལུད་པའི་ལེགས་བཤད་དང་། །
གྲུབ་པའི་མགུར་ནས་དབྱངས་བའི་གདམས་པ་རྣམས། །
ནད་ཐོག་སྨན་བཞིན་དང་དུ་ལེན་པར་ཤོག །

མཁྱེན་དཔྱོད་གྲུ་ཁར་འགྲིམས་པའི་འགྲུལ་པ་ལ། །
འཕྲུལ་ངག་གཟུགས་སུ་ཕབ་པའི་རྐྱལ་བ་འདིས། །
ཟད་མེད་ནོར་གྱི་གླིང་དུ་སྐྱེལ་དང་ལྷན། །
བློ་གྲོས་སྣང་བ་རྒྱས་པའི་དཔལ་ཐོབ་ཤོག །

ཚོགས་དྲུག་ཡུལ་ལ་སྤྱོད་པའི་འགྲོ་བ་ལ། །
གཟུགས་སྒྲའི་མཆོད་པ་བཤམས་པའི་རྣམ་འགྱུར་གང་། །
ཐར་པའི་ལམ་སྟེགས་འགྱུར་བའི་མཐུན་རྐྱེན་དུ། །

དམིགས་མེད་བརྩེ་བ་ཆེན་པོས་བཞེས་སུ་གསོལ། །

ཞེས་མེ་ལོང་ཡེ་ཤེས་ཞེས་པའི་དྲ་བ་གསར་པ་ཤར་གཏོང་བྱས་པའི་སྐབས་ཐོག་ཏུ་དྲ་བའི་སྡེ་ཚན་རེའི་དགོས་དོན་འགྲུབ་པའི་ཤིས་སྨོན་དུ་སྲིད་པའི་མིག་གིས་ཕྱི་ལོའི་༢༠༡༥ཟླ་༠༩ཚེས་༠༦ཉིན་ཕུལ།

(སྤྱིའི་གཟིགས་གྲངས། 133 དེ་རིང་། 1)

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
རྩོམ་པ་པོ།…
error: རྩོམ་འདི་བདག་དབང་ཅན་ཡིན།