ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

གདན་ས་ཁྲི་བརྟན་ནོར་བུའི་རྩེ་རུ་གཤེན་གྱི་དཀའ་ཐུབ་ཆེན་མོ་འཚོགས་བཞིན་པ།

ཧོར་ཟླ་བརྒྱད་པ་འདི་ནི་འདུལ་བའི་ལོ་འགོ་རུ་གྲགས་པའི་དུས་ཚོད་འདི་ལ་བསྟུན་ཏེ་༧སྐྱབས་རྗེ་ཡོངས་འཛིན་རིན་པོ་ཆེའི་ཐུགས་དགོངས་བླ་ན་མེད་པ་ལྟར། ཧོར་ཟླ་ ༨ ཚེས་ ༡ ནས་ ༨  བར་དུ་གདན་ས་ཁྲི་བརྟན་ནོར་བུའི་རྩེ་གཤེན་གྱི་དཀའ་ཐུབ་ཆེན་མོ་འཚོགས་པའི་དུས་ཡིན་ཞིང་།  དེ་ཡང་གཤེན་གྱི་མཛད་མདོ་རྒྱས་པ་ལས། “རྣམ་དག་དཀའ་ཐུབ་འདུལ་བའི་བོན། །སྐལ་ལྡན་རིག་ཅན་མ་གཏོགས་པས། །སྐལ་མེད་ཕལ་གྱིས་སྤྱོད་ཡུལ་མིན།” ཞེས་དང་། “རྒྱུ་འབྲས་ཤེས་པས་མི་ཆོག་ཁྱིམ་སྤང་དགོས། །ཁྱིམ་ཐབ་སྤངས་པས་མི་ཆོག་རབ་བྱུང་དགོས། །རབ་ཏུ་བྱུང་བས་མི་ཆོག་གོང་འཕེལ་དགོས། །གོང་འཕེལ་བླང་བས་མི་ཆོག་དཀའ་ཐུབ་དགོས། །དཀའ་ཐུབ་བྱས་པས་མི་ཆོག་མཐར་ཕྱིན་དགོས།།” ཞེས་དང་།  དཀའ་ཐུབ་ཉམས་སུ་ལེན་ཚུལ“རབ་ཏིང་ངེ་འཛིན་འགོག་པ་རུ་ཉམས་སུ་ལེན་པ་དང་། འབྲིང་དཀའ་བ་མཐར་ཕྱིན་དུ་ཉམས་སུ་ལེན་པ་དང་། ཐ་མ་ལོ་ཟླ་ཞག་གྲངས་སུ་ལེན་དགོས་”ཚུལ་གསུངས་པ་བཞིན་དཀའ་ཐུབ་ཕྱག་ལེན་ཇི་ལྟར་གནང་ཚུལ་༸སྐྱབས་རྗེ་ཡོངས་འཛིན་སྨྲ་བའི་དབང་པོས་ཕྱག་བཞེས་ཟིན་བྲིས་མཛད་པ་ “དཀའ་ཐུབ་ལ་གནས་ཚུལ་གྱི་ལག་ལེན་མདོ་དོན་གསལ་བྱེད།”གཞིར་བཟུངས་ནས།

འདི་ལོར་ཧོར་ཟླ་བདུན་པའི་ཉི་ཤུ་ནང་ནས་དཀའ་ཐུབ་ཆེན་མོའི་སྔོན་འགྲོ་སྟ་བོན་གྱི་རིམ་པ་རྡུལ་ཚོན་དཀྱིལ་འཁོར་བཏབ་པ་དང་། ཧོར་ཟླ་ ༧ ཚེས་ ༣༠ ཉིན་བཅའ་བཟོའི་ལས་རིམ་ལ་ཞུགས་ཏེ་གཙུག་ལག་ཁང་གི་ཕྱི་ནང་ལ་གཙང་སྦྲ་དང་། དཀྱིལ་འཁོར་མཆོད་རྫས་བཤམ་བཀོད་ཀྱི་རིམ་པ་གྲུབ་པར་བྱས།ཧོར་ཟླ་བརྒྱད་པའི་ཚེས་ ༡ ཉིན་དངོས་གཞིའི་དཀའ་ཐུབ་ཆེན་མོ་དབུ་བཙུགས་ཏེ་༸སྐྱབས་རྗེ་སློབ་དཔོན་ཚངས་པ་བསྟན་འཛིན་རིན་པོ་ཆེ་མཆོག་དང་། བཤད་སྒྲུབ་མཁན་སློབ་རྣམ་གཉིས་དབུ་བཞུགས་ཀྱི་ཐོག་འདུས་མང་རྣམས་ཞོགས་པའི་ཕྱག་ཚོད་ ༤ ནས་འདུལ་བའི་གསོ་སྦྱོང་འཚོགས།

དེ་ནས་མི་མང་རྣམས་ལ་བསྙེན་བསྙུང་གི་སྡོམ་པ་གནང་། ཞོགས་ཇ་གསོལ་རྗེས་འདུལ་བའི་བསླབ་བྱ་དགེ་འདུན་སྤྱོད་ལམ་གསལ་བའི་མེ་ལོང་གསུང་ཁྲིད་གནང་། ཕྱག་ཚོད་ ༩ ཐོག་གཤེན་གྱི་དགེ་སྤྱོད་ཀྱི་ཆོ་གའི་གཞུང་བསྲངས་ཏེ་ཆུ་གཏོར་གསུངས། ཕྱག་ཚོད་ ༡༢ ་ཐོག་ཉིན་གུང་གསོལ་ཚིགས་བཞེས་ཏེ་བསྐོར་བའི་སྨོན་ལམ་དང་འཁོར་བ་དོང་སྤྲུགས་ཀྱི་སྙིང་པོ་བརྗོད་བཞིན་གཙུག་ལག་ཁང་ལ་སྐོར་བ་ཕེབས། དེ་ནས་ཕྱག་ཚོད་ ༣ ཐོག་གཡུང་དྲུང་སེམས་དཔའི་ལྟུང་བཤགས་གསུངས་ནས་གསོལ་ཇ་བཞེས་རྗེས་ཡུམ་མདོ་བཀླགས་ཏེ་ཚོགས་གྲོལ།  ཕྱག་ཚོད་ ༥ ནས ༦ བར་འཆད་ར་འཚོགས། དེ་ནས་འདུས་སྡེ་དང་མང་ཚོགས་ལ་ཁྲུས་གསོལ་གནང་བ་དང་འདུལ་ཆོག་ལྟར་ཉུ་ལེ་བཀར་བའི་ཆོ་ག་དང་། ཐེག་ཆེན་གྱི་བསྔོ་བ་གསུངས་རྗེས།

གཙུག་ལག་ཁང་དུ་སྨོན་ལམ་རྣམ་གསུམ་དང་སངས་རྒྱས་མཚན་དཔེའི་མདོ་ལས་བྱུང་བའི་སྨོན་ལམ་བཅས་གསུངས་ནས་འཚོགས་གྲོལ། ཕྱག་ཚོད་ ༧  ནས་ ༩ དགེ་བཤེས་དང་འཛིན་གྲྭ་རྒན་པ་ཚོས་བར་དུ་ཟབ་མོ་ལྟ་བའི་ཉམས་ལེན་དང་། འོག་མ་ཚོས་དཔེ་ལྟ། བློ་འཛིན་སོགས་དུས་ཚོད་གང་འགབ་ཀྱི་དགེ་སྦྱོར་ལ་འབད་བརྩོན་གནང་བ་བཅས་དཀའ་ཐུབ་ཀྱི་རིང་ཉིན་རེའི་དགེ་སྦྱོར་གྱི་བྱ་བཞག་ཡིན། དེ་བཞིན་མི་དམངས་བསྙེན་སྙུང་བཞུགས་མཁན་ཚོ་ལ་དགོན་པས་ཟས་གོས་གནས་མལ་གྱི་མཐུན་རྐྱེན་ཆ་ཚང་བསྐྲུན་ཏེ་མི་དམངས་མང་པོས་བསྙེན་སྙུང་གི་དགེ་སྦྱོར་ལ་བརྩོན་བཞིན་མཆིས། 

དཀའ་ཐུབ་ཀྱི་དགོས་པ་དང་བྱུང་རིམ་ནི།

སྟོན་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྒྱལ་བ་གཤེན་རབ་མི་བོ་ཆེ་དེ་ཉིད་གཤེན་ལོ་༣༡། བཞེས་པའི་དུས་སུ། རང་རྒྱུད་ཆེ་བའི་དྲེགས་པ་གཞོམ་ནས། གཞན་རྒྱུད་ཉོན་མོངས་གི་ཟུག་རྔུ་སངས་པ་དང་། རང་ལུས་ཕུང་པོའི་སྟོབས་ཤེད་སྨད་ནས། གཞན་དག་ལང་ཚོའི་སྒྱུ་མ་བསྒྱུར་བ་དང་། རང་ཉིད་དཀའ་ཐུབ་ཀྱི་སྙིང་རུས་བསྐྱེད་ནས། གཞན་དག་དྲང་པོའི་ལམ་ལ་འཛུད་པ་དང་། རང་ཉིད་འདུ་འཛིའི་གཡེང་བ་སྤངས་ནས། གཞན་དག་ཐར་པ་ལ་སྤྲོ་བ་བསྐྱེད་པ་དང་། རང་ཉིད་ལྷག་པའི་ཚུལ་ཁྲིམས་བསྲུངས་ནས། གཞན་དག་འགྲོ་བ་དང་བ་འདྲེན་པའི་ཕྱིར་དུ། ཁྱིམ་སྤངས་རབ་བྱུང་གི་མཛད་པ་མཛད་ནས་དཀའ་བ་རྣམ་གསུམ་སྤྱད་དེ། དང་པོ་སུམ་ཅུ་རྩ་གསུམ་གྱི་གནས་སུ་ངང་པའི་རྒྱལ་པོ་ཆུ་འབྱེད་དང་ཐབས་ཅིག་ཏུ། ཆུ་དང་འོ་མ་ཕྱེས་པའི་ཐིགས་རེ་དང་། འབྲས་སཱ་ལུའི་ཉག་མ་རེ་གསོལ་ནས་བྱ་ཡི་དཀའ་ཐུབ་ལོ་གཅིག་མཛད་པ་དང་།

གཉིས་པ་རྒྱལ་ཆེན་རིགས་བཞིའི་གནས་སུ། སྤྲེའུའི་རྒྱལ་པོ་ཧ་ནུ་མ་དྷ་དང་ལྷན་དུ་ཤིང་ཐོག་གི་འབྲུ་མ་རེ་དང་། ཤིང་ལོའི་སྟེང་དུ་ཁ་བ་བབས་པའི་ཆུ་ཐིགས་རེ་གསོལ་ནས་སྤྲེའུའི་དཀའ་ཐུབ་ལོ་གཅིག་མཛད།

གསུམ་པ་འོལ་མོ་ལུང་རིང་གི་བྱང་ནུབ་ཟད་མཚམས་མེ་ཏོག་གི་གླིང་ལ་མཁའ་ལྡིང་གི་རྒྱལ་པོ་ཤང་ཤང་དང་ཐབས་ཅིག་ཏུ། ཆུ་སིང་གའི་ཐིགས་པ་རེ་དང་། རྩྭ་ཨུ་མེར་གྱི་མཆོག་མ་རེ་གསོལ་ནས་མི་ཡི་དཀའ་ཐུབ་ལོ་གཅིག་མཛད།

དེ་ནས་རི་བོ་གསེར་ལྡན་གྱི་རྩ་བ་ཆུ་བོ་གྱིམ་ཤང་གི་འགྲམ་དུ་བྱོན་ནས་འཁོར་སྡེ་བཞི་ཡ་བརྒྱད་ལ། རྣམ་དག་འདུལ་བ་ཁྲིམས་ཀྱི་བོན་སྡེ་ལས། ༡༽བསླབ་གསུམ་ཡོངས་དག་གི་སྡེ་དང་། ༢༽རྣམ་དག་དཀའ་ཐུབ་ཀྱི་སྡེ། ༣༽དུས་ཁྲིམས་གཙང་མའི་སྡེ། ༤༽སྲུང་ཁྲིམས་ངོ་བསྟོད་ཀྱི་སྡེ། ༥༽སྦྱང་ཐོབ་མཐར་ཕྱིན་གྱི་སྡེ། ༦༽རྒོལ་བ་ཚར་གཅོད་ཀྱི་སྡེ། ༧༽མུ་བཞི་མཐའ་བསལ་གྱི་སྡེ། ༨༽གལ་པོ་རྩོད་སྤོང་གི་སྡེ། ༩༽དག་པ་རྣམ་གྲོལ་གྱི་སྡེ། ༡༠༽སྤོབས་པ་མཐར་ཕྱིན་གྱི་སྡེ་བཅས་འདུལ་བྱེད་སྡེ་བཅུ་རུ་གཏན་ལ་ཕབ་སྟེ་གསུངས།  དེ་ནས་འདུལ་བ་ཁྲིམས་ཀྱི་གླིང་གསས་ཁང་བ་རབ་གསེར་གླིང་དུ་བྱོན་ནས་འདུས་པའི་འཁོར་རྣམས་ཁྱིམ་སྤངས་རབ་ཏུ་བྱུང་བའི་ཕྱིར་འདུལ་བ་རྒྱུད་དྲུག་ཏུ་གཏན་ལ་ཕབ། ཕོ་གླིང་དང་མོ་གླིང་གནས་རིགས་སོ་སོར་འཛིན་པའི་ཆེད་དུ་གསས་མཁར་ཁྲི་སྨོན་རྒྱལ་བཞད་དང་། ཁོ་མ་ནེ་ཆུང་གཉིས་ཀྱི་བར། མཆོད་རྟེན་རྣམ་དག་དཀར་པོའི་དྲུང་དུ་འདུས་པའི་འཁོར་རྣམས་ལ། འདུལ་བ་ཁྲིམས་ཀྱི་སྡོམ་པ་ཕོག་ནས་གཤེན་གྱི་དགེ་སྤྱོད་རྣམ་པར་དག་པའི་དོན་བསྟན་ཏེ། ལུས་ངག་ཡིད་གསུམ་གྱི་སྒོ་ནས་རྣམ་དག་འདུལ་བའི་བསླབ་བྱ་ཉམས་སུ་ལེན་པའི་སྡེ་མང་དུ་བྱུང་ཡོད་པ་མ་ཟད། འཁོར་སྡེ་བཞི་ཡ་བརྒྱད་ལས་བྲག་དགོན་དཀའ་ཐུབ་ཀྱི་སྡེ་ཞེས་པ་དམིགས་བསལ་དཀའ་ཐུབ་ཉམས་ལེན་ལ་བརྩོན་མཁན་གྱི་སྡེ་ཡང་བྱུང་། དུས་དེ་ནས་བཟུང་འདུལ་བའི་མཁན་རྒྱུད་མ་ཆད་པར་ད་ལྟའི་རྒྱལ་བ་སྨན་རིའི་མཁན་སློབ་རྣམ་གཉིས་ཐུག་གི་བར་དུ་དཀའ་ཐུབ་མཛད་པའི་སྐྱེས་མཆོག་ཟམ་མ་ཆད་པར་བྱུང་མྱོང་ཡོད་པ་བཅས་ཀྱི་གནས་བསྡུས་འདི་ཁྱུང་ཁྲི་ལྡེས་༢༠༡༩།  ༠༩ ༣༠ ཉིན་སྤེལ།

པར་པ་ཁྱུང་ཐོག་རྒོད།

99134cookie-checkགདན་ས་ཁྲི་བརྟན་ནོར་བུའི་རྩེ་རུ་གཤེན་གྱི་དཀའ་ཐུབ་ཆེན་མོ་འཚོགས་བཞིན་པ།
(སྤྱིའི་གཟིགས་གྲངས། 409 དེ་རིང་། 1)

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
  ཕྱི…
error: རྩོམ་འདི་བདག་དབང་ཅན་ཡིན།