ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

སྟོན་པའི་འཁྲུངས་མཆོད་དང་སྐབས་བཅུ་གསུམ་པའི་སྒྲུབ་ཐོན་མཛད་སྒོའི་གནས་བསྡུས།

ལོ་ཡི་རྒྱལ་པོ་ཤིང་ཕོ་བྱི་བ། ཟླ་བའི་དང་པོ་དཔྱིད་ར་སྟག་གི་ཟླ་བ། ཞག་གི་སྙིང་པོ་ཚེས་བཅོ་ལྔ། སྐར་མའི་དམ་པ་རྒྱལ་གྱི་རུ་བ་གོང་མ་ལ་བདག་ཅག་གི་སྟོན་པ་ཐུགས་རྗེ་ཅན་རྣམ་འདྲེན་བརྒྱད་པ་རྒྱལ་བ་གཤེན་རབ་མི་བོ་ཀུན་ལས་རྣམ་པར་རྒྱལ་བ་མཆོག་འགྲོ་བ་གཞན་ཕན་གྱི་ཆེད་དུ་རྟག་གཟིགས་འོལ་མོ་ལུང་རིང་དུ་སྐུ་མཆོག་མངོན་པར་བལྟམས་ནས་མི་ལོ་༼༡༨༠༣༧༽འཁོར་བའི་དུས་ཚིགས་ཁྱད་པར་ཅན་དེ་ལ། མདོ་སྔགས་བཤད་སྒྲུབ་བསྟན་པའི་འབྱུང་གནས་གཡུང་དྲུང་བོན་གྱི་གདན་ས་ཆེན་མོ༸དཔལ་ལྡན་ཁྲི་བརྟན་ནོར་བུའི་རྩེའི་ནས་ཁོང་གི་བཀའ་དྲིན་རྗེས་སུ་དྲན་ཏེ་དུས་ཆེན་སྲུང་བརྩི་ཟབ་རྒྱས་ཞུས། དེ་ཡང་༢༠༢༠། ༠༢།༠༨། ཧོར་ཟླ༡༢པའི་ཚེས་༡༤ཉིན་ནས་བཟུང་སྐྱབས་རྗེ་མཁན་ཆེན་ལུང་རྟོགས་བསྟན་པ་གཡུང་དྲུང་རིན་པོ་ཆེ་གཙོས་མཁན་སློབ་རྣམ་པ་དབུ་བཞུགས་ཐོག་མདོ་གཡུང་དྲུང་ཀློང་རྒྱས་ཀྱི་དཀྱིལ་འཁོར་ཞལ་ཕྱེས་ནས་བདེ་གཤེགས་རྒྱལ་བ་རྒྱ་མཚོ་མཉེས་པའི་དངོས་འབྱོར་ཡིད་སྤྲུལ་གྱི་མཆོད་སྤྲིན་རྒྱས་པར་ཕུལ་བ་དང་།ཚེས་༡༥་ཞོགས་པ་སྔ་མོ་ནས་གསོ་སྦྱོང་འཚོགས་པ་དང་། སྒྲུབ་ཁང་ནང་དུ་སྔར་རྒྱུན་ལྟར་དགེ་བཤེས་ཚོ་གཅིག་གིས་བོན་སྐྱོང་གི་ཚོགས་འཁོར་བཏང་བ་དང་། ཕྱག་ཚོད་༠༩པའི་ཐོག་མཁན་སློབ་འདུས་པ་རྒྱ་མཚོ་དང་ལྷ་སྡེ་མི་མང་རྣམས་སེར་ཕྲེང་ཆེན་མོར་མཉམ་ཞུགས་གནང་། དེ་རྗེས་ཕྱག་ཚོད་༡༠ཐོག་གཙུག་ལག་ཁང་དུ་གཡུང་དྲུང་བོན་གྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་གི་བཤད་སྒྲུབ་འདུས་སྡེའི་སྐབས་བཅུ་གསུམ་པའི་སྒྲུབ་ཐོན་གྱི་མཛད་སྒོ་དབུ་བཙུགས་ཏེ། ཡ་ངལ་དྲང་སྲོང་དགེ་བཤེས་རྒྱལ་གཤེན་བསྟན་འཛིན་རྣམ་རྒྱལ་དང་། འབེ་ཚ་དྲང་སྲོང་དགེ་བཤེས་ཚུལ་ཁྲིམས་རྣམ་དག ཨ་སྐྱིད་དྲང་སྲོང་དགེ་བཤེས་སེམས་དཔའ་རྒྱལ་མཚན་ནོར་བུ། རྒྱ་སྟོད་དྲང་སྲོང་དགེ་བཤེས་དགེ་ལེགས་ཡོན་ཏན་དཔལ་འབྱོར། རྨ་རུ་དྲང་སྲོང་དགེ་བཤེས་ཡེ་ཤེས་རྒྱ་མཚོ་མཐའ་ཡས། ལྷ་ལྡོང་དྲང་སྲོང་དགེ་བཤེས་ཚུལ་ཁྲིམས་རྒྱལ་མཚན་དཔལ་ལྡན། སྨན་པ་དྲང་སྲོང་དགེ་བཤེས་འོད་ཟེར་མི་ནུབ་རྒྱལ་མཚན། བློ་གྲོས་ཀུན་བཟང་རྒྱ་མཚོ། བྱི་མོལ་གཡུང་དྲུང་ཡེ་ཤེས་རྒྱལ་མཚན་མ་འ་ཏ་ར་བཅས་རྣམ་པ་དགུ་འདུས་སྡེ་འདི་ཡི་སྒྲུབ་གྲྭར་ཞུགས་ཏེ་རྫོགས་པ་ཆེན་པོའི་གཞུང་ལུགས་རྣམས་ལ་ཐོས་བསམ་སྒོམ་གསུམ་མཛད་པའི་བཅད་མཚམས་ལེགས་པར་ཟིན་པའི་སྒྲུབ་ཐོན་གྱི་རྟེན་འབྲེལ་མཛད་སྒོ་འཚོགས་ཏེ། ཐོག་མར་སྐྱབས་རྗེ་མཁན་ཆེན་ལུང་རྟོགས་བསྟན་པ་གཡུང་དྲུང་རིན་པོ་ཆེ་གཙོས་པའི་མཁན་སློབ་རྣམ་པ་དང་སྒྲུབ་གྲྭ་བ་ཁོང་རྣམ་པ་གཙུག་ལག་ཁང་དུ་གདན་འདྲེན་ཞུས་ཏེ་སྒྲུབ་གྲྭ་བ་རྣམ་པ་དགུ་ནས་འདུས་མང་ཡོངས་ལ་གསོལ་ཇ་འབྲས་སིལ་དང་སྐུ་འགྱེད་བཅས་ཕུལ། དཔལ་ལྡན་ཁྲི་བརྟན་ནོར་བུའི་རྩེའི་དཔེ་མཛོད་ཁང་ནས་འདུས་མང་ཡོངས་ལ་༧སྐྱབས་རྗེ་ཡོངས་འཛིན་སྨྲ་བའི་སེང་གེའི་ཞལ་གདམས་ཕྱོགས་བསྒྲིགས་༼དཔོན་གསས་བླ་མའི་ཞལ་གདམས་སྙིང་གི་ཐིག་ལེ།༽ ཞེས་པའི་དཔེ་དེབ་དང་། ༼གཡུང་དྲུང་བོན་གྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་དབུ་བརྙེས་ནས་མི་ལོ་ཉེར་ལྔ་འཁོར་བའི་ལོ་རྒྱུས་དྲན་དེབ།༽གཉིས་སྐུ་འགྱེད་ཕུལ། དེ་མཚམས་ནས་སྒྲུབ་གྲྭ་བ་ཁོང་རྣམ་པ་དགུ་ལ་གདན་ས་ཁྲི་བརྟན་ནོར་བུའི་རྩེའི་བླ་བྲང་ནས་གཤེན་གྱི་དགེ་སྦྱོར་བའི་མཚན་རྟགས་བསྩལ་བའི་གསུང་ཕྲིན་འཚོགས་ཆེན་དགེ་སྐོས་གཞུང་ཆེན་ཆེད་སྦྱོང་གི་སློབ་ཐོན་པ་དགེ་བཤེས་ཚུལ་ཁྲིམས་རྒྱ་མཚོ་ལགས་ནས་སྒྲོག་སྦྱང་གནང་ཏེ་སྒྲུབ་གྲྭ་བ་ཁོང་རྣམ་པ་དགུ་ལ་གཤེན་གྱི་དགེ་སྦྱོར་བའི་མཚན་རྟགས་བསྩལ་ཏེ་སྐྱབས་རྗེ་མཁན་ཆེན་ལུང་རྟོགས་བསྟན་པ་གཡུང་དྲུང་རིན་པོ་ཆེ་མཆོག་ནས་ཕྱག་འཁྱེར་དང་། མཁན་སློབ་རྣམ་པས་རྟེན་འབྲེལ་ལེགས་མཚོན་གྱི་མགུལ་དར་དང་བྱིན་མདུད་བཅས་གནང་། སྐྱབས་རྗེ་མཁན་ཆེན་ལུང་རྟོགས་བསྟན་པ་གཡུང་དྲུང་རིན་པོ་ཆེས་གཤེན་གྱི་དགེ་སྦྱོར་བ་རྣམས་ལ་འདི་ཕྱིའི་ལམ་སྟོན་གྱི་བཀའ་སློབ་བཀའ་དྲིན་བསྩལ། དེ་ནས་སྨོན་ལམ་གསུངས་ནས་འཚོག་གྲོལ་ཏེ་གཤེན་གྱི་དགེ་སྦྱོར་བ་རྣམས་ཚོགས་ཁང་གསར་པའི་ནང་གདན་འདྲེན་ཞུས་ནས་ཁྲི་རུ་བཞུགས་སུ་གསོལ་ཏེ་སྐྱ་སེར་མི་མང་ཡོངས་ཀྱིས་མཇལ་ཁ་ཞུས་ནས་རྟེན་འབྲེལ་ལེགས་མཚོན་གྱི་ཁ་བཏགས་ཕན་ཐོགས་བཅས་ཕུལ་ནས་སྒྲུབ་ཐོན་གྱི་མཛད་སྒོ་མཇུག་གྲུབ། ཉིན་རྒྱབ་འདུས་མང་ནས་ཨ་རྫོགས་སྙན་གསུམ་དབྱངས་ལ་བསྐྱོན་ནས་གསུངས་པ་དང། རྒྱལ་ཕྱི་ནང་གི་དད་ལྡན་མི་མང་རྣམས་ལ་སྐྱབས་རྗེ་མཁན་ཆེན་ལུང་རྟོགས་བསྟན་པ་གཡུང་དྲུང་མཆོག་གིས་སྟོན་པའི་མཛད་རྣམ་དང་འབྲེལ་བའི་བོན་ཁྲིད་གནང་། དགོང་མོ་བླ་མ་མཆོད་པ་གསུངས་ཏེ་གཤེན་རབ་མཆོད་རྔ་བརྡུངས་རྗེས་སྣང་གསལ་སྒྲོན་མེ་དང་། མཆོད་གློག་སྤར་ནས་སྟོན་པའི་རྒྱལ་པོ་དབྱངས་སུ་གྱེར་བཞིན་སྒོ་གསུམ་དགེ་བའི་ལས་ལ་བསྲེས་ཏེ་གཤེན་གྱི་འཁྲུངས་མཆོད་ཆེན་མོ་སྲུང་བརྩི་ཟབ་རྒྱས་ཞུས་པ་དང་སྒྲུབ་ཐོན་མཛད་རིམ་ལེགས་པར་གྲུབ་པ་བཅས་ཀྱི་གནས་བསྡུས་སུ།

ཁྱུང་ཁྲི་ལྡེས༢༠༢༠། ༠༢། ༠༩། ཉིན་སྤེལ།། །།

པར་པ་ཁྱུང་ཐོག་རྒོད།

(སྤྱིའི་གཟིགས་གྲངས། 1,140 དེ་རིང་། 1)

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
________བས…
error: རྩོམ་འདི་བདག་དབང་ཅན་ཡིན།