ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

གདན་ས་ཁྲི་བརྟན་ནོར་བུ་རྩེར་ལས་བཞི་རྒྱུན་ལྔའི་སྦྱིན་སྲེག་འབུལ་བའི་མཆོད་འབྲེལ་དགེ་སྐུལ་གསལ་བརྡ།

༄༅་། གཡུང་དྲུང་བོན་གྱི་སྐྱབས་འོག་ཏུ་འཁོད་པའི་རྣམ་དཀར་དད་ལྡན་གང་ན་སུ་བཞུགས་རྣམས་ལ་ཆེད་ཞུ།

​བསླབ་གསུམ་བསྟན་པའི་བདག་ཉིད་གསང་གསུམ་བོན་གྱི་མཛོད་འཛིན་༧སྐྱབས་རྗེ་ཡོངས་འཛིན་སྨྲ་བའི་དབང་པོ་མཆོག་གིས་ ༡༩༨༧ ལོར་གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་༧དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེ་འདི་བཞིན་ཕྱག་བཏབ་པ་ནས་བཟུང་དགོན་འདིར་གཙོ་བོའི་བྱ་བཞག་གཡུང་དྲུང་བོན་གྱི་མདོ་སྔགས་སེམས་གསུམ་གྱི་གཞུང་ལུགས་རྣམས་ལ་ཐོས་བསམ་སྒོམ་གསུམ་གྱི་སྒོ་ནས་སློབ་གཉེར་དང་བསླབ་གསུམ་གྱི་ཉམས་ལེན་གནང་རྒྱུ་གཞིར་བྱས་ཀྱི་སྟེང་། ཕན་བདེ་ཀུན་གྱི་རྩ་བ་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་དར་བ་དང་། དེ་འཛིན་གྱི་སྐྱེས་བུ་གང་ན་སུ་བཞུགས་རྣམས་ཀྱི་སྐུ་ཚེ་བརྟན་ཅིང་འགྲོ་དོན་རྒྱས་པ་དང་། ཡངས་པའི་འཇིག་རྟེན་གྱི་ཁམས་སུ་ནད་མུག་མཚོན་འཁྲུགས་སོགས་མི་དགེ་བའི་མཚན་མ་ཐམས་ཅད་ཞི་ཞིང་འགྲོ་ཀུན་ཐར་བདེའི་དཔལ་ལ་སྤྱོད་པའི་ཆེད་དང་། ལྷག་པར་དུ་འདུས་སྡེ་འདི་དང་དངོས་སུ་འབྲེལ་ཐོགས་དད་ལྡན་ཤི་གསོན་ཕོ་མོ་རྣམས་ཀྱི་འཕྲལ་རྐྱེན་བར་ཆད་ཞི་བ་དང་། མཐར་ཐུག་སྒྲིབ་གཉིས་བྱང་ཞིང་ཚོགས་གཉིས་རྫོགས་ཏེ་སངས་རྒྱས་ཀྱི་གོ་འཕང་རིན་པོ་ཆེ་ཐོབ་པའི་ཕྱིར། “ཟླ་དུས་ཀྱི་མཆོད་པ་དང་ལོ་དུས་ཀྱི་གཏང་རག་” ཅེས་པ་ལྟར། བླ་མ་གོང་མ་རྣམས་ཀྱི་ཕྱག་སྲོལ་བཟང་པོ་མུ་མཐུད་དེ་བསྐྱངས་ཐོག་ཉིན་རེ་བཞིན་བསམ་པ་སེམས་བསྐྱེད་བཟང་པོའི་སྒོ་ནས་མཆོག་གསུམ་ལ་སྐྱབས་འགྲོ་དང་གསོལ་འདེབས། སྲུང་མར་གཏོར་འབུལ་དང་འཕྲིན་བཅོལ། ཟླ་རེ་བཞིན་ཉ་དང་གནམ་གང་རྣམས་ལ་བླ་ཆེན་དྲན་པ་ནམ་མཁའ་དང་རྗེ་མཉམ་མེད་བླ་མའི་ཚོགས་མཆོད། བླ་མ་མགོན་པོའི་ཚོགས་མཆོད། དད་སྦྱིན་ཕོ་མོ་རྣམས་ཀྱི་དགེ་སྐུལ་ཉིན་ཚོགས་བཞི་རེ་དང་ཟུར་ཚོགས་གཉིས་རེ། ལོ་རེ་བཞིན་བདག་ཅག་གི་སྟོན་པ་དང་རྒྱལ་བ་གཉིས་པ་མཉམ་མེད་བླ་མའི་དུས་ཆེན་གཙོས་པའི་སྐྱེས་མཆོག་གོང་མ་རྣམས་ཀྱི་དུས་མཆོད། ཤེས་རབ་སྨྲ་བའི་སེང་གེ་དང་བླ་ཆེན་དྲན་པ་ནམ་མཁའི་སྒྲུབ་པ་གཙོས་པའི་ཡི་དམ་རིག་འཛིན་མཁའ་འགྲོའི་བསྙེན་སྒྲུབ། མ་མཆོག་སྲིད་པའི་རྒྱལ་མོའི་འབུམ་ཚོགས་དང་བླ་ཆེན་དྲན་པ་ནམ་མཁའི་འབུམ་ཚོགས། ས་བདག་ཉེ་ལམ་སྡེ་བཞི་དང་ཀུན་འབུམ་གོ་འབྱེད་ཀྱི་མཆོད་སྦྱིན། ཁྲོ་ཕུར་དགུ་གཏོར་ཆེན་མོ་གཙོས་པའི་སྒྲུབ་མཆོད་དང་སྤྱི་རིམ་རྣམས་ལོ་དང་ཟླ་བ་བསྟུད་དེ་འཆར་ཅན་དུ་སྒྲུབ་བཞིན་ཡོད་པ་དང་། དེར་མ་ཟད་དུས་ནས་དུས་སུ་དགོས་པ་སྐབས་བསྟུན་གྱིས་དམིགས་བསལ་གྱི་བསྙེན་སྒྲུབ་དང་སྐུ་རིམ་ཞབས་བརྟན་དང་སྒྲིབ་སྦྱོང་ཚོགས་རྫོགས་ཀྱི་ཆོ་ག་སྤེལ་བའི་ལམ་སྲོལ་ཡོད་པ་ལྟར།

​ད་ལམ་འདི་ལོ་ཧོར་ཟླ་༡༠བའི་ཚེས་༢༢དང་༢༤ བར་ལ་སྟ་གོན་བཅའ་བཟོ་དང་མཆོད་བཤམ་གྲུབ་པར་བྱས་ཏེ།བོད་ཚེས་༢༥ནས་ཧོར་ཟླ་༡༡ པའི་ཚེས་༡བར་ལ། ཕྱི་ལོ་༢༠༢༡ ཟླ་༡༢ ཚེས་༢༩ ནས་ ༢༠༢༢ ཟླ་༡ ཚེས་༣ བར་ཉིན་གྲངས་དྲུག་རིང་འཇར་མ་ནིར་གནས་བཞུགས་ལྕམ་ཨཱུ་ཤ་ཨག་སོའི་ལཱུའམ་གཡུང་དྲུང་དབང་མོས་རང་གི་བཟའ་ཟླ་འདས་པ་རུ་ཌོལྥི་ཨག་སོའི་ལཱུའི་ཆེད་དང་ཨ་ཀའི་བློན་བར་མ་ཚང་གིའབུམ་ཆེན་གྱིས་བློན་བར་མ་ཚང་གི་ཨ་མ་དྲིན་ཆེན་མཆོག་གོ་གཙོས་པའི་ཤི་གསོན་གཉིས་དང་ཧི་མ་ལ་ཡ་ཞང་ཞུང་རྫོགས་ཆེན་གླིང་གི་འབྲེལ་ཡོད་ཤི་གསོན་ཕོ་མི་རྣམས་ཀྱི་ཆེད་དུ་ཡོན་སྦྱར་ཏེ་ཀུན་རིག་ལས་བཞི་རྒྱུན་ལྔའི་སྦྱིན་སྲེག་རྒྱས་པ་དང་། ཀློང་རྒྱས་སྟོང་ཐོག་བརྒྱ་བཞག་སྦྱིན་སྲེག་རྒྱས་འབུལ་ཞུ་གཏན་འཁེལ་ཞིང་།

དེ་ཡང་མདོ་རྩ་ལས། “བར་ཆོད་སྒྲིབ་སེལ་ཞི་བའི་སྦྱིན་སྲེག་མཆོག བསོད་ནམས་ཚོགས་རྫོགས་རྒྱས་པའི་སྦྱིན་སྲེག་འབུལ། གཞན་སྣང་དབང་སྡུད་དབང་གི་སྦྱིན་སྲེག་དང་། དགྲ་བགེགས་ལོག་འདྲེན་འདུལ་བ་དྲག་པོའི་སྦྱིན་སྲེག་གོ། ཐམས་ཅད་ཕུན་སུམ་ཚོགས་པ་ལས་བཞི་རྒྱུན་གྱི་ལས།” ཞེས་དང་། ཞི་ཁྲོ་རྩ་འགྲེལ་ལས། “ཞི་རྒྱས་དབང་དྲག་སྦྱིན་སྲེག་གྲུབ་གྱུར་ན། ཡེ་ཤེས་ལྔ་ཡི་དོན་རྣམས་རྟོགས་པར་འགྱུར།” ཞེས་དང་། ཁོང་འགྲེལ་ལས་བྱང་ལས། “འདི་ལ་བརྩོན་ན་ཚེ་དང་བསོད་ནམས་རབ་ཏུ་འཕེལ་ཏེ་མནོས་དགུ་ནི་འགྲུབ། བསམ་དགུ་ནི་འཕེལ་བར་འགྱུར་རོ། །སྒྲིབ་སྦྱངས་ཚོགས་རྫོགས་ཀུན་ཀྱང་ཚིམས་པ་དང༌། འཕྲལ་གྱི་རྐྱེན་བཟློག་སྡེ་བརྒྱད་དགའ་བདེའི་ཕྱིར། ཞི་རྒྱས་དབང་དྲག་རྒྱུན་གྱི་ལས་ལ་འཇུག” ཅེས་དང༌། རྩ་བའི་སྦྱིན་སྲེག་ལས། མཆོད་སྦྱིན་འདི་སྦྱོར་བའི་བདག་པོ་ལ་ནི། འཇིག་རྟེན་གྱི་མངའ་བོ་ཆེ་རྣམས་ཀྱི་ཚེ་མེད་པ་ལ་ཚེ་བསྲིང་པ་དང་། བསོད་ནམས་མེད་པ་ལ་བསོད་ནམས་སྤེལ་བ་དང་། དབང་ཐང་ཞན་པ་ལ་དབང་ཐང་སྦྱིན་པར་མཛད་དོ།། ཕྱི་མ་ལའང་འདོད་པའི་ཡོན་ཏན་ལྔ་དང་ལྡན་ནོ།།” ཞེས་གསུངས་པ་ལྟར།

​འདུས་སྡེ་འདི་དང་འབྲེལ་ཐོགས་རྒྱུ་སྦྱོར་བ་ཡོན་གྱི་བདག་པོ་བདག་མོ་གཙོས་པའི་མར་གྱུར་འགྲོ་བ་ཀུན་གྱི་ཚེ་དང་བསོད་ནམས་དཔལ་འབྱོར་ལོངས་སྤྱོད་རིགས་རྒྱུད་ཐམས་ཅད་འཕེལ་ཞིང་རྒྱས་པ་དང་། ཚེ་ལས་འདས་པ་འདས་མ་རྣམས་ཀྱི་བར་དོའི་འཁྲུལ་རྐྱེན་དང་ཐར་པའི་ལམ་གེགས་ངན་པ་ཐམས་ཅད་ཞི་བ་དང་། བླ་མ་དང་དགེ་བའི་བཤེས་གཉེན་སྐུ་ཞི་བར་གཤེགས་པ་རྣམས་ཀྱི་ཡང་སྲིད་ཕྱི་མར་ཆེ་བའི་ཡོན་ཏན་དང༌། མཛད་པའི་འཕྲིན་ལས་དང་། བསྟན་པ་དང༌། གདུལ་བྱའི་ཞིང་ཁམས་ཐམས་ཅད་འཕེལ་ཞིང་རྒྱས་པར་འགྱུར་བ་དང་། ཁྱད་པར་དུ་ཏོག་དབྱིབས་ནད་དུག་གིས་མཚོན་པའི་ནད་གདོན་ངན་པ་རྣམས་རྨིང་ནས་བརླགས་སྟེ་འཛམ་གླིང་ཞི་བདེས་ཁྱབ་པ་དང་། ཤི་གསོན་ཐམས་ཅད་སྒྲིབ་གཉིས་བྱང་ཞིང་ཚོགས་གཉིས་རྫོགས་ནས་མཐར་ཐུག་ཡེ་ཤེས་ལྔ་ཡི་དགོངས་པ་མངོན་དུ་གྱུར་ཏེ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་རིན་པོ་ཆེ་ཐོབ་པའི་ཆེད་དུ་དམིགས་པ་ཞིག་ཡིན་པས་དད་ལྡན་རྣམས་ཀྱིས་ས་ཐག་རིང་ཐུང་ལ་མ་ལྟོས་པར་རང་ངོས་ནས་སྐྱབས་སེམས་རྣམ་པར་དག་པའི་སྒོ་ནས་བདེར་གཤེགས་སྟོང་འཛབ་དང་ཡང་ན་སྒྲིབ་སྦྱོང་གི་སྙིང་པོ་གང་ཐུབ་གསོག་སྒྲུབ་གནང་སྟེ་འབྲེལ་འཇོག་གནང་སྐྱོང་ཡོང་བའི་དགེ་སྐུལ་ དུ། གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་༧དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེའི་འདུས་སྤྱི་ནས་ སྤྱི་ལོ་༢༠༢༡ ཟླ་༡༢ ཚེས་༡༡ཉིན།

སྦྱིན་སྲེག་གི་ཆོ་ག་འདི་དང་རྒྱུ་སྦྱོར་གྱི་འབྲེལ་འཇོག་ཞུ་འདུན་ཡོད་རིགས་རྣམས་ནས་གཤམ་གསལ་ཞལ་དཔར་ཐོག་འབྲེལ་བ་གནང་རོགས་ཞུ།

གཉེར་པ་གཡུང་དྲུང་ཚུལ་ཁྲིམས། ཁ་པར་ཨང་། 9860643223
མགྲོན་གཉེར་ཀུན་སྐྱོང་རྒྱལ་པོ། ཁ་པར་ཨང་། 9840232472

རྩིས་པ་ཟླ་བ་ནོར་བུ། ཁ་པར་ཨང་། 9860106316

 

བདེར་གཤེགས་སྟོང་འཛབ་ནི།
ཨ་ཨ་ཨད་ཨཱོྃ་སལ་སལ་ཧ་འ་ཧཱུྃ་འོ་ལམ་ལམ་ཡཾ་ཡཾ་རྃ་རྃ་ཁཾ་ཁཾ་སྲུྃ་སྲུྃ་ཨཱོྃ་ཨཱོྃ་ཨ་ལོ་སྤར་ཨ་ལམ་གསལ་ཟེར་སྤྲོས་འོད་རུམ་ཁྱབ་བདལ་སྤྲོས་པ་མཁའ་ལ་མཉམ་སྟེ་བདལ་བདལ།།

སྒྲིབ་སྦྱོང་གི་སྙིང་པོ་ནི།
ཨ་དཀར་ཨ་རྨད་དུ་ཏྲི་སུ། ནག་པོ་ཞི་ཞི་མལ་མལ་སྭཧཱ།

(སྤྱིའི་གཟིགས་གྲངས། 614 དེ་རིང་། 1)

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
བདག་ཅག་གི་…
error: རྩོམ་འདི་བདག་དབང་ཅན་ཡིན།