གདན་ས་ཁྲི་བརྟན་ནོར་བུ་རྩེའི་སྐབས་བཅུ་གཉིས་པའི་དགེ་བཤེས་མཛད་སྒོ་ཉིན་དང་པོ།
བོད་ཆུ་ཡོས་ལོ་འདིར་གདན་ས་འདི་ནས་གཡུང་དྲུང་བོན་གྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་གི་བཤད་སྒྲུབ་འདུས་སྡེའི་ཁོངས་ནས་སློབ་པ་མཐར་སོན་པའི་བཀའ་རམས་པ་རྣམ་པ་བཅུ་དྲུག་ལ་དགེ་བཤེས་ཀྱི་མཚན་རྟགས་འབུལ་རྒྱུ་ཡིན་ཞིང་། ད་བར་གདན་ས་འདི་ནས་ཐེངས་གཅིག་ལ་དགེ་བཤེས་བཏང་གྲངས་མང་ཤོས་ཡིན་པ་མ་ཟད་གདན་ས་འདི་ག་རང་ནས་ཐོན་པའི་དགེ་བཤེས་གྲངས་༡༠༤ཟིན་ཏེ་དགེ་བཤེས་བརྒྱ་ཁ་གང་བའི་རྟེན་འབྲེལ་བཟང་པོར་འགྲིག་ཡོད། ད་ེཡང་དེ་རིང་སྟེ་ཕྱི་ལོ་༢༠༢༣ལོའི་ཟླ་བ་༢ པའི་ཚེས་༢༦ཉིན་གདན་ས་ཆེན་མོ་དཔལ་ལྡན་ཁྲི་བརྟན་ནོར་བུའི་རྩེའི་སྐབས་བཅུ་གཉིས་པའི་དགེ་བཤེས་མཛད་སྒོ་ཆེན་མོ་དེ་ཉིད་དངོས་སུ་དབུ་ཚུགས་པ་དང་། སྔ་དྲོ་ཆུ་ཚོད་༩པའི་ཐོག་སྤོས་རྒྱས་སྣ་དྲངས་ཏེ་སྐྱབས་རྗེ་མཁན་ཆེན་ལུང་རྟོགས་བསྟན་པ་གཡུང་དྲུང་རིན་པོ་ཆེ་མཆོག་དང་། སྐྱབས་རྗེ་སློབ་དཔོན་ཚངས་པ་བསྟན་འཛིན་རིན་པོ་ཆེ། སྐྱབས་རྗེ་སྒྲུབ་གྲྭའི་མཁན་པོ་ཚུལ་ཁྲིམས་བསྟན་འཛིན་རིན་པོ་ཆེ། བཤད་སྒྲུབ་མཁན་སློབ་རྣམ་པ་བཅས་རིམ་པར་གཙུག་ལག་ཁང་གསར་པར་གདན་འདྲེན་ཞུས། བཀའ་རམས་པ་གཡོ་ཤོད་དྲང་སྲོང་བདེ་ལེགས་ཚུལ་ཁྲིམས་རྒྱ་མཚོ་ལགས་དང་། བཀའ་རམས་པ་བྲུ་ཚང་དྲང་སྲོང་ཡེ་ཤེས་རབ་གསལ་རྣམ་དག་ལགས། བཀའ་རམས་པ་དབུར་ཁྱུང་དྲང་སྲོང་ཡེ་ཤེས་བདུད་རྩི་རྒྱལ་མཚན་ལགས་རྣམ་པ་གསུམ་ནས་སྔོན་འགྲོ་བཤད་པ་གྱེར་ཞིང་། གཟབ་ཇ་དང་འབྲས་སིལ་འདེགས་འབུལ་ཞུས། ཉིན་གུང་ཆུ་ཚོད་༡༢ཐོག་བཀའ་རམས་པ་རྣམ་པ་གསུམ་གྱིས་གཏོང་སྒོ་ཆེན་མོ་དང་། ཕྱི་དྲོའི་ཕྱག་ཚོད་༣པའི་ཐོག་བཀའ་རམས་པ་རྣམ་པ་གསུམ་ནས་བཀྲ་ཤིས་གསོལ་ཞིང་བཀྲ་ཇ་དང་། བཞེས་བྲོ་འདེགས་འབུལ་ཞུས་པ་བཅས་ཀྱི་གསར་གནས་སུ།
བཀའ་རམས་པ་གཡོ་ཤོད་དྲང་སྲོང་བདེ་ལེགས་ཚུལ་ཁྲིམས་རྒྱ་མཚོ་ནི་ཕྱི་ལོ་ ༡༩༨༡ ལོར་འཁྲུངས་ཤིང་། དགུང་ལོ་བཅུ་བདུན་ནས་ཉི་ཤུའི་བར་དུ་ངེས་པ་དོན་གྱི་རྣལ་འབྱོར་པ་ཁྱུང་རུ་མི་ཤིག་རྣམ་རྒྱལ་དང་མཁན་པོ་གཡུང་དྲུང་གཙུག་ཕུད། མཚམས་པ་སྟོབས་རྒྱས་སོགས་ཀྱི་སྐུ་དྲུང་ནས་སྔོ་འགྲོ་བཀའ་ལུང་རྒྱ་མཚོ་དང་སྐུ་གསུམ་རང་ཤར་སོགས་ཀྱི་ཁྲིད་ཀ་ཐོབ་ཅིང་སྔོན་འགྲོ་འབུམ་དགུའི་བསགས་སྦྱོང་དང་། དངོས་གཞི་སེམས་ཁྲིད། ཨ་དཀར་སྒྲིབ་སྦྱོང་། རྩ་རླུང་ཞག་བརྒྱ། མུན་མཚམས་བཅས་ཀྱི་དགེ་སྦྱོར་བྱས། ལོ་ཉེར་གསུམ་ཐོག་བོན་གྱི་གྲྭ་ས་བར་མ་རབ་ལེགས་གཡུང་དྲུང་རྣམ་རྒྱལ་ཀུན་གྲགས་གླིང་དུ་དགེ་སློང་ཤེས་རབ་བསྟན་འཛིན་གྱི་སྐུ་མདུན་དུ་རབ་བྱུང་གི་སྡོམ་པ་ཞུས་ནས་ཚུལ་མིང་བསྟན་པ་འོད་ཟེར་གནང་། ལོ་ཉེར་ལྔ་ཐོག་གདན་ས་ཆེན་པོ་དཔལ་ལྡན་ཁྲི་བརྟན་ནོར་བུའི་རྩེར་འབྱོར་ནས་གསང་གསུམ་བོན་གྱི་མཛོད་འཛིན་༧སྐྱབས་རྗེ་ཡོངས་འཛིན་སྨྲ་བའི་དབང་པོ་མཆོག་དང་། མཁན་ཆེན་ལུང་རྟོགས་བསྟན་པ་གཡུང་དྲུང་རྣམ་གཉིས་གསེར་ཞལ་དངོས་སུ་མཇལ་བ་དང་། གཡུང་དྲུང་བོན་གྱི་ཆེས་མཐོའི་གཙུག་ལགས་སློབ་གཉེར་ཁང་གི་བཤད་སྒྲུབ་འདུས་སྡེའི་སྒྲིག་ཁོངས་སུ་ཞུགས་ནས་དགོན་འདི་ཡི་མཁན་སློབ་རྣམ་པ་དང་ལུང་རིག་གིས་ཕྱུགས་པའི་དགེ་བཤེས་དུ་མའི་བཀའ་དྲིན་འོག་མི་ལོ་བཅུ་གསུམ་ལྷག་རིང་མདོ་སྔགས་རྫོགས་གསུམ་དང་ཐུན་མོང་རིག་གནས་བཅས་ལ་ཐོས་བསམ་གནང་བ་དང་། ༢༠༡༧དང་༢༠༡༨གཉིས་ལ་རྩོད་རྒྱུགས་ཀྱི་ཨང་རིམ་དང་པོའི་གཟེངས་རྟགས་ཐོབ། ༢༠༠༩ལོར་༧སྐྱབས་རྗེ་སྨན་རིའི་ཁྲི་འཛིན་སོ་གསུམ་པ་མཆོག་དང་ཡོངས་འཛིན་སྨྲ་བའི་དབང་པོ་རྣམ་གཉིས་ཞལ་འཛོམས་ཀྱི་དྲུང་ནས་དག་པ་དྲང་སྲོང་གི་ཁྲིམས་ཆེན་ཞུས། གཞན་ཡང་༧སྐྱབས་རྗེ་ཡོངས་འཛིན་རིན་པོ་ཆེ་ཡི་མདུན་ནས་བཀའ་རྒྱུ་སྐོར་བཞི་དང་བྱང་ཆུབ་སེམས་ཀྱི་གནད་དྲུག མ་རྒྱུད་གྲོལ་ལམ་རིན་ཆེན་འཕུར་རྐྱེན་སོགས་གསུང་ཁྲིད་ཆ་ཚང་ཐོབ་པ་མ་ཟད་མཁན་སློབ་རྣམ་པའི་སྐུ་མདུན་ནས་ཡི་དམ་ཕྱི་ནང་གསང་གསུམ་གྱི་དབང་ལུང་གང་མང་ཐོབ། ཞྭ་དཀར་བསྟན་པའི་གཙུག་རྒྱན་སྐྱབས་རྗེ་མཁན་ཆེན་ལུང་རྟོགས་བསྟན་པའི་ཉི་མ་རིན་པོ་ཆེ་མཆོག་དང་། གསང་གསུམ་བོན་གྱི་མཛོད་འཛིན་ཡོངས་འཛིན་སྨྲ་བའི་དབང་པོ་རྣམ་གཉིས་དབུ་བཞུགས་ཐོག་དྲང་སྲོང་གི་ཁྲིམས་ཞུ་བའི་སྐལ་བཟང་ཐོབ། བཤད་གྲྭའི་སློབ་ཚན་རྫོགས་རྗེས་ ༢༠༡༩ ལོར་སྒྲུབ་གྲྭའི་སྒྲིག་ཁོངས་སུ་ཞུགས་ནས་སྐྱབས་རྗེ་སྒྲུབ་གྲྭའི་མཁན་རིན་པོ་ཆེའི་མདུན་ནས་རྫོགས་ཆེན་རྒྱུད་སྡེ་བཞི་ཡི་མ་བུ་ཆ་ལག་དང་བཅས་པ་དཔེ་ཁྲིད་ཆ་ཚང་ཐོབ་པ་དང་། ལོ་གསུམ་གྱི་རིང་ལ་ཐུན་བཞིའི་ཉམས་ལེན་དང་བསགས་སྦྱང་སོགས་རང་ནུས་ཅི་ཐུབ་བྱས་ཤིང་རྩ་རླུང་ཞགས་བརྒྱ་དང་མུན་མཚམས་སོགས་སྒྲིག་གཞི་ལྟར་མཐའ་འཁྱོངས་བར་གནང་སྟེ་ཕྱི་ལོ་ ༢༠༢༢ ལོར་སྟོན་པའི་དུས་ཆེན་ཉིན་མོར་དངོས་སུ་སྒྲུབ་གྲྭ་ནས་ཐོན་ཏེ་གཤེན་གྱི་དགེ་སྦྱོར་བའི་ཕྱག་འཁྱེར་ཐོབ་པ་དང་ལྷན་བཀའ་རམས་པའི་མཚན་བཏག་གནང་། ༢༠༢༣ ལོའི་སྟོན་པའི་དུས་ཆེན་ཉིན་མོར་སྐྱབས་རྗེ་མཁན་ཆེན་ལུང་རྟོགས་བསྟན་པ་གཡུང་དྲུང་རིན་པོ་ཆེ་མཆོག་དང་། སྐྱབས་རྗེ་སློབ་དཔོན་ཚངས་པ་བསྟན་འཛིན་རིན་པོ་ཆེ། བཤད་སྒྲུབ་མཁན་སློབ་རྣམ་པ་གཉིས་བཅས་ཀྱི་མདུན་དུ་རིག་གནས་ཀྱི་ཤོག་ཁྲ་རྣམས་སྤྱན་འབུལ་ཞུས་ཏེ་བརྡ་སྤྲོད་ཀུན་བཤད་ཀྱི་མཚན་དུ་«སྨྲ་དབང་རང་གྲོལ་»ཞེས་གནང་། འདི་ལོར་གདན་ས་འདི་ནས་བཀའ་རབ་འབྱམས་པ་དགེ་བའི་བཤེས་གཉེན་ཆེན་མོའི་མཚན་རྟགས་དངོས་སུ་བཞེས་རྒྱུ་བཅས་ཀྱི་ལོ་རྒྱུས་མདོ་བསྡུས་སོ། །
བཀའ་རམས་པ་བྲུ་ཚང་དྲང་སྲོང་ཡེ་ཤེས་རབ་གསལ་རྣམ་དག་ནི། བོད་ལྗོངས་ནག་ཆུ་སྦྲ་ཆེན་རྫོང་ཡ་ང་ཁྲོམ་ཚང་འགག་གོང་དུ་ཕྱི་ལོ་༡༩༨༣ལོར་འཁྲུངས་ཤིང་། རང་ལོ་བརྒྱད་ནས་ཀ་ཁའི་འབྲི་ཀློག་འགོ་བརྩམས། ལོ་བཅུ་གཉིས་དུས་རག་ཤི་རྟོགས་ལྡན་དྲི་མེད་གཡུང་དྲུང་གི་མདུན་ནས་རབ་བྱུང་ཞུས། ལོ་༡༧ནས་ཁྲོམ་ཚང་དགོན་དུ་རྩ་བླ་ཡོན་ཏན་རྒྱ་མཚོའི་དྲུང་ནས་བཀའ་ལུང་རྒྱ་མཚོ་སོགས་ཤར་རྫའི་བཀའ་རྣམས་ལ་ཐོས་བསམ་གནང་། ཕྱི་ལོ་༢༠༠༥ལོར་ཟླ་༡༡ཚེས་༧ཉིན་བལ་ཡུལ་དུ་འབྱོར། ཕྱི་ལོ་༢༠༠༥ཟླ་༡༡ཚེས་༢༦ཉིན། གདན་ས་༧དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེར་གཡུང་དྲུང་བོན་གྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་གི་བཤད་གྲྭར་ཞུགས། ༧ སྐྱབས་རྗེ་ཡོངས་འཛིན་རིན་པོ་ཆེ་མཆོག་གིས་དབུས་མཁན་སློབ་དགེ་བའི་བཤེས་གཉེན་དུ་མའི་དྲུང་ནས་མདོ་སྔགས་སེམས་གསུམ་གྱི་གཞུང་ཆེན་ཁག་དང་ཐུན་མོང་རིག་གནས་དང་བཅས་པར་སྦྱོང་བརྩོན་གནང་བའི་མུར། ཕྱི་ལོ་༢༠༠༩ལོར་༧སྐྱབས་རྗེ་རྒྱལ་བ་སྨན་རི་བའི་ཁྲི་འཛིན་སོ་གསུམ་པ་ལུང་རྟོགས་བསྟན་པའི་ཉི་མ་རིན་པོ་ཆེ་མཆོག་དང་། ༧སྐྱབས་རྗེ་ཡོངས་འཛིན་སྨྲ་བའི་དབང་པོ་ཞལ་འཛོམས་ཀྱི་དྲུང་ནས་དྲང་སྲོང་གི་ཁྲིམས་ཆེན་ཞུས། ཕྱི་ལོ་༢༠༡༠ལོར་གྲྭ་ཚང་གི་མཆོད་དཔོན་བྱས། ཕྱི་ལོ་༢༠༡༦ལོར་སྐྱབས་རྗེ་མཁན་ཆེན་ལུང་རྟོགས་བསྟན་པ་གཡུང་དྲུང་རིན་པོ་ཆེའི་བཀའ་དགོངས་བཞིན་བགྲེས་པོའི་འབེལ་གཏམ་རྩོམ་སྒྲིག་ཁང་གི་ཚོགས་མིར་ཞུགས་ཏེ་བགྲེས་པོའི་འབེལ་གཏམ་ཕྱོགས་བསྒྲིགས་དེབ་ཆེན་པོ་ལྔའི་བདག་ཉིད་ཅན་ཞུ་སྒྲིག་གནང་མཁན་གྲས་སུ་ཕྱག་ལས་གནང་བ་མ་ཟད་ད་སྐབས་ཀྱང་བགྲེས་གཏམ་རྩོམ་སྒྲིག་པ་གཞོན་པའི་ལས་འགན་ཞབས་ཞུ་བསྒྲུབས་དང་སྒྲུབ་མུས་སུ་མཆིས། ཕྱི་ལོ་༢༠༡༨ལོ་ནས་བཟུང་ད་བར་གཞི་རིམ་སྔོན་འགྲོའི་སློབ་གྲྭའི་བོད་ཡིག་ཡིག་གཟུགས་ཀྱི་དགེ་རྒན་གནངས་དང་གནང་མུས་བཅས་སློབ་གཉེར་བའི་ཞོར་ནས་དགོན་གྱི་ཞབས་ཞུ་དེ་དག་བསྒྲུབ། ཕྱི་ལོ་༢༠༡༢དང་། ༢༠༡༧། ༢༠༡༨བཅས་ལ་གཞུང་ཆེན་ཡིག་རྒྱུགས་ཀྱི་ཨང་རིམ་དང་པོའི་གཟེངས་བསྟོད་ཐོབ། ཕྱི་ལོ་༢༠༡༨ལོའི་ལོ་མཇུག་ཏུ་བཤད་གྲྭའི་དཔེ་ཁྲིད་རྫོགས་ནས་སྤྱི་ལོ་༢༠༡༩ལོར་ཟླ་བ་༤ཚེས་༧ཉིན་སྒྲུབ་གྲྭར་ཞུགས་ཏེ། ལོ་གསུམ་གྱི་རིང་རྫོགས་པ་ཆེན་པོའི་བོན་ལ་སྒོམ་སྒྲུབ་ཉམས་ལེན་བསྐྱངས། གདན་ས་༧དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེ་རུ་«བོན་རིག་པའི་བགྲོ་གླེང་ཐེངས་»དང་པོ་དང་གཉིས་པའི་ཐོག་ཏུ་དཔྱད་རྩོམ་སྒྲོགས་སྦྱང་ཞུས། ཕྱི་ལོ་༢༠༢༢ལོའི་ཟླ་༢ཚེས་༣དང་། ཧོར་ཟླ་བཅུ་གཉིས་པའི་ཚེས་༡༥སྟོན་པའི་འཁྲུངས་མཆོད་ཉིན་སྒྲུབ་གྲྭའི་དུས་ཀྱི་བཅས་མཚམས་མཐར་ཕྱིན་ནས་གཤེན་གྱི་དགེ་སྦྱོར་བའི་མཚན་རྟགས་བསྩལ་བ་དང་ལྷན་བཀའ་རམས་པའི་མཚན་རྟགས་ཐོབ། ཕྱི་ལོ་༢༠༢༣ལོར་སྟོན་པའི་དུས་ཆེན་ཉིན་མོར་རིག་གནས་ཤོག་ཁྲ་རྣམས་སྤྱན་འབུལ་ཞུས་ཤིང་བརྡ་སྤྲོད་ཀུན་བཤད་ཀྱི་མཚན་དུ་«ཐེག་མཆོག་རྒྱལ་པོ»ཞེས་གནང་། འདི་ལོར་གདན་ས་འདི་ནས་བཀའ་རབ་འབྱམས་པའི་དགེ་བའི་བཤེས་གཉེན་ཆེན་མོའི་མཚན་རྟགས་བཞེས་པའི་མཛད་སྒོ་དང་སྟབས་བསྟུན་ཏེ་དཔྱད་རྩོམ་ཕྱོགས་བསྡུས་དེབ་ཕྲེང་དང་པོ་«མཁའ་ལྡིང་གི་གཤོག་རླབས»སྒོ་འབྱེད་གནང་བ་བཅས་ཀྱི་ལོ་རྒྱུས་མདོར་བསྡུས་སོ།།
བཀའ་རམས་པ་དབུར་ཁྱུང་དྲང་སྲོང་ཡེ་ཤེས་བདུད་རྩི་རྒྱ་མཚོ་ནི་ཁྱུང་ཡུལ་སྟེང་ཆེན་ག་ངས་ཞེས་པར་ཕ་ཁམས་མཐོ་དང་མ་ཚེ་དཔལ་གཉིས་ལས་ཕྱི་ལོ་༡༩༨༧ལོར་འཁྲུངས། ལོ་བཅུ་གཅིག་ཐོག་དགེ་རྒན་ཟེ་བ་བསོད་ནམས་ཀྱི་མདུན་ནས་ཡིག་གེ་འབྲི་ཀློག་བསླབས། ལོ་བཅུ་བཞི་ཙམ་ནས་རྒན་གཡུང་དྲུང་ཉི་མའི་མདུན་ནས་སྔོན་འགྲོ་དང་དངོས་གཞི་སོགས་ཞུས་ཏེ་ངས་པ་མར་ཁུ་དགོན་གཡུང་དྲུང་དར་རྒྱས་གླིང་གི་ཚོགས་གྲལ་ལ་ཞུགས། ལོ་བཅུ་བདུན་སྟེང་གྲུབ་ཆེན་ནམ་མཁའ་རྒྱལ་མཚན་མདུན་ནས་སེམས་ཁྲིད་བསྐྱར་སྦྱོང་དང་དགུང་ཞགས་ཞེ་དགུ་ལ་མུན་མཚམས་བཞུགས། དེ་ནས་རྟ་ལོ་སྐོར་ཆེན་ལ་ཀོང་པོ་བོན་རི་ལ་སོང་ཏེ་སྐོར་བརྒྱ་དང་རྐྱང་ཕྱག་ཕུལ། ལོ་དེར་ཀོང་པོ་སྒྱེལ་རི་དགོན་དུ་སྐུ་གསུམ་རང་ཤར་གྱི་རྩ་རླུང་ཞགས་བརྒྱ་སྦྱངས། དེ་རྗེས་ཁྱུང་པོ་སྟེང་ཆེན་དགོན་དུ་བླ་མ་རྒྱ་མཚོ་རིན་པོ་ཆེའི་མདུན་དུ་ལོ་གཅིག་ཙམ་བསྡད། ལོ་ཉེར་གཉིས་ཐོག་གདན་ས་ཆེན་མོ་དཔལ་ལྡན་ཁྲི་བརྟན་ནོར་བུའི་རྩེ་ལ་འབྱོར་ཏེ་༧སྐྱབས་རྗེ་རྩ་བའི་བླ་མ་ཡོངས་འཛིན་སྨྲ་བའི་དབང་པོ་མཆོག་གསེར་ཞལ་མཇལ་ཏེ་རང་དགོན་གྱི་མཚན་ཉིད་སྒྲིགས་ཁོངས་སུ་ཞུགས། དཔལ་གཤེན་བསྟན་སྨན་རིའི་གླིང་དུ་༧སྐྱབས་རྗེ་མཁན་ཆེན་ལུང་རྟོགས་བསྟན་པའི་ཉི་མ་རིན་པོ་ཆེས་དམིགས་བསལ་བོན་སྒོ་ཕྱི་ནང་གསང་གསུམ་གྱི་བཀའ་དབང་ཟབ་མོ་གནང་སྐབས་སྐལ་བཟང་མཉམ་དུ་ཐོབ། ༢༠༠༩ བོད་ས་བྱ་ལོའི་ཧོར་ཟླ་༡༢པའི་ཚེས་༣༠ཉིན་༧སྐྱབས་རྗེ་སྨན་རིའི་ཁྲི་འཛིན་སོ་གསུམ་པ་མཆོག་དང་ཡོངས་འཛིན་སྨྲ་བའི་དབང་པོ་རྣམ་གཉིས་ཀྱི་མདུན་ནས་དག་པ་དྲང་སྲོང་གི་ཁྲིམས་ཞུས་ཤིང་ཚུལ་མིང་དུ་ཡེ་ཤེས་བདུད་རྩི་རྒྱ་མཚོ་ཞེས་གནང་། གཡུང་དྲུང་བོན་གྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་གི་བཤད་གྲྭའི་སྒྲིགས་ཁོངས་སུ་མི་ལོ་བཅུ་གསུམ་གྱི་རིང་མདོ་སྔགས་རྫོགས་གསུམ་དང་ཐུན་མོང་རིག་གནས་སོགས་ལ་ཐོས་བསམ་མཐར་ཕྱིན་པར་བྱས་ཤིང་བཤད་སྒྲུབ་འདུས་སྡེའི་འཕྲོད་རྟེན་འགན་འཛིན་ལས་གནས་ཀྱི་མིང་ཡང་ཁུར། བཤད་གྲྭའི་སློབ་ཚན་རྫོགས་རྗེས་སླར་སྒྲུབ་གྲྭའི་ནང་དུ་ལོ་གསུམ་རིང་རྫོགས་ཆེན་རྒྱུད་སྡེ་བཞིའི་མ་བུ་ཆ་ལག་བཅས་ལ་གསན་བསམ་ཉམས་ལེན་གནང་ཞིང་དེའི་རིང་ལོ་གཅིག་ལ་སྒྲུབ་གྲའི་དགེ་བསྐོས་ཀྱང་བྱས། ཕྱི་ལོ་༢༠༢༢ལོའི་ཟླ་༢ཚེས་༣དང་། ཧོར་ཟླ་བཅུ་གཉིས་པའི་ཚེས་༡༥སྟོན་པའི་འཁྲུངས་མཆོད་ཉིན་སྒྲུབ་གྲྭའི་དུས་ཀྱི་བཅས་མཚམས་མཐར་ཕྱིན་ནས་གཤེན་གྱི་དགེ་སྦྱོར་བའི་མཚན་རྟགས་བསྩལ་བ་དང་ལྷན་བཀའ་རམས་པའི་མཚན་རྟགས་ཐོབ། ཕྱི་ལོ་༢༠༢༣ལོའི་སྟོན་པའི་དུས་ཆེན་ཉིན་མོར་རིག་གནས་ཀྱི་ཤོག་ཁྲ་རྣམས་སྤྱན་འབུལ་ཞུས་ཏེ་བརྡ་སྤྲོད་ཀུན་བཤད་ཀྱི་མཚན་དུ་«ཀུན་བཟང་རང་གྲོལ་»ཞེས་གནང་། འདི་ལོར་གདན་ས་འདི་ནས་བཀའ་རབ་འབྱམས་པའི་དགེ་བའི་བཤེས་གཉེན་ཆེན་མོའི་མཚན་རྟགས་དངོས་སུ་བཞེས་རྒྱུ་བཅས་ཀྱི་ལོ་རྒྱུས་མདོར་བསྡུས་སུ།
མེ་ལོང་ཡེ་ཤེས་དྲ་བའི་གཙོ་སྒྲུབ་པས་ཕྱི་ལོ་ ༢༠༢༣ ༢ ༢༦ ཉིན་སྤེལ།། །།
པར་པ་ཁྱུང་ཐོག་རྒོད།