གངས་ཅན་ཏི་སེ་རྒྱལ་སྤྱིའི་སློབ་གྲྭ་ནས་ཏོག་དབྱིབས་ནད་འགོག་བཀག་སྡོམ་གྱི་དཀའ་ངལ་འོག་གི་ས་གནས་མི་མང་ལ་འཚོ་བའི་རོགས་སྐྱོར་གནང་བ།
དུས་ཡུན་ཐུང་ཐུང་ཞིག་གི་ནང་དུ་འཛམ་གླིང་གང་སར་ཏོག་དབྱིབས་རིམས་ནད་འགོས་ཁྱབ་བྱུང་ནས་བཟུང་ཕྱི་ལོ་ ༢༠༢༠ ༥ ༣ སྔ་དྲོའི་ཆུ་ཚོད་ ༩ ཚུན་ལ་མི་གྲངས་ ༣༤༨༣༩༣༥ ཙམ་ལ་ནད་ངན་འགོས་ཡོད་པ་དང་། མི་གྲངས་ ༢༤༤༧༧༣ ཙམ་རྐྱེན་ལམ་དུ་སོང་བའི་གནས་ཚུལ་ཐོན་ཏེ་འཛམ་གླིང་ཁྱོན་ཡོངས་ལ་མི་རྒྱུ་གཉིས་ཀར་དཀའ་ངལ་ཚབ་ཆེན་བྱུང་བའི་སྐབས་འདིར། ཕྱི་ནང་གི་རྒྱལ་ཁབ་མང་པོ་ཞིག་གིས་ནད་ཡམས་དེ་འགོག་སྲུང་གི་ཆེད་དུ་ཁྱིམ་སྡོད་བཀའ་རྒྱ་བཀྲམས་ནས་དུས་ཡུན་རིང་པོ་ཕྱིན་པས་འཛམ་གླིང་གི་མི་སེར་མང་པོ་ཞིག་ལ་ཁ་ཟས་སོགས་ཀྱིས་བཀའ་ངལ་འཕྲད་དང་འཕྲད་བཞིན་པ་རྒྱལ་ཁབ་སོ་སོའི་གསར་ཁང་ལས་གསལ་བ་ལྟར་རེད། དེ་ལ་འབྱོར་ལྡན་གཏོང་ཕོད་ཅན་མང་པོ་ཞིག་གིས་ཁ་ཟས་དང་སྡོད་ཁང་སོགས་ཀྱིས་རོགས་སྐྱོར་བྱས་དང་བྱེད་མུས་སུ་ལགས། དེ་བཞིན་འདི་གར་རྒྱ་གར་བྱང་ཤར་ West Bengal ,India ཝིའི་སི་བྷིན་གྷལ་མངའ་སྡེར་ཡོད་པའི་ tise himalayan lnternational school གངས་ཅན་ཏི་སེ་རྒྱལ་སྤྱིའི་སློབ་གྲྭའི་འགན་འཛིན་ཤེས་རིག་ཕུན་ཚོགས་གླིང་གི་ཚོགས་མི་རྣམས་ལ་༧སྐྱབས་རྗེ་མཁན་རིན་པོ་ཆེ་ལུང་རྟོགས་བསྟན་པ་གཡུང་དྲུང་མཆོག་གིས་བཀའ་སློབ་སྤྱི་བོར་བབས་པ་ལྟར། ཕྱི་ལོ་ ༢༠༢༠ ༥ ༣ ཉིན་ས་གནས་འདིའི་ཡུལ་མི་ཉམ་ཐག་དུད་ཚང་བརྒྱ་དང་དང་ལྔ་བཅུ་ཙམ་ལ་ཟ་འབྲུ་འབྲས་དང་རྡ་ལི་ཟ་སྣུམ་སོགས་ཀྱིས་རོགས་སྐྱོར་བྱས་ཡོད་པ་དང་། དེ་བཞིན་གངས་ཅན་ཏི་སེ་རྒྱལ་སྤྱིའི་སློབ་གྲྭའི་སློབ་མ་རྣམས་ཀྱིས་ཀྱང་མི་འདོད་ནད་ཀྱིས་མནར་བའི་འགྲོ་བ་སྤྱི་དང་ལྷག་པར་དུ་ད་རེས་ཀྱི་ནད་ཡམས་ཀྱིས་ཟིན་པའི་འཛམ་གླིང་གི་ནད་པ་རྣམས་མྱུར་དུ་ནད་ལས་གྲོལ་བ་སོགས་ཀྱི་ཆེད་དུ་ཉི་མ་རེ་རེའི་སྔ་དགོང་གཉིས་སུ་སྲིད་རྒྱལ་དྲག་སྔགས་གསོག་སྒྲུབ་སོགས་ཀྱི་སྒོ་ནས་ཞབས་རིམ་བསྒྲུབས་དང་སྒྲུབ་མུས་སུ་ལགས་སོ།།
རིག་པའི་མེ་ལྕེ་ནས་ཕྱི་ལོ་ ༢༠༢༠ ༥ ༣ ཉིན།