༧གདན་ས་ཁྲི་བརྟན་ནོར་བུ་རྩེའི་ཡིག་རྒྱུགས་ཆེན་མོའི་གནས་བསྡུས།
གཡུང་དྲུང་བོན་གྱི་གདན་ས་ཆེན་མོ༸དཔལ་ལྡན་ཁྲི་བརྟན་ནོར་བུའི་རྩེའི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་གི་འཆར་ཅན་བཞིན་སློབ་གཉེར་བ་རྣམས་ཀྱིས་འཆད་སྦྱོང་གི་བགྲོ་གླེང་དང་། རྩོད་སྦྱོང་གི་འཆད་ར་དང་དམ་བཅའ། རྩོམ་སྦྱོང་གི་རྩོམ་རྒྱུགས་དང་།དེ་བཞིན་ལོ་དེབ་བགྲེས་པོའི་འབེལ་གཏམ་བཅས་འདོན་སྤེལ་བྱེད་དེ། སློབ་གཉེར་གྱི་མཐུན་སྒོ་ཇེ་ཚང་དུ་གཏོང་ནས་སློབ་པ་སློབ་གཉེར་བྱེད་དེ་འཆད་རྩོད་གསུམ་གྱི་སྒོ་ནས་རྒྱལ་བསྟན་འཛིན་སྐྱོང་སྤེལ་བའི་ཐར་ལམ་ལ་འབད་པ་དང་།
དེ་བཞིན་ཐོས་བསམ་གཅིག་པུས་རྒྱལ་བསྟན་རང་རྒྱུད་པ་སྨིན་པའི་ཐབས་མེད་པར་སོང་། ཐོས་དོན་རྒྱུད་ལ་སྦྱར་བའི་སྒོམ་སྒྲུབ་བྱེད་པའི་སྒྲུབ་གྲྭའི་སྡེ་བཟུང་སྟེ་ཐུན་བཞིའི་ཉམས་ལེན་དང་སྦྱིན་པ་རྣམ་བཞིའི་སྒོ་ནས་རང་རྒྱུད་སྨིན་ཅིང་གཞན་རྒྱུད་བཀྲོལ་བའི་ཐར་ལམ་ལ་འབད་བཞིན་ཡོད་པ་རེད། ང་ཚོས་མེད་པ་དེ་ཡོད་པ། ཡོད་པ་དེ་འཕེལ་རྒྱས་ཟེར་བ་ནང་བཞིན། སློབ་གཉེར་བ་ཚོར་སློབ་སྦྱོང་ཡར་སྐུལ་གྱི་ཤུགས་སྣོན་འཕར་མ་སྐྱེད་བྱེད་ཅིག་ནི་རྒྱུགས་སྤྲོད་དེ་ཡིན་སྟབས།
སྐབས་བབ་ཀྱི་རྩ་གཞུང་ཁག་དང་། བརྡ་དག་སྙན་གསུམ། རྩིས་དཀར་ནག གཟུངས་གཞུག་དཀྱིལ་འཁོར། སྒྲ་དང་བཟོ་རིག་སོགས་རིག་གནས་ཁག་འཛིན་གྲྭ་སོ་སོའི་སྐབས་དང་བསྟུན་ནས་རྒྱུགས་སྤྲོད་བྱེད་ཀྱི་ཡོད་པ་རེད་ལ། ལྷག་པར་དུ་གཞུང་ཆེན་མདོ་སྔགས་རྫོགས་གསུམ་གྱི་ཚིག་དོན་དཀའ་བའི་གནད་རྣམས་ཆེད་དམིགས་ཀྱིས་དོ་སྣང་འབྱུང་ཕྱིར་ལོ་ལྟར་ཡིག་རྒྱུགས་ཆེན་མོ་དང་རྩོད་རྒྱུགས་ཆེན་མོ་གཉིས་སློབ་གཉེར་བ་ཡོངས་རྫོགས་སྟབས་གཅིག་ཏུ་འཛོམས་ནས་སྔ་རྗེས་སུ་གཏོང་སྲོལ་ཡོད་ལྟར།
འདི་ལོ་སྐབས་ཉེར་གསུམ་པའི་བཤད་སྒྲུབ་འདུས་སྡེའི་ལོ་འཁོར་བྲིས་རྒྱུགས་ཆེན་མོ་དེ། དཔོན་སློབ་རིན་པོ་ཆེ་དང་། བཤད་སྒྲུབ་མཁན་སློབ་རྣམ་གཉིས་དབུས་པའི་རྩ་གཞུང་འཛིན་པའི་སློབ་དཔོན་དང་། རྒྱུགས་ཞིབ་དོ་དམ་པ་བཅས་ཀྱི་སྟངས་འཛིན་འོག་གཤེན་གྱི་འབྱུང་ལྡན་༣༠༡། བོད་མེ་བྱ་ལོའི་ཧོར་ཟླ་༦ཚེས་༢༩སྟེ། སྤྱི་ལོ་༢༠༡༧ཕྱི་ཟླ་༨ཚེས་༢༠། རེས་གཟའ་ཉི་མ་ཉིན་སྔ་དྲོའི་ཕྱག་ཚོད་༥།༣༠ནས་དབུ་བཙུགས་ཏེ་ཆུ་ ཚོད་གསུམ་རིང་བཏང་།
དེ་བཞིན་གཞི་རིམ་སྔོན་འགྲོའི་སློབ་གྲྭ་ལ་དེ་རིང་ཡིག་ཚད་བཏང་ནས་མཇུག་ལེགས་པར་གྲུབ་པ་བཅས་ཀྱི་གནས་བསྡུས་སུ་ཁྱུང་ཁྲི་ལྡེས་༢༠༡༧། ༠ ༨ ། ༢༠། ཉིན་སྤེལ།། །།