ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

གདན་ས་ཁྲི་བརྟན་ནོར་བུ་རྩེའི་ཐེངས་དགུ་པའི་དགེ་བཤེས་མཛད་སྒོའི་སྔོན་འགྲོ་ཉིན་གསུམ་པ།

སྔོན་འགྲོའི་མཛད་སྒོ་ཉིན་གསུམ་པ་༢༠༡༧ ཟླ་བ་༣ ཚེས་༨ དང་གཤེན་གྱི་འབྱུང་ལྡན་༣༠༡ བོད་མེ་བྱ་ལོའི་ཧོར་ཟླ་དང་པོ་ཆོ་འཕྲུལ་ཟླ་བའི་ཚེས་བཅུ་གཉིས་ཉིན། ཆེ་རྒྱུད་དྲང་སྲོང་ཤེས་རབ་ཀུན་གསལ་ཉི་མ།  ཁ་ལྕེ་དྲང་སྲོང་ཁྲི་ལྡེ་གཙུག་བརྟན་རྣམ་རྒྱལ་རྣམ་གཉིས་ཀྱི་དགེ་བཤེས་སྔོན་འགྲོའི་མཛད་སྒོ་ཡིན་ལ། ཞོགས་པ་ཆུ་ཚོད་དགུ་པའི་ཐོག་སྐྱབས་རྗེ་མཁན་རིན་པོ་ཆེ་ལུང་རྟོགས་བསྟན་པ་གཡུང་དྲུང་དང་། དཔོན་སློབ་ཚངས་པ་བསྟན་འཛིན། སྒྲུབ་མཁན་ཚུལ་ཁྲིམས་བསྟན་འཛིན། བཤད་སྒྲུབ་མཁན་སློབ་རྣམ་གཉིས་དང་བཀའ་རམས་པ་གཉིས་བཅས་སྤོས་དང་རྒྱལ་གླིང་གིས་སྣ་དྲངས་ཏེ་གཙུག་ལག་ཁང་དུ་གནས་འདྲེན་ཞུས་ཏེ་སྐྱབས་གནས་དགེ་འདུན་ཀྱི་སྡེ་དང་། སྐུ་མགྲོན་གཙོ་བོ་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་ཁྲིམས་ཞིབ་པ་ཆེ་བ་ཟུར་པ་དང་བོད་མི་དམངས་ཀྱི་སྤྱི་འཐུས་ཚོགས་གཞོན་ཟུར་པ་སྐུ་ངོ་བྱ་དུར་བཟང་པོ་དང་། བོན་གྱི་སྤྱི་འཐུས་བ་ར་ཚེ་དབང་བཀྲ་ཤིས་གཙོས་པའི་རྒྱལ་ཕྱི་ནང་དང་ཧི་མ་ལ་ཡའི་རི་བརྒྱུད་ནས་ཕེབས་པའི་སྐུ་མགྲོན་རྣམ་པ་བཅས་ཚོགས་ཁང་ནང་མཉམ་དུ་འཛོམས་རྗེས་ཟབ་ཇ་དང་འབྲས་སིལ་འདེགས་འབུས་ཞུས། ཆེ་རྒྱུད་དྲང་སྲོང་ཤེས་རབ་ཀུན་གསལ་ཉི་མ་དང་།  ཁ་ལྕེ་དྲང་སྲོང་ཁྲི་ལྡེ་གཙུག་བརྟན་རྣམ་རྒྱལ་རྣམ་གཉིས་ཀྱིས་བཀའ་ཆེན་བཀའ་ཆུང་བྱས་ཏེ་སྔོན་འགྲོའི་བཤད་པ་གྱེར་ཞིང་སྐུ་འགྱེད་དང་། ཉིན་གུང་ཆུ་ཚོད་བཅུ་གཉིས་ཐོག་གཏོང་སྒོ་ཆེན་མོ་བཏང་། ཉིན་རྒྱབ་ཆུ་ཚོད་གསུམ་པའི་ཐོག་མཁན་སློབ་རྣམ་པ་འཚོགས་ཁང་ནང་གདན་འདྲེན་ཞུས་ཏེ་སྐྱ་སེར་མི་དམངས་ཡོངས་ལ་བཀྲ་ཇ་དང་བཞེས་ཏོག་ཕུལ་ཞིང་བཀྲ་ཤིས་བསྔོ་སྨོན་གྱིས་མཐའ་རྒྱན་ནས་བཀའ་རམས་པ་གཉིས་ཀྱི་སྔོན་འགྲོའི་མཛད་སྒོ་མཇུག་གྲུབ་པར་བྱས།

བཀའ་རམས་པ་རྣམ་གཉིས་ཀྱི་ངོ་སྤྲོད་སྙིང་བསྡུས།

ཆེ་རྒྱུད་དྲང་སྲོང་ཤེས་རབ་ཀུན་གསལ་ཉི་མ་མཆོག་ནི་སྐྱེས་ཡུལ་བོད་མདོ་ཁམས་ཆུ་བཞི་སྒང་དྲུག་ནང་ཚན་དངུལ་རྫ་ཟལ་མོའི་སྒང་རྒྱུད་ཚོ་བ་སུམ་ཅུ་སོ་དགུའི་སྡེ་ཚོ་ཁྲོམ་ཤོག་བཞིའི་ཡ་རྒྱལ་ཁྲོམ་སྟོད་འགག་གོང་སྐོང་ཆེན་མདའ་ལ་སྤྱི་ལོ་/༡༩༧༢/ཟླ་བ་༨/ཚེས/༡/ཉིན་སྐྱེས།  ༡༩༨༣ནས་/བསོད་ནམས་དབང་གིས༧བཀའ་དྲིན་སུམ་ལྡན་དྲིན་ཆེན་རྩ་བའི་བླ་མ་སྐྱབས་རྗེ་ཉི་མ་ཚུལ་ཁྲིམས་རིན་པོ་ཆེ་མཆོག་གི་དྲུང་དུ་སྔོན་འགྲོ་འབུམ་དགུ་ཆ་ཚང་བསགས་སྦྱངས་དང་འཕོ་བ་བཅས་སྦྱངས་པ་མཛད། ༡༩༩༢་ལོར་༧གསང་གསུམ་བསྟན་པའི་བདག་ཉིད་སྐྱབས་རྗེ་ཡོངས་རིན་པོ་ཆེ་མཆོག་གི་སྐུ་མདུན་ནས་རབ་བྱུང་སྡོམ་པ་བླང་བ་དང་ཁྲོམ་དགོན་གཡུང་དྲུང་ཀུན་གྲགས་གླིང་དུ་ཡི་གེ་འབྲི་ཀློག་སྦྱང་པ་མ་ཟད་གནས་ཆེན་ཀོང་པོ་བོན་རི་བསྐོར་བརྒྱ་དང་སྤུ་རྒྱལ་རྐྱང་ཕྱག་་དང་ཤེལ་ལེ་རྒྱ་དཀར་ལ་གནས་བསྐོར་སོགས་གང་ཐུབ་བྱས། སྟོད་ཀྱི་རྟོགས་ལྡན་རྣམ་གསུམ་ནང་ཚན་ཁ་བོ་རྟོགས་ལྡན་དྲུང་དུ་དངོས་གཞི་དང་གཏུམ་མོའི་ཉམས་ལེན་རྩ་རླུང་ཞག་བརྒྱ་བཅས་སྦྱངས། རག་ཤི་རྟོགས་ལྡན་དྲུང་དུ་འཕོ་བ་སོགས་བོན་སྤྱོད་དུ་མ་སྦྱངས། ༢༠༠༠ལོར་གྲོགས་མཆེད་འགའ་ཞིག་མཉམ་དུ་བལ་ཡུལ་བོན་དགོན་ཁྲི་བརྟན་ནོར་བུའི་རྩེར་འབྱོར་ཏེ་རིགས་བརྒྱའི་ཁྱབ་བདག་འགྲོ་བའི་མགོན་པོ་སྨན་རིའི་སློབ་དཔོན་བསྟན་འཛིན་རྣམ་དག་རིན་པོ་ཆེ་མཆོག་གསེར་ཞལ་མངོན་སུམ་དུ་མཇལ་བས་དགའ་བ་དཔག་མེད་དུ་གྱུར། ལོར་དེར་བཤད་སྒྲུབ་སྒྲིག་ཁོངས་ཞུགས་ནས་༢༠༡༧/བར་དུ་སྡུད་གྲྭ་རྟགས་རིགས་ཚད་མ་ས་ལམ་ཕར་ཕྱིན་དབུ་མ་མཛོད་འདུལ་བ་སྔགས་རྫོགས་སོགས་གཞུང་ཆེན་དང་མིང་གཞི་བརྡ་སྤྲོད་སྙན་ངག་རྩིས་དཀར་ནག་སྒྲ་རིག་པ་མཆོད་རྟེན་དཀྱིལ་འཁོར་སྨན་སོགས་རིག་གནས་ཆེ་བ་ལྔ་དང་ཆུང་བ་ལྔ་སོགས་སྦྱང་བ་མཐར་ཕྱིན། རྗེ་བླ་མ་ཡོངས་འཛིན་སྨྲ་བའི་དབང་པོའི་མདུན་ནས་གཡུང་དྲུང་བོན་གྱི་ཕྱི་ནང་གསང་གསུམ་གྱི་དབང་ཆ་ཚང་དང་ཨ་སྙན་རྫོགས་གསུམ་མདོ་སྔགས་རྫོགས་གསུམ་གྱི་ཁྲིད་ལུང་དུ་མ་ཐོབ། སྐྱབས་རྗེ་སྨན་རིའི་མཁན་སློབ་རྣམ་གཉིས་མདུན་ནས་དགེ་སློང་སྡོམ་པ་ཞུས། དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེའི་བཤད་སྒྲུབ་འདུས་སྡེ་སྐབས་བཅོ་བརྒྱད་པའི་བཤད་གྲྭའི་དགེ་སྐོས་ཀྱི་འགན་ཡང་བཞེས་མྱོང་། འདི་ལོར་བཀའ་རབས་འབྱམས་པ་དགེ་བའི་བཤེས་གཉེན་ཆེན་མོ་མཚན་རྟགས་བཞེས་པའི་སྐལ་བཟང་ཐོབ།

ཁ་ལྕེ་དྲང་སྲོང་ཁྲི་ལྡེ་གཙུག་བརྟན་རྣམ་རྒྱལ་མཆོག་ནི། བོད་ལྗོངས་ཆབ་མདོ་སྟེང་ཆེན་རྫོང་ཁྲི་འགང་གཤང་སེར་ཁམ་ཚུན་དུ་༡༩༨༠ལོ་ལ་ཁྱུང་ཡུལ་དུ་སྐྱེས། ༡༩༩༩ལོ་ལ་རང་བྱུང་གི་སྡོམ་པ་ཞུས། ༢༠༠༠ལོ་ལ་བལ་ཡུལ་དུ་འབྱོར་ནས༧སྐྱབས་རྗེ་སྨན་རིའི་ཡོངས་འཛིན་རིན་པོ་ཆེ་མཆོག་དང་སྐྱབས་རྗེ་མཁན་རིན་པོ་ཆེ་ལུང་རྟོགས་བསྟན་པ་གཡུང་དྲུང་མཆོག་རྣམ་གཉིས་གསེར་ཞལ་མཇལ་བའི་སྐལ་བཟང་གི་གོ་སྐབས་ཐོབ་ནས་རབ་བྱུང་གི་སྡོམ་པ་ཞུས། དེ་ནས་དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེའི་བཤད་སྒྲུབ་འདུས་སྡེའི་སྒྲིག་ཁོངས་སུ་ཞུགས་ནས་མདོ་སྔགས་སེམས་གསུམ་དང་ཐུན་མོང་རིག་གནས་དང་བཅས་སྦྱངས་བརྩོན་བྱས།
གསང་གསུམ་བོན་གྱི་མཛོད་འཛིན༸སྐྱབས་རྗེ་སྨན་རིའི་ཡོངས་འཛིན་སློབ་དཔོན་བསྟན་འཛིན་རྣམ་དག་རིན་པོ་ཆེ་མཆོག་དང་ཁྲི་བརྟན་ནོར་བུ་རྩེའི་མཁན་སློབ་རྣམ་པའི་མདུན་ནས་དགེ་སློང་གི་སྡོམ་པ་ཞུས།  ཞོར་དུ་གཡུང་དྲུང་བོན་གྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་གི་སྐབས་བཅུ་དྲུག་པའི་བཤད་སྒྲུབ་འདུས་སྡེའི་དགེ་སྐོས་ལོ་གཅིག་གྲྭ་ཚང་གི་མགྲོན་གཉེར་ལོ་གཅིག་ལ་བྱས། ༢༠༡༡རྩོད་རྒྱུགས་ཨང་དང་པོ་ཐོབ། ༢༠༡༦བྲིས་རྒྱུགས་ཨང་དང་པོ་ཐོབ། གདན་ས་ཆེན་པོ་དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེའི་སྐྱབས་རྗེ་མཁན་སློབ་རྣམ་པ་དང་དགེ་རྒན་གྲྭ་ཚང་གི་ལས་བྱེད་བཤད་སྒྲུབ་འདུས་སྡེའི་རྒྱུན་ལས་བཅས་ཀྱི་བཀའ་དྲིན་ཉག་ཅིག་ལ་བརྟེན་ནས་ད་ལན་སྤྱི་ལོ་<༢༠༡༧>ལོར་བལ་ཡུལ་བོན་གྱི་འདུས་སྡེ་ཆེན་མོའི་དབུས་སུ་སྐལ་བཟང་དགེ་བའི་བཤེས་གཉེན་གྱི་མཚན་བཏགས་བཞེས་པའི་གོ་སྐབས་བཟང་པོ་ཐོབ། དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེའི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་གི་ཐེངས་དགུ་པའི་དགེ་བཤེས་མཛད་སྒོའི་སྔོན་འགྲོའི་ཉིན་གསུམ་པའི་གནས་བསྡུས་ཁྱུང་ཁྲི་ལྡེས་༢༠༡༧  ༣  ༩ཉིན་སྤེལ།

(སྤྱིའི་གཟིགས་གྲངས། 89 དེ་རིང་། 1)

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
ནང་པ་སངས་ར…
error: རྩོམ་འདི་བདག་དབང་ཅན་ཡིན།