ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

གདན་ས་ཁྲི་བརྟན་ནོར་བུ་རྩེའི་སྐབས་བཅུ་གཅིག་པའི་དགེ་བཤེས་མཛད་རིམ་ཉིན་ལྔ་པ།

ཕྱི་ལོ་༢༠༢༡ ཟླ་བ་ ༠༢ ཚེས་ ༢༢ ཉིནསྔ་དྲོ་ཕྱག་ཚོད་དགུ་ཐོག་༸སྐྱབས་རྗེ་མཁན་སློབ་རྣམ་པ་དང་བཀའ་རམས་པ་རྣམ་པ་བཅས་སྤྱན་རྒྱ་སྤོས་མེས་སྣ་དྲངས་ཏེ་གཙུག་ལག་ཁང་དུ་གདན་འདྲེན་ཞུས། དེ་བཞིན་སྐྱབས་གནས་དགེ་འདུས་ཀྱི་སྡེ་དང་། སྐུ་མགྲོན་རྣམ་པ་བཅས་ཚོགས་ཁང་ནང་མཉམ་དུ་འཛོམས་རྗེས་འབྲས་སིལ་དང་གཟབ་ཇ་འདེགས་འབུལ་ཞུས། སྐྱབས་རྗེ་སློབ་དཔོན་རིན་པོ་ཆེས་མཆོད་ཚིག་གིས་དབུ་བཙུགས་ཏེ། བཀའ་རམས་པ་མི་གོད་དྲང་སྲོང་ཚུལ་ཁྲིམས་བློ་ལྡན་དབང་པོ་ལགས་དང་།  བཀའ་རམས་པ་ཨ་རྒྱས་དྲང་སྲོང་ཚུལ་ཁྲིམས་འཆི་མེད་རྣམ་རྒྱལ་ལགས་གཉིས་ནས་སྔོན་འགྲོའི་བཤད་པ་གྱེར། ཉིན་གུང་ཆུ་ཚོད་བཅུ་གཉིས་ཐོག་གཏོང་སྒོ་ཆེན་མོ་བཏང་། དུས་མཚུངས་སུ་བཀའ་རམས་པ་ཨ་རྒྱས་དྲང་སྲོང་ཚུལ་ཁྲིམས་འཆི་མེད་རྣམ་རྒྱལ་རིན་པོ་ཆེ་མཆོག་ནས་དགོན་གྱི་བསྟན་རྩ་རུ་དགོངས་ནས་དངུལ་སྨར་ཞལ་འདེབས་རྒྱ་ཆེར་ཕུལ་བ་དང་། ཉིན་རྒྱབ་ཆུ་ཚོད་གསུམ་པའི་ཐོག་མཁན་སློབ་རྣམ་པ་འཚོགས་ཁང་ནང་དུ་ཕེབས་བསུ་ཞུས་ཏེ་སྐྱ་སེར་མི་མང་ཡོངས་ལ་བཀྲ་ཇ་དང་བཞེས་ཏོག་ཕུལ་ནས་བཀྲ་ཤིས་བསྔོ་སྨོན་གྱིས་མཐའ་བརྒྱན་ཏེ་བཀའ་རམས་པ་གསུམ་གྱི་སྔོན་འགྲོའི་མཛད་སྒོ་གྲུབ། 

བཀའ་རམས་པ་མི་གོད་དྲང་སྲོང་ཚུལ་ཁྲིམས་བློ་ལྡན་དབང་པོ་མཆོག་ནི། སྤྱི་ལོ་༡༩༨༠ལོར་ཨ་མདོ་ཤར་ཁོག་ཏུ་སྐུ་འཁྲུངས། སྐུ་ན་ཆུང་དུས་ནས་ཕ་མ་གཉིས་ཀྱིས་མཁར་ཡག་དགོན་པར་བསྐྱལ་ཞིང་། རྟོགས་ལྡན་ཚུལ་ཁྲིམས་རྒྱལ་བའི་སྐུ་མདུན་ནས་རབ་བྱུང་གི་སྡོམ་པ་བཞེས་ཏེ་དགོན་དེར་སྒྲིག་ལམ་ལ་ཞུགས་པ་དང་། དགོན་པ་དེའི་དབུ་བླ་བསྟན་འཛིན་གཡུང་དྲུང་རྒྱལ་མཚན་གྱི་མདུན་ནས་འབྲི་ཀློག་དང་ཆོ་ག་གྱེར་དབྱངས་སོགས་སྦྱངས། ༡༩༩༩ལོར་རྔ་བའི་སྣང་ཞིག་དགོན་དུ་ཕེབས་ཏེ་ཐུན་མོང་གི་རིག་གནས་སུམ་རྟགས་དག་གསུམ་སོགས་བརྡ་སྤྲོད་ཀྱི་སྐོར་དང་སྙན་ངག་རྩོམ་རིག་གི་སྐོར། དེ་བཞིན་བསྡུས་རྟགས་ཚད་གསུམ་སོགས་ལ་སློབ་གཉེར་གནང་། ༢༠༠༥ལོར་བལ་ཡུལ་དུ་ཕེབས་ཏེ་འདི་ག་གདན་ས་ཆེན་པོ་ཁྲི་བརྟན་ནོར་བུ་རྩེར་གཡུང་དྲུང་བོན་གྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་བཤད་སྒྲུབ་འདུས་སྡེའི་སྒྲིག་ཁོངས་སུ་ཞུགས། དེ་ནས་བཟུང་རྒྱལ་བ་སྨན་རི་བའི་མཁན་སློབ་ཉི་ཟླ་ཟུང་གི་བྱིན་རླབས་ཀྱི་འོག་ནས་དགེ་བའི་བཤེས་གཉེན་དུ་མར་ཚུལ་བཞིན་བསྟེན་ཏེ། མདོ་སྔགས་རྫོགས་གསུམ་གྱི་གཞུང་ཆེན་ཁག་དང་བཅུ་ཕྲག་རིག་པའི་གནས་ཀུན་ལ་གོ་ལོ་ཐོས་ལོ་ཙམ་མ་ཡིན་པར་རྒྱུན་དུ་གཟབ་ནན་གྱིས་མི་ལོ་བཅུ་ཕྲག་ལྷག་ལ་སྦྱོང་བར་མཛད། དམིགས་བསལ་གྱི་ངག་རྒྱུགས་འཕར་མ་ཡང་མང་དུ་ཕུལ་བ་དང་། ཁོང་གིས་བརྩམས་པའི་དཔྱད་རྩོམ་དང་སྙན་རྩོམ་རིགས་ཀྱང་<བགྲེས་པོའི་འབེལ་གཏམ་>དང་<བོན་སྒོ་>སོགས་དུས་དེབ་དུ་མའི་ཐོག་ཏུ་བཀོད་ཡོད། ཁོང་གིས་༢༠༡༡ནས་༢༠༢༠བར་དུ་བགྲེས་པོའི་འབེལ་གཏམ་རྩོམ་སྒྲིག་པའི་ཕྱག་ལས་གནང་བ་དང་། ༢༠༡༧ལོར་གཡུང་དྲུང་བོན་གྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་བཤད་སྒྲུབ་འདུས་སྡེ་སྐབས་ཉེར་གསུམ་པའི་དགེ་བསྐོས་གནང་། ༢༠༡༨ནས༢༠༢༠བར་དུ་༧སྐྱབས་རྗེ་མཁན་རིན་པོ་ཆེ་བསྟན་པ་གཡུང་དྲུང་མཆོག་གི་བཀའ་དགོངས་ལྟར་གངས་ཅན་ཏི་སེ་རྒྱལ་སྤྱིའི་སློབ་གྲྭར་དགེ་རྒན་མཛད། ༢༠༢༠ལོར་བསླབ་པ་མཐར་ཕྱིན་ཏེ་བཀའ་རམས་པའི་མཚན་རྟགས་བཞེས་ཤིང་རིག་གནས་རྒྱུགས་སྤྲོད་ཀྱི་སྒྲ་འཁོར་སོགས་སྤྱན་འབུལ་ཞུ་སྐབས་བརྡ་སྤྲོད་ཀུན་བཤད་ཀྱི་མཚན་དུ་<ཨེ་མ་ཕྱྭ་སྲས་བློ་ལྡན་>ཞེས་པའི་མཚན་གནང་བ་དང་། ༢༠༢༡ ལོར་དགེ་བའི་བཤེས་གཉེན་གྱི་སྐལ་བཟང་དངོས་སུ་ཤར་བ་བཅས་སོ།། 

བཀའ་རམས་པ་མཆོག་སྤྲུལ་ཚུལ་ཁྲིམས་འཆི་མེད་རྣམ་རྒྱལ་ལམ་བརྡ་སྤྲོད་ཀུན་བཤད་ཀྱི་མཚན་དུ་“ སྨྲ་དབང་ཚངས་སྲས་གཡུང་དྲུང་”རིན་པོ་ཆེ་མཆོག་ནི་ཕྱི་ལོ་༡༩༦༩ ལོ་རབ་བྱུང་བཅུ་དྲུག་པའི་ས་བྱ་ལ་ཁམས་ལི་ཐང་བཞག་གསར་འགྲོ་མགོན་གཡུང་དྲུང་བདུད་འདུལ་གླིང་གི་བླ་བྲང་ཨ་རྒྱས་ཚང་དུ་སྐུ་འཁྲུངས། ཉིད་ཀྱི་ཁུ་བོ་བླ་མ་ཚེ་དབང་རིག་འཛིན་མཆོག་གི་སྐུ་མདུན་ནས་ཡི་གེ་འབྲི་ཀློག་དང་ཆོ་ག་ཕྱག་ལེན་འབུད་རྡུང་འཀྲོལ་གསུམ་བཅས་སྦྱངས། དགུང་ལོ་བཅུ་གསུམ་ཐོག་བྱ་བྲལ་བ་ཉི་མ་ཚུལ་ཁྲིམས་རིན་པོ་ཆེའི་མདུན་ནས་རབ་བྱུང་གི་སྡོམ་པ་བཞེས། བླ་མ་ཨ་རྒྱལ་དང་ཁྱུང་སྲས་རིག་འཛིན་རྣམ་གཉིས་ཀྱི་མདུན་ནས་རྒྱལ་བའི་བཀའ་རིན་པོ་ཆེའི་ལུང་ཆ་ཚང་ཐོབ། དེ་ནས་སུ་ལ་མཆོག་སྤྲུལ་གཡུང་དྲུང་དབང་རྒྱལ་དང་། བླ་མ་ཨ་གཡུང་།ཁྱུང་པོ་བདུད་འདུལ་རིན་པོ་ཆེ་རྣམ་པ་གསུམ་གྱི་སྐུ་མདུན་ནས་ཆོ་ག་བཅུ་གཉིས་སོགས་དབང་གང་མང་ཐོབ། དེ་ནས་ཀུན་མཁྱེན་ཤར་རྫ་པའི་གདན་སར་ཕེབས་ཏེ་རྒྱལ་ཚབ་རིན་པོ་ཆེའི་འདུན་ནས་སྔོན་འགྲོ་དངོས་གཞི་འཕོ་བ་རྩ་རླུང་སོགས་སྦྱངས། གཞན་ཡང་ཀུན་མཁྱེན་ཤར་རྫ་པའི་དངོས་སློབ་ཁྱུང་པོ་བདུད་འདུལ་རིན་པོ་ཆེ་དང་སུ་ལ་དབྲ་སྟོན་ངག་དབང་སྐལ་བཟང་བསྟན་པའི་རྒྱལ་མཚན་རིན་པོ་ཆེའི་དངོས་སློབ་སུ་ལའི་མཆོག་སྤྲུལ་གཡུང་དྲུང་དབང་རྒྱལ་རིན་པོ་ཆེ་མཆོག་དང་། མཁའ་སྤྱོད་དབང་མོ་སོགས་མཚན་ལྡན་གྱི་བླ་མ་གྲངས་ལས་འདས་པ་དབུ་ཡི་ཅོད་པན་དུ་བསྟེན་ཅིང་མདོ་སྔགས་རྫོགས་གསུམ་རིག་གནས་དང་བཅས་པར་ཐུགས་རྒྱུད་ཕྱུག་པར་གྱུར། ༧རིན་པོ་ཆེ་མཆོག་གྲུབ་པའི་སྐྱེས་བུ་རྣམས་ཀྱིས་སྐྱེས་ཆེན་གོང་མའི་ཡང་སྲིད་དུ་ངོས་འཛིན་གནང་ཚུལ་ནི། དབུ་མ་བདེན་གཉིས་ལས། སྐུ་གསུང་ཐུགས་ཀྱི་རྣམ་སྤྲུལ་དང༌།། གང་ལ་ཅི་འདུལ་དེ་བཞིན་དུ།། མོས་བཞིན་སྡེ་སྡོད་བཤད་སོགས་སྣང་།། ཡིད་བཞིན་ནོར་བུ་ཆུ་ཟླ་བཞིན།། ཞེས་གསུངས་པ་ལྟར་བསྟན་དང་འགྲོ་བའི་དོན་དུ་སངས་རྒྱས་དང་སེམས་པའི་རྣམ་རོལ་བསམ་གྱིས་མི་ཁྱབ་པས་བདག་ལྟ་བུས་ཚུལ་བཞིན་སྨྲ་བའི་རྔོ་མི་ཐོགས་ཀྱང་། རིས་མེད་ཀྱི་མཁས་གྲུབ་དུ་མས་ངོས་འཛིན་གནང་ཕྱོགས་སྐོར་ལ། ཁོད་སྤུངས་སུ་ལའི་མཆོག་སྤྲུལ་གཡུང་དྲུང་དབང་རྒྱལ་རིན་པོ་ཆེ་མཆོག་དང་། གཏེར་སྟོན་མཁའ་འགྲོ་མཁའ་སྤྱོད་དབང་མོ་རིན་པོ་ཆེ་ཤར་རྫའི་རྒྱལ་ཚབ་མཐུ་སྟོབས་རྣམ་རྒྱལ་རིན་པོ་ཆེ། བྱ་བྲལ་ཉི་མ་ཚུལ་ཁྲིམས་རིན་པོ་ཆེ། རྩ་བའི་བླ་མ་ཁྱུང་པོ་བདུད་འདུལ་དང་བླ་མ་ཨ་གཡུང་། རྙིང་མའི་རྫ་སྟོད་གྲུབ་ཆེན་སོགས་རིས་མེད་སྐྱེས་ཆེན་དུ་མའི་མ་གྲོས་བསམ་པ་གཅིག་མཐུན་གྱི་སྒོ་ནས་སྤྲུལ་པའི་སྐུ་མཆོག་ཆེན་མོ་གསང་སྔགས་རིག་པ་འཛིན་པ་སྐལ་བཟང་བསྟན་རྒྱལ་རིན་པོ་ཆེའི་ཡང་སྲིད་དུ་ངོས་འཛིན་གནང་སྟེ་དགུང་གྲངས་བཅུ་བདུན་གྱི་ཐོག་ཡུལ་དགོན་ལྷན་འཛོམས་ཀྱིས་བཞག་གསར་གཡུང་དྲུང་བདུད་འདུལ་གླིང་གི་བསྟན་བདག་དུ་གསེར་ཁྲིར་མངལ་གསོལ་མཛད་དེ་དགོན་པའི་ཐུགས་འགན་གཙང་མ་བཞེས་དང་བཞེས་མུས་མཆིས། ཕྱི་ལོ ༢༠༠༦ ལོ་ཧོར་ཟླ་ པའི་ཚེས་ ༡༨ ཉིན་གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེར་འབྱོར་ཞིང་བཤད་སྒྲུབ་འདུས་སྡེའི་སྒྲིག་ཁོངས་སུ་ཞུགས། ཕྱི་ལོ་ ༢༠༠༦ ལོ་ཧོར་ཟླ་ ༡༡ པའི་ཚེས་ ཉིན་དཔལ་གཤེན་བསྟན་སྨན་རི་གླིང་དུ་ཕེབས་ཏེ་སྨན་རིའི་མཁན་ཆེན་སོ་གསུམ་པ་༧ ལུང་རྟོགས་བསྟན་པའི་ཉི་མ་རིན་པོ་ཆེའི་སྐུ་མདུན་དུ་དག་པ་དྲང་སྲོང་གི་སྡོམ་པ་ཞུས། ༢༠༠༧ལོའི་ཧོར་ཟླ་༥་ཚེས་༡༥་ལ་ཤར་རྫའི་མཁན་རིན་པོ་ཆེ་རིན་འཛིན་དབང་རྒྱལ་མཆོག་དང་། གཡུང་དྲུང་བདུད་འདུལ་གླིང་གི་ཡུལ་དགོན་གཉིས་ཀྱིས་རེ་བསྐུལ་ལྟར། ༧ མཁན་སློབ་རྣམ་གཉིས་ཀྱི་དགོངས་པ་ཆེར་བསྐྱེད་ཀྱི་བཀའ་འཁྲོལ་གནང་བ་བཞིན། གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་དཔལ་ལྡན་ཁྲི་བརྟན་ནོར་བུའི་རྩེར་ཁྲི་བཞེངས་གནང་། ༢༠༡༦ལོར་སྐུ་ཡུལ་གྱི་ཡུལ་དགོན་གཉིས་ནས་ཇི་ལྟར་གསོལ་བ་བཏབ་པ་བཞིན། སྐུ་ཉིད་འཁྲུངས་ཡུལ་ལ་ཕེབས་ནས་མཛད་འཕྲིན་རྣམས་བདེ་བླག་ངང་གྲུབ་སྟེ་སླར་ཕྱི་ལོ་༢༠༡༦ ལོ་ཟླ ༡༢ པའི་ཚེས ༡༠ ལ་སྐུ་འཁོར་བཅས་གངས་ལྗོངས་ནས་མཁའ་ལམ་བརྒྱུད་དེ་བལ་ཡུལ་གནམ་ཐང་དུ་འབྱོར། སླར་ཡང་གྲྭ་ས་ཆེན་པོ་དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེར་གཡུང་དྲུང་བོན་གྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་དུ་ཞབས་སོ་བདེ་བར་འཁོད། དེ་ནས་ཚེས་༡༡ ཉིན ༧ སྐྱབས་རྗེ་རྒྱལ་བ་སྨན་རི་བའི་ཡོངས་འཛིན་རིན་པོ་ཆེ་དང་། མཁན་རིན་པོ་ཆེ་ལུང་རྟོགས་བསྟན་པ་གཡུང་དྲུང་མཆོག་དང༌། དཔོན་སློབ་རིན་པོ་ཆེ་ཚངས་པ་བསྟན་འཛིན་སོགས་ཀྱི་གསེར་ཞལ་མཇལ་ཏེ་བཀའ་མོལ་རིམ་པར་མཛད། དེ་ནས་སྔར་རྒྱུན་བཞིན་གཡུང་དྲུང་བོན་གྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་དུ་མུ་མཐུད་དུ་སློབ་གཉེར་གནང་། ༧ སྐྱབས་རྗེ་མཁན་སློབ་རྣམ་གཉིས་ཀྱིས་ཐུགས་རྗེས་གཟིགས་སྐྱོང་བླ་མེད་འོག  ༧ གཡུང་དྲུང་བོན་གྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་དུ་གཡུང་དྲུང་བོན་གྱི་ཐུན་མོང་མ་ཡིན་པའི་མདོ་སྔགས་སེམས་གསུམ་གྱི་གཞུང་ཆེན་ཁག་དང་། ཐུན་མོང་རིག་གནས་བཅས་ལ་ ༢༠༠༦ནས་ ༢༠༢༡ ལོའི་བར་འཆད་ཉན་སྒོམ་སྒྲུབ་འབད་བརྩོན་ཚུལ་བཞིན་བགྱིས་པའི་སྦྱངས་འབྲས་སུ་སློབ་མཐར་ཕྱིན་ཏེ་བཀའ་རམས་པའི་མཚན་གནས་ཐོབ། དམིགས་གསལ་གྱི་ངག་རྒྱུགས་འཕར་མའི་བྱ་དགའ་དང་། ཕྱི་ལོ༢༠༠༩ལོར་གཡུང་དྲུང་བོན་གྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་གི་ལོ་འཁོར་ཡིག་རྒྱུགས་ཆེན་མོའི་སྐབས་སྦྱངས་འབྲས་རྩེ་ཕུད་སོན་པའི་སློབ་མའི་གཟེངས་རྟགས་ཅེས ༧སྐྱབས་རྗེ་སྨྲ་བའི་དབང་པོས་ལེགས་གསོལ་གཟེངས་བསྟོད་ཕྱག་འཁྱེར་གནང་སྟེ། སློབ་མ་ཡོངས་ཀྱི་ཤེས་ཡོན་མཐོར་རུ་གཏོང་རྒྱུའི་སེམས་ཤུགས་སྤར་ཏེ་མིག་དཔེ་བཟང་པོ་ཞིག་བཞག།༢༠༡༩ལོར་གཡུང་དྲུང་བོན་གྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་གི་ཚོགས་གཙོའི་འགན་བཞེས། རྩོམ་རིག་སྐོར་ནས་དཔྱད་རྩོམ་དང་སྙན་རྩོམ་སོགས་རྒྱལ་ཕྱི་ནང་གི་དུབ་དེབ་དང་དྲ་ལམ་ཁག་ལ་གང་མང་སྤེལ་མྱོང་། འདི་ལོར་ ༧ སྐྱབས་རྗེ་མཁན་སློབ་དགེ་རྒན་རྣམས་ལ་རིག་གནས་རྒྱུགས་སྤྲོད་གྱི་ཤོག་ཁྲ་སྤྱན་འབུལ་ཞུས་སྐབས་བརྡ་སྤྲོད་ཀུན་བཤད་ཀྱི་མཚན་དུ་“སྨྲ་དབང་ཚངས་སྲས་གཡུང་དྲུང་” ཞེས་གནང་། ད་སྐབས་སློབ་པ་མཐར་རུ་ཕྱིན་པའི་འབྲས་རྟགས་སུ་གདན་ས་ཆེན་མོ་དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེའི་མཁན་སློབ་དགེ་བའི་བཤེས་གཉེན་རྣམས་དང་གྲྭ་ཚང་འདུས་པ་རྒྱ་མཚོའི་དབུས་ནས་མདོ་སྔགས་རྫོགས་གསུམ་རིག་པའི་གནས་ལྔ་དང་བཅས་ལ་སྦྱངས་པ་མཐའ་རུ་ཕྱིན་པའི་རབ་འབྱམས་དགེ་བའི་བཤེས་གཉེན་གྱི་མཚན་རྟགས་བཞེས་པའི་སྐལ་བཟང་གི་མཛད་སྒོ་འཚོགས་བཞིན་པ་བཅས་དགེ་བཤེས་བློ་གྲོས་འོད་གསལ་གྱིས། ༢༠༢༡ ལོའི་ཟླ་ ༠༢  ཚེས་ ༢༢ ཉིན་བྲིས།

མེ་ལོང་ཡེ་ཤེས་དྲ་བའི་གཙོ་སྒྲུབ་པས་ ༢༠༢༡ ༢༢ ཉིན།

པར་པ་རླུང་ཞགས།

(སྤྱིའི་གཟིགས་གྲངས། 1,572 དེ་རིང་། 1)

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
ཕྱི་ལོ་ ༢༠…
error: རྩོམ་འདི་བདག་དབང་ཅན་ཡིན།