གདན་ས་ཁྲི་བརྟན་ནོར་བུ་རྩེའི་གལ་ཆེའི་གསལ་བརྡ།
༄༅།། གདན་ས་ཆེན་མོ་༧དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེར་གཡུང་དྲུང་བོན་གྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་དབུ་བརྙེས་ནས་མི་ལོ་ཉེར་ལྔ་འཁོར་བའི་དུས་དྲན་མཛད་སྒོའི་ཚོགས་བརྡ།
རྒྱལ་སྤྱིའི་བོན་འབངས་ཡོངས་ལ་ཆེད་ཞུ།
ཕན་བདེ་ཀུན་གྱི་འབྱུང་གནས་སངས་རྒྱས་གཡུང་དྲུང་བོན་གྱི་བསྟན་པའི་སྲོག་ཤིང་ ༧ སྐྱབས་རྗེ་ཡོངས་འཛིན་སྨྲ་བའི་དབང་པོ་མཆོག་གིས་མཁྱེན་བརྩེའི་ཐུགས་བསྐྱེད་ཟབ་མོས་བསྟན་འགྲོའི་བདེ་སྐྱིད་ཁོ་ནའི་ཆེད་དུ་གསང་གསུམ་གྱི་འཕྲིན་ལས་ངལ་མེད་དུ་བསྐྱངས་ཤིང་ཁྱད་པར་དུ་སྨན་རིའི་མཁན་རབས་ལྔ་ཡི་རིང་ལུང་རྟོགས་བོན་གྱི་བདུད་རྩིས་མཁས་གྲུབ་དགེ་བའི་བཤེས་གཉེན་དུ་མ་སྐྱེད་སྲིང་གནང་། གཡུང་དྲུང་བོན་གྱི་འདུལ་སྔགས་རྫོགས་གསུམ་གྱི་བསྟན་པ་ཚང་ལ་མ་ནོར་བའི་བརྒྱུད་པ་བཟུང་སྟེ། དུས་ཟིང་གི་རླུང་ཚུབ་དྲག་པོའི་ཁྲོད་དུ་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེའི་སྒྲོན་མེ་འཇིག་ལ་ཉེ་བ་མྱུར་སྐྱོབ་མཛད་ཅིང་།
རྒྱ་གར་དུ་བོན་གཞིས་ཐོབ་རྒྱལ་གསར་པ་དང་གཡུང་དྲུང་བོན་གྱི་གདན་ས་དཔལ་གཤེན་བསྟན་སྨན་རིའི་གླིང་འཛུགས་བཞེངས་ཀྱིས་རྒྱལ་བ་མཉམ་མེད་ཆེན་པོའི་བཤད་སྒྲུབ་བསྟན་པའི་མེ་ཆེན་སླར་ཡང་འཛམ་གླིང་འདིར་སྤར་བ་སོགས་མཛད་འཕྲིན་དུ་མ་སྤེལ་བའི་ཁོངས་ནས་གཡུང་དྲུང་བོན་གྱི་གདན་ས་༧དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེ་འདི་ཉིད་ ༡༩༨༧ ལོར་བལ་ཡུལ་དུ་ཕྱག་བཏབ་མཛད་པ་དང་། ༡༩༩༤ ལོར་གདན་ས་འདིར་གཡུང་དྲུང་བོན་གྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་གི་བཅའ་བཀོད་མཛད་དེ་བོན་གྱི་མདོ་སྔགས་སེམས་གསུམ་དང་། བཅུ་ཕྲག་རིག་པའི་གནས་བཅས་ལ་སློབ་གཉེར་དང་ཉམས་ལེན་ཆ་ཚང་གནང་སའི་བཤད་སྒྲུབ་འདུས་སྡེ་དབུ་བཙུགས་ཏེ་མི་ལོ་ཉེར་ལྔ་ཧྲིལ་པོར་འཁོར་བ་དང་། མི་ལོ་ཉེར་ལྔའི་རིང་གདན་ས་འདིར་མཁན་སློབ་དགེ་བའི་བཤེས་གཉེན་སྟོན་འཁོར་རྣམས་ཀྱིས་འཆད་རྩོད་རྩོམ་གསུམ་གྱི་སྒོ་ནས་བསྟན་པ་འཛིན་སྐྱོང་སྤེལ་གསུམ་གནང་བའི་ཕྱག་རྗེས་སུ་བཤད་སྒྲུབ་གཉིས་ནས་སློབ་ཐོན་པ་བརྒྱ་ཕྲག་བརྒལ་བ་སྐྱེད་སྲིང་གི་གྲུབ་འབྲས་གཡུར་དུ་ཟ་བ་སྨིན་ཡོད་པ་བཅས་ལ་རྟེན་འབྲེལ་ཞུ་བའི་ཉེར་ལྔའི་དུས་དྲན་མཛད་སྒོ་ཞིག་གཤམ་གསལ་མཛད་རིམ་ལྟར་ ༢༠༢༠ ཟླ་༡ ཚེས་༢༢ ནས་ ༣༠ བར་ཚོགས་གཏན་འཁེལ་བ་དང་། མ་ཟད་སྐབས་དེར་ ༧ སྐྱབས་རྗེ་ཡོངས་འཛིན་རིན་པོ་ཆེ་མཆོག་དགུང་གྲངས་གོ་ལྔར་༼ ༩༥༽ ཕེབས་རྒྱུ་ཡིན་པ་དང་སྟབས་བསྟུན་ ༧ སྐྱབས་རྗེ་མཆོག་ལ་བཀའ་དྲིན་རྗེས་དྲན་དང་སྐུ་ཚེའི་ཞབས་བརྟན་ཆེད་མཎྜལ་བརྟན་བཞུགས་རྒྱས་འབུལ་ཞུ་རྒྱུ་བཅས་ལགས་ན་འཛམ་གླིང་ཡུལ་གྲུ་ཁག་ལ་གནས་པའི་དད་ལྡན་མང་ཚོགས་དང་དགའ་ཉེ་བློ་དཀར་ཆེད་ཕེབས་གནང་མཁན་ཡོངས་ལ་དགའ་བསུ་ཞུ་རྒྱུ་དང་།
མཛད་སྒོའི་ཐོག་ངོ་ཕེབས་གནང་ཐུབ་མིན་ལ་མ་ལྟོས་པར་དད་ལྡན་མང་ཚོགས་ཡོངས་ཀྱིས་སྤྱིར་འགྲོ་བའི་བདེ་སྐྱིད་དང་ལྷག་པར་དུ་༧ སྐྱབས་རྗེ་མཆོག་གི་ཞབས་པད་བསྐལ་བརྒྱར་བརྟན་ཅིང་བཞེད་དོན་ལྷུན་གྱིས་འགྲུབ་ཕྱིར་གསོལ་འདེབས་སྨོན་ལམ་དང་ཚེ་བསྙེན་གང་མང་གསོག་སྒྲུབ་ཀྱིས་མཛད་སྒོ་འདིར་ཆ་ཤས་ལེན་རྒྱུར་སྐུལ་མ་ཞུ་བ་དང་། གལ་ཆེའི་མཛད་སྒོ་འདི་དང་ལྷག་པར་དུ་བརྟན་བཞུགས་ཆེད་མཆོད་འབྲེལ་ཞལ་འདེབས་འབུལ་མཁན་རྣམས་ཁྲི་བརྟན་ནོར་བུ་རྩེའི་གྲྭ་ཚང་ལས་ཁུངས་སམ་གཤམ་གསལ་འགན་འཁུར་བར་ཐད་ཀར་འབྲེལ་བ་གནང་རོགས་ཞུ་རྒྱུ་བཅས་ཀྱི་གསལ་བསྒྲགས་སུ།
༧ དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེའི་འདུས་སྤྱིའི་ཡིག་ཚང་ནས་ ༢༠༡༩ ཟླ་༨ ཚེས་༩ ཉིན།
མཛད་རིམ་རགས་ཟིན་དང་ཟླ་ཚེས།
ཕྱི་ལོ་ ༢༠༢༠ ཟླ་ ༠༡ ཚེས་ ༢༢ དང་ ༢༣ ལ་རྒྱལ་སྤྱིའི་བོན་གྱི་བགྲོ་གླེང་ཐེངས་ལྔ་པ་འཚོག་རྒྱུ།
ཚེས་ ༢༥ དང་ ༢༦ ལ་ཉེར་ལྔའི་དུས་དྲན་དངོས་གཞི་མཛད་སྒོ་འཚོག་རྒྱུ།
ཚེས་ ༢༧ ཉིན་སྐྱབས་རྗེ་ཡོངས་འཛིན་རིན་པོ་ཆེར་བརྟན་བཞུགས་འབུལ་རྒྱུ།
ཚེས་ ༢༨། ༢༩། ༣༠། ལ་དད་ལྡན་མང་ཚོགས་རྣམས་ལ་བཀའ་ཁྲིད་དང་། བཀའ་དབང་གནང་རྒྱུ་བཅས་སོ། །
གནས་ཚུལ་དང་མཆོད་འབྲེལ་ཞལ་འདེབས་ཆེད་འབྲེལ་བ་གནང་ཡུལ།
༧ དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེའི་ཡིག་ཚང་།
ཁ་པར་ཨང་། +977 1 4890229 གློག་འཕྲིན། triten.institution@gmail.com
དགེ་བཤེས་ཤེས་རབ་རིན་ཆེན། ཁ་པར་ཨང་། +977 9808733999,+977 14891092 སྐད་འཕྲིན། srinchen123
དགེ་བཤེས་ཤེས་རབ་ཉི་མ། ཁ་པར་ཨང། +977 9841090388 སྐད་འཕྲིན། luckya100
རྨ་རོང་ཚུལ་ཁྲིམས་རྒྱ་མཚོ། ཁ་པར་ཨང་། +977 9802058888 སྐད་འཕྲིན། Marong58888