ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

གདན་ས་ཁྲི་བརྟན་ནོར་བུའི་རྩེའི་སྐབས་བཅུ་པའི་དགེ་བཤེས་མཛད་སྒོ་ཆེན་མོ་ཉིན་ལྔ་པ།

གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་དཔལ་ལྡན་ཁྲི་བརྟན་ནོར་བུའི་རྩེའི་སྐབས་བཅུ་པའི་དགེ་བཤེས་མཛད་སྒོ་ཆེན་མོ་ཉིན་ལྔ་པ།

ཕྱི་ལོ་ ༢༠༡༩ ཟླ་བ་ ༠༢ ཚེས་ ༡༥ཉིན་སྔ་དྲོ་ཕྱག་ཚོད་དགུ་ཐོག་༸སྐྱབས་རྗེ་མཁན་སློབ་རྣམ་པ་དང་བཀའ་རམས་པ་རྣམ་པ་བཅས་སྤྱན་རྒྱ་སྤོས་མེས་སྣ་དྲངས་ཏེ་གཙུག་ལག་ཁང་དུ་གདན་འདྲེན་ཞུས། དེ་བཞིན་སྐྱབས་གནས་དགེ་འདུན་ཀྱི་སྡེ་དང་། སྐུ་མགྲོན་གཙོ་བོ་བོད་མིའི་སྒྲིག་འཛུགས་ཀྱི་ཁྲིམས་ཞིབ་པ་ཆེ་བ་ཟུར་པ་དང་བོད་མི་དམངས་ཀྱི་སྤྱི་འཐུས་ཚོགས་གཞོན་ཟུར་པ་སྐུ་ངོ་བྱ་དུར་བསོད་ནམས་བཟང་པོ་དང་། གཡུང་དྲུང་བོན་གྱི་སྤྱི་འཐུས་བ་ར་ཚེ་དབང་བཀྲ་ཤིས། རྒྱ་ཞིག་སྤྲུལ་སྐུ་བསོད་ནམས་ཉི་མ་རིན་པོ་ཆེ་འཁོར་སློབ་གཙོས་བོད་ཕྱི་ནང་གཉིས་དང་ཧི་མ་ལ་ཡའི་རི་བརྒྱུད་ནས་ཕེབས་པའི་སྐུ་མགྲོན་རྣམ་པ་བཅས་ཚོགས་ཁང་ནང་མཉམ་དུ་འཛོམས་རྗེས་གཟབ་ཇ་དང་འབྲས་སིལ་འདེགས་འབུས་ཞུས། སྐྱབས་རྗེ་སློབ་དཔོན་རིན་པོ་ཆེས་མཆོད་ཚིག་གིས་དབུ་བཙུགས་ཏེ་བཀའ་རམས་པ་ཁུ་དགུའི་དྲང་སྲོང་ཤེས་རབ་གཙུག་ཕུད་མཆོག་རྒྱལ། བཀའ་རམས་པ་དྲེ་བོ་དྲང་སྲོང་སྐལ་བཟང་གཡུང་དྲུང་བློ་གསལ། བཀའ་རམས་པ་མེ་སྟོན་དྲང་སྲོང་ལུང་རྟོགས་ཀུན་གསལ་ཉི་མ་གསུམ་གྱིས་སྔོན་འགྲོའི་བཤད་པ་གྱེར་ཏེ་སྐུ་འགྱེད་ཕུལ་བ་དང་། ཉིན་གུང་ཆུ་ཚོད་བཅུ་གཉིས་ཐོག་གཏོང་སྒོ་ཆེན་མོ་བཏང་། ཉིན་རྒྱབ་ཆུ་ཚོད་གསུམ་པའི་ཐོག་མཁན་སློབ་རྣམ་པ་འཚོགས་ཁང་ནང་གདན་ཞུས་བྱས་ཏེ་སྐྱ་སེར་མི་དམངས་ཡོངས་ལ་བཀྲ་ཇ་དང་བཞེས་ཏོག་ཕུལ་ནས་བཀྲ་ཤིས་བསྔོ་སྨོན་གྱིས་མཐའ་བརྒྱན་ཏེ་བཀའ་རམས་པ་གསུམ་གྱི་སྔོན་འགྲོའི་མཛད་སྒོ་གྲུབ། 

བཀའ་རམས་པ་ཁུ་དགུའི་དྲང་སྲོང་ཤེས་རབ་གཙུག་ཕུད་མཆོག་རྒྱལ་ལགས་ནི། ཕྱི་ལོ ༡༩༨༡ ༡ ༢༩ ཉིན་ལི་ཐང་བཞག་གསར་ཁུ་དགུའི་ཚང་ཕ་ཤེས་རབ་བཟང་པོ་དང་མ་སྒྲོལ་དཀར་ལྷ་མོ་གཉིས་ལ་སྐྱེས་ཤིང་། ཆུང་དུས་སུ་ཕ་ཤེས་རབ་བཟང་པོའི་མདུན་ནས་ཤེས་རིག་གི་ཐོག་མ་ཡི་གེ་འབྲི་ཀློག་སོགས་སྦྱངས། རང་ལོ་བཅུ་གསུམ་སྐབས་སུ་འགྲོ་མགོན་དགོན་པའི་ཚོགས་གྲལ་དུ་ཞུགས། ༢༠༠༣ལོར་གདན་ས་ཆེན་པོ་དཔལ་ལྡན་ཁྲི་བརྟན་ནོར་བུའི་རྩེར་འབྱོར་ནས་གསང་གསུམ་བོན་གྱི་མཛོད་འཛིན་༧སྐྱབས་རྗེ་ཡོངས་འཛིན་རིན་པོ་ཆེའི་གསེར་ཞལ་མཇལ་ཏེ་གཙང་མ་གཙུག་ཕུད་ཀྱི་སྡོམ་པ་ཞུས་ནས་བཤད་སྒྲུབ་འདུས་སྡེའི་སྒྲིག་ཁོངས་སུ་ཞུགས། ༢༠༠༩ ལོ་༧ རྒྱལ་བ་སྨན་རི་བའི་མཁན་སློབ་ཉི་ཟླ་ཟུང་འབྲེལ་ལྷན་འཛོམ་གྱི་སྐལ་བཟང་ཉིན་མོར་དགེ་འདུན་པ་བརྒྱ་ལ་ཉེ་བ་ཞིག་དང་མཉམ་དུ་དག་པ་དྲང་སྲོང་གི་སྡོམ་པ་ཞུས། ༧སྐྱབས་རྗེ་ཡོངས་འཛིན་རིན་པོ་ཆེ་དབུས་པའི་མཁན་སློབ་བཤེས་གཉེན་རྣམ་པའི་དྲུང་དུ་མདོ་སྔགས་སེམས་གསུམ་གྱི་གཞུང་ལ་ཐོས་བསམ་སློབ་གཉེར་བྱེད་ཞོར་དུ་བཤད་སྒྲུབ་འདུས་སྡེའི་དགེ་སྐོས་ཀྱི་འགན་དང་། གཞི་རིམ་སྔོན་འགྲོའི་སློབ་གྲྭའི་དགེ་རྒན་དང་རིག་ལམ་སྔོན་འགྲོའི་འཛིན་གྲྭའི་དགེ་རྒན་བཅས་ཀྱི་འགན་ཡང་བཞེས་མྱོང་། ༢༠༡༧ ལོར་མཚན་ཉིད་ཀྱི་དཔེ་ཁྲིད་རྫོགས་རྗེས་སྒྲུབ་གྲྭར་ཞུགས་གནང་། ༢༠༡༩ ༡ ༢༡ ཉིན་༧ སྐྱབས་རྗེ་ཡོངས་འཛིན་སྨྲ་བའི་དབང་པོ་དབུ་བཞུགས་ཐོག་མཁན་སློབ་རྣམ་པའི་མདུན་ཏུ་རིག་གནས་རྒྱུགས་སྤྲོད་ཀྱི་སྒྲ་འཁོར་སོགས་སྤྱན་འབུལ་ཞུས་ནས་བརྡ་སྤྲོད་ཀུན་བཤད་ཀྱི་མཚན”ཡེ་གྲོལ་རིག་པའི་དཔའ་བོ་”ཞེས་བསྩལ་བ་སོགས་མདོར་ན་ལོ་ཉི་ཤུ་ལ་ཉེ་བའི་རིང་སློབ་གཉེར་བྱས་པའི་འབྲས་རྟགས་སུ་མི་རིང་བར་གདན་ས་ཆེན་མོ་དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེའི་མཁན་སློབ་དགེ་བའི་བཤེས་གཉེན་རྣམས་དང་གྲྭ་ཚང་འདུས་པ་རྒྱ་མཚོའི་དབུས་ནས་མདོ་སྔགས་རྫོགས་གསུམ་རིག་པའི་གནས་ལྔ་དང་བཅས་ལ་སྦྱངས་པ་མཐའ་རུ་ཕྱིན་པའི་རབ་འབྱམས་དགེ་བའི་བཤེས་གཉེན་གྱི་མཚན་རྟགས་བཞེས་རྒྱུ་ཡིན་པ་བཅས་ངོ་སྤྲོད་གནད་བསྡུས་སུ་བཀོད་པའོ།། ལི་བློ་གསལ་གྱིས། ༢༠༡༩། ༢། ༡༡། ཉིན་བྲིས། 

བཀའ་རམས་པ་དྲེ་བོ་དྲང་སྲོང་སྐལ་བཟང་གཡུང་དྲུང་བློ་གསལ་རང་ཉིད་ནི་ ༡༩༨༥  ལོར་ཕ་དྲེ་བོ་ཚེ་རིང་རྡོ་རྗེ་དང་། མ་ཚེ་རིང་སྒྲོན་མ་གཉིས་ཀྱི་བུ་རུ་མདོ་ཁམས་ཁྱུང་པོའི་ཡུལ་དུ་སྐྱེས། ལོ་བདུན་བརྒྱད་ཙམ་ནས་ཨ་ཕ་དྲིན་ཆེན་ཁོང་གིས་ཡི་གེ་འདོན་རྒྱུ་སློབ་པའི་འགོ་བཙུགས། དེ་ནས་ཁྱུང་པོ་རི་བོ་རྩེ་དྲུག་ཏུ་སོང་ནས་ཨ་མྱེ་དཀོན་མཆོག་ཚེ་འཕེལ་གྱི་དྲུང་ནས་སྔོན་འགྲོའི་བོན་སྤྱོད་དང་ཡི་གེ་འབྲི་ཀློག་སོགས་སྦྱངས། རང་ལོ་བཅུ་གཉིས་ལ་སླེབས་སྐབས་གཡུང་དྲུང་བོན་གྱི་ལྷ་སྐལ་༧སྐྱབས་རྗེ་རྒྱལ་བ་སྨན་རིའི་ཁྲི་འཛིན་༣༣་པ་རིན་པོ་ཆེ་མཆོག་བོད་གངས་ཅན་ལྗོངས་སུ་ཞབས་སོར་འཁོད་པ་དང་བསྟུན། གཙང་མ་གཙུག་ཕུད་ཀྱི་སྡོམ་ཁྲིམས་ཞུས། ལོ་དེར་རང་དགོན་དཔལ་གཤེན་བསྟན་ཁྱུང་དཀར་གཡུང་དྲུང་བསྟན་རྒྱས་གླིང་གི་སྒྲིག་ཁོངས་སུ་ཞུགས། བཀའ་དྲིན་སུམ་ལྡན་གྱི་དགེ་རྒན་དམ་པ་འདན་མ་གཡུང་དྲུང་བསྟན་འཛིན་མཆོག་གིས་བླ་མ་དམ་པ་རྣམས་ཀྱི་རྣམ་ཐར་དང་ཆོ་ག་ཕྱག་ལེན་སོགས་སློབ་ཁྲིད་གནང་། ༡༩༩༩ ལོར་གསང་གསུམ་བོན་གྱི་མཛོད་འཛིན་༧སྐྱབས་རྗེ་ཡོངས་འཛིན་སྨྲ་བའི་དབང་པོ་རིན་པོ་ཆེ་མཆོག་སྟོན་འཁོར་དང་བཅས་པའི་ཞབས་ཟུང་གསེར་གྱི་འཁོར་ལོ་རང་ཡུལ་དུ་འཁོད་ནས། རང་དགོན་མཚན་ཉིད་བཤད་གྲྭ་དབུ་འཛུགས་གནང་བ་དང་དུས་མཚུངས་སུ་གུས་པ་བཤད་གྲྭའི་སྒྲིག་ཁོངས་སུ་ཞུགས། བཀའ་དྲིན་སུམ་ལྡན་གྱི་སློབ་དཔོན་ཆེན་མོ་སྨན་རིའི་དགེ་བཤེས་རྒྱལ་བ་བསྟན་འཛིན་རིན་པོ་ཆེའི་དྲུང་ནས་བསྡུས་རྟགས་ཕར་ཕྱིན་སོགས་ཀྱི་སློབ་ཁྲིད་གསན་སྦྱང་ཞུས། ༢༠༠༧ ལོར་གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེའི་གཡུང་དྲུང་བོན་གྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་གི་བཤད་གྲྭའི་སྒྲིག་ཁོངས་སུ་ཞུགས་རྒྱུའི་སྐལ་བཟང་ཤར། གདན་ས་འདིར་ཐེག་འགྲེལ་འཛིན་གྲྭ་རུ་ཞུགས་ནས་བཀའ་དྲིན་མཚུངས་མེད་ཀྱི་དགེ་རྒན་དང་མཁན་སློབ་རྣམ་པའི་མདུན་ནས་མདོ་སྔགས་སེམས་གསུམ་གྱི་ཁྲིད་ལུང་དབང་སོགས་གྱ་ནོམ་པ་ཐོབ། ༢༠༡༢ ལོར་སྐྱབས་རྗེ་རྒྱལ་བ་སྨན་རིའི་ཁྲི་འཛིན་སོ་གསུམ་པ་རིན་པོ་ཆེ་མཆོག་དང་གསང་གསུམ་བོན་གྱི་མཛོད་འཛིན་སྐྱབས་རྗེ་ཡོངས་འཛིན་རིན་པོ་ཆེ་རྣམ་གཉིས་ཀྱི་དྲུང་ནས་དྲང་སྲོང་གི་སྡོམ་ཁྲིམས་མནོས། ཞོར་དུ་ལོ་བརྒྱད་ཙམ་རིང་རྗེ་བླ་མ་མཆོག་གི་ཞབས་ཕྱི་ཞུས་དང་ཞུ་མུས་ཡིན། ལྷག་པར་དུ་སྨྲ་སེང་མི་ཡི་གར་དུ་བཞེངས་པའི་སྐྱབས་རྗེ་ཡོངས་འཛིན་རིན་པོ་ཆེ་མཆོག་གིས་བླ་མེད་རྫོགས་པ་ཆེན་པོ་དང་གསང་བ་སྔགས་སོགས་ཀྱི་མན་ངག་དམར་ཁྲིད་དག་ཐེངས་གཅིག་གཉིས་ཙམ་མ་ཡིན་པར་ལོ་ལྟར་འཆད་ཁྲིད་མཛད་པ་རྣམས་གདན་ས་འདིར་བཞུགས་ཀྱི་ང་ཚོ་སྐྱབས་འོག་པ་ཐུན་མོང་གི་བགོ་སྐལ་དུ་གྱུར། ༢༠༡༧ ལོར་བཤད་གྲྭའི་སློབ་ཚན་གྲུབ་ནས་སྒྲུབ་གྲྭའི་སྒྲིག་ཁོངས་སུ་ཞུགས། ༢༠༡༨ ལོར་བཀའ་རམས་པའི་མཚན་རྟགས་ཐོབ། རིག་གནས་རྒྱུགས་སྤྲོད་ཀྱི་ཤོག་ཁྲ་སྤྱན་འབུལ་ཞུ་སྐབས་བརྡ་སྤྲོད་ཀུན་བཤད་ཀྱི་མཚན་དུ། “བློ་གྲོས་ངག་གི་དབང་པོ་” ཞེས་གནང་བ་དང་། མི་རིང་བར་སྐལ་བཟང་དགེ་བའི་བཤེས་གཉེན་གྱི་མཚན་རྟགས་བསྩལ་གནང་བའི་སྐལ་བཟང་འཆར་ལ་ཉེ་བ་ལགས་སོ།། སྐལ་བཟང་བློ་གསལ་ནས།

བཀའ་རམས་པ་མེ་སྟོན་དྲང་སྲོང་ལུང་རྟོགས་ཀུན་གསལ་ཉི་མ་མཆོག་ནི། ཁྱུང་ཡུལ་གྱིམ་ཤོད་ཤེལ་ལེ་རྒྱ་སྐར་གྱི་ཤར་ཕྱོགས་རི་རྒྱལ་སྣང་གཉན་གཡུང་དྲུང་གསང་གནས་ཀྱི་མདུན་ཞོལ། ནོར་མ་ཚང་ཞེས་ཡར་མེའི་གདུང་འཛིན་ཡབ་རྣམ་རྒྱལ་གྲགས་པ་དང་། ཡུམ་སྤྱང་བཟའ་ཚེ་དབང་དཔལ་སྒྲོན་གཉིས་ཀྱི་སྲས་སུ་འབྱུང་ལྡན་སུམ་བརྒྱ་གཅིག་རབ་བྱུང་བཅུ་དྲུག་པའི་མེ་སྟག་ལོར་༡༩༨༦ལོར་སྐུ་བལྟམས། མེ་སྟོན་གདན་ས་མཐོང་གྲོལ་རི་ཁྲོད་དགོན་དུ་སྐྱབས་རྗེ་སྨན་རིའི་སློབ་དཔོན་སྐལ་བཟང་ཉི་མའི་མདུན་ནས་རབ་བྱུང་གི་སྡོམ་པ་ཞུས་ཤིང་། ཚུལ་མིང་ལུང་རྟོགས་ཉི་མ་ཞེས་གསོལ། ཡོན་ཏན་ཀུན་གྱི་གཞི་མ་ཡི་གེ་འབྲི་ཀློག་འདོན་གསུམ་དང་བོན་སྤྱོད་ཕྱི་ནང་གསང་གསུམ་གྱི་ཆོ་ག་ཕྱག་ལེན་སོགས་ལ་སྦྱངས་པ་བྱས། རྩ་བའི་བླ་མ་དཀའ་ཐུབ་པ་ཆེན་པོ་ཁུ་བོ་མེ་སྟོན་ལྷུན་གྲུབ་རྒྱལ་མཚན་རིན་པོ་ཆེའི་མདུན་ནས་ཡབ་སྲས་གྱི་སྔོན་འགྲོ་དངོས་གཞི་དང་དབང་ལུང་མན་ངག་དུ་མ་ཞིག་གསན་བཞེས་གནང་ཡོད་པ་དང་། ༢༠༠༠ལོར་རང་དགོན་མཐོང་གྲོལ་གླིང་དུ་སྒྲུབ་གྲྭ་རུ་ཞུགས་ནས་ཤར་རྫ་རིན་པོ་ཆེས་མཛད་པའི་བོན་སྡེ་ཁག་ལ་ཐོས་བསམ་གྱི་སློབ་གཉེར་གནང་བ་དང་། ༢༠༠༤ ལོར་བལ་ཡུལ་བོན་གྱི་གདན་ས་ཆེན་མོ་དཔལ་ལྡན་ཁྲི་བརྟན་ནོར་རྩེ་རུ་ཕེབས་ནས། ༧སྐྱབས་རྗེ་སྨན་རིའི་ཡོངས་འཛིན་ཆེན་མོ་སློབ་དཔོན་བསྟན་འཛིན་རྣམ་དག་རིན་པོ་ཆེ་གསེར་ཞལ་མཇལ་བ་དང་། གཡུང་དྲུང་བོན་གྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་གི་སྒྲིག་ཁོངས་སུ་ཞུགས་ནས་མདོ་སྔགས་སེམས་གསུམ་དང་། ཐུན་མོང་རིག་གནས་ཁག་ལ་སྦྱངས་བརྩོན་གནང་། ༢༠༠༩  ལོར་སྐྱབས་རྗེ་རྒྱལ་བ་སྨན་རིའི་ཁྲི་འཛིན་སོ་གསུམ་པ་མཆོག་དང་སྨྲ་དབང་ཡོངས་འཛིན་ཆེན་མོ་རྣམ་གཉིས་ཀྱིས་གཙོས་མཁན་སློབ་རྣམ་པའི་མདུན་ནས་དག་པ་དྲང་སྲོང་གི་སྡོམ་ཁྲིམས་ཞུས་ཏེ་མཚན་ལ་ལུང་རྟོགས་ཀུན་གསལ་ཉི་མ་ཞེས་གསོལ། མདོར་ན་མི་ལོ་བཅུ་བཞི་རིང་ཐུན་མིན་གྱི་མདོ་སྔགས་རྫོགས་གསུམ་དང་ཐུན་མོང་རིག་པའི་གནས་བཅས་ལ་དགོན་འདིའི་བཅའ་སྒྲིག་བཞིན་སྦྱངས་བརྩོན་གནང་། འདི་ལོ་ ༢༠༡༩ བོད་ས་ཕག་ལོར་བདག་ཅག་གི༧སྟོན་པ་རྣམ་འདྲེན་བརྒྱད་པ་རྒྱལ་བ་གཤེན་རབ་མི་བོ་མཆོག་སྐུ་འཁྲུངས་ནས་མི་ལོ་༡༨༠༣༦འཁོར་བའི་དུས་བཟང་དང་བསྟུན། ༧སྐྱབས་རྗེ་སྨན་རིའི་ཡོངས་འཛིན་སྨྲ་དབང་ཆེན་མོ་མཆོག་དང་། མཁན་ཆེན་ལུང་རྟོགས་བསྟན་པ་གཡུང་དྲུང་རྣམས་གཉིས་གཙོས་མཁན་སློབ་རྣམ་པའི་མདུན་དུ་རིག་གནས་ཀྱི་ཤོག་ཁྲ་རྒྱུགས་སྤྱན་འབུལ་ཞུས་པས་བརྡ་སྤྲོད་ཀུན་བཤད་ཀྱི་མཚན་དུ། “ཡེ་མཁྱེན་འཛུམ་པའི་བློ་ལྡན” ཞེས་སུ་བསྩལ་བ་དང་། མི་རིང་སྐལ་བཟང་དགེ་བའི་བཤེས་གཉེན་གྱི་མཚན་རྟགས་བཞེས་ལ་ཉེ་བ་བཅས་སོ།། ཉི་མིང་པས་བྲིས།

མེ་ལོང་ཡེ་ཤེས་ཤེས་དྲ་བའི་རྩོམ་སྒྲིག་པས་ ༢༠༡༩ ༢ ༡༥ ཉིན་སྤེལ།

པར་པ་ཁྱུང་ཐོག་རྒོད།

93360cookie-checkགདན་ས་ཁྲི་བརྟན་ནོར་བུའི་རྩེའི་སྐབས་བཅུ་པའི་དགེ་བཤེས་མཛད་སྒོ་ཆེན་མོ་ཉིན་ལྔ་པ།
(སྤྱིའི་གཟིགས་གྲངས། 1,194 དེ་རིང་། 1)

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
གཡུང་དྲུང་…
error: རྩོམ་འདི་བདག་དབང་ཅན་ཡིན།