ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

གདན་ས་ཁྲི་བརྟན་ནོར་བུའི་རྩེའི་སྐབས་བཅུ་གཉིས་པའི་དགེ་བཤེས་མཛད་སྒོ་ཉིན་གཉིས་པ།

དེ་རིང་སྟེ་ཕྱི་ལོ་༢༠༢༣ལོའི་ཟླ་བ་༢པའི་ཚེས་༢༨ཉིན་གདན་ས་ཆེན་མོ་དཔལ་ལྡན་ཁྲི་བརྟན་ནོར་བུའི་རྩེའི་སྐབས་བཅུ་གཉིས་པའི་དགེ་བཤེས་མཛད་སྒོ་ཆེན་མོ་ཉིན་གཉིས་པར་སྔ་དྲོ་ཆུ་ཚོད་༩པའི་ཐོག་སྤོས་རྒྱས་སྣ་དྲངས་ཏེ་སྐྱབས་རྗེ་མཁན་ཆེན་ལུང་རྟོགས་བསྟན་པ་གཡུང་དྲུང་རིན་པོ་ཆེ་མཆོག་དང་། སྐྱབས་རྗེ་སློབ་དཔོན་ཚངས་པ་བསྟན་འཛིན་རིན་པོ་ཆེ། སྐྱབས་རྗེ་སྒྲུབ་གྲྭའི་མཁན་པོ་ཚུལ་ཁྲིམས་བསྟན་འཛིན་རིན་པོ་ཆེ། བཤད་སྒྲུབ་མཁན་སློབ་རྣམ་པ་བཅས་རིམ་པར་གཙུག་ལག་ཁང་གསར་པར་གདན་འདྲེན་ཞུས་རྗེས། བཀའ་རམས་པ་བྲུ་དྲང་སྲོང་ཚུལ་ཁྲིམས་འཇིགས་མེད་དབང་པོ་ལགས་དང་། བཀའ་རམས་པ་འབེ་ཚ་དྲང་སྲོང་བསྟན་འཛིན་ལྷུན་གྲུབ་ལགས། བཀའ་རམས་པ་ཨ་ཤག་དྲང་སྲོང་ཁྲི་གཙུག་བསྟན་འཛིན་རྣམ་དག་ལགས་རྣམ་པ་གསུམ་ནས་སྔོན་འགྲོའི་བཤད་པ་གྱེར་ཞིང་། གཟབ་ཇ་དང་འབྲས་སིལ་འདེགས་འབུལ་ཞུས། ཉིན་གུང་ཆུ་ཚོད་༡༢ཐོག་བཀའ་རམས་པ་རྣམ་པ་གསུམ་གྱིས་གཏོང་སྒོ་ཆེན་མོ་དང་། ཕྱི་དྲོའི་ཕྱག་ཚོད་༣པའི་ཐོག་བཀའ་རམས་པ་རྣམ་པ་གསུམ་ནས་བཀྲ་ཤིས་གསོལ་ཞིང་བཀྲ་ཇ་དང་། བཞེས་བྲོ་འདེགས་འབུལ་ཞུས་པ་བཅས་སོ།།

བཀའ་རམ་པ་བྲུ་དྲང་སྲོང་ཚུལ་ཁྲིམས་འཇིགས་མེད་དབང་པོ་ནི་རྔུལ་རྫ་ཟལ་མོའི་སྒང་སྟོད་ཧོར་སྦྲ་ཆེན་གསེར་ལུང་ཕྱུག་མོའི་ལྗོངས་ཀྱི་མངའ་ཁོངས་ཡ་ང་ཤང་ཁྲོམ་ཚང་འགག་གོང་དུ་ཕ་བྲུ་ཚེ་རིང་ཉི་འགྲུབ་དང་མ་རྐོང་ཐུང་བཟའ་ཚེ་རིང་སྐྱིད་གཉིས་ལས་ཕྱི་ལོ ༡༩༨༦ ལོར་སྐྱེས། ཆུང་ངུའི་དུས་ནས་ཡབ་ཀྱི་དྲུང་ནས་ཡོན་ཏན་ཀུན་གྱི་གཞི་མ་ཡི་གེ་འབྲི་ཀློག་འདོན་གསུམ་ལ་བསླབ། ཕྱི་ལོ་༢༠༠༥ ལོར་བོན་གྱི་གདན་ས་ཆེན་མོ་དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེ་རུ་འབྱོར་ནས་༧སྐྱབས་རྗེ་ཡོངས་འཛིན་རིན་པོ་ཆེ་གཙོས་མཁན་སློབ་རྣམ་པའི་དྲུང་ནས་རབ་བྱུང་གི་སྡོམ་པ་ཞུས། དེ་ནས་གཡུང་དྲུང་བོན་གྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་གི་བཤད་གྲྭའི་སྒྲིག་ཁོངས་སུ་ཞུགས།  ཕྱི་ལོ་༢༠༠༩ བོད་ས་བྱི་ལོའི་ཧོར་ཟླ་༡༢ པའི་ཚེས་༣༠ ཉིན་རྒྱལ་བ་སྨན་རི་བའི་མཁན་སློབ་རྣམ་གཉིས་དྲུང་ནས་དག་པ་དྲང་སྲོང་གི་ཁྲིམས་རྫོགས་པར་ཞུས།   ཕྱི་ལོ་༢༠༡༣ལོར་༧སྐྱབས་རྗེ་རྒྱལ་བ་སྨན་རིའི་ཁྲི་འཛིན་སོ་གསུམ་པ་མཆོག་གི་དྲུང་ནས་ཕྱི་རྒྱུད་ཀྱི་བཀའ་དབང་ཆ་ཚང་དང་།  ནང་རྒྱུད་གསས་མཁར་མཆོག་ལྔའི་དབང་ཆ་ཚང་ཞུ་བའི་སྐལ་བཟང་ཐོབ།   དེ་བཞིན་སྐྱབས་རྗེ་སྨྲ་དབང་ཡོངས་འཛིན་རིན་པོ་ཆེའི་དྲུང་ནས་ཕྱི་ནང་གསང་གསུམ་གྱི་དབང་ལུང་ཕལ་ཆེ་བ་ཐོབ་པ་མ་ཟད་སྔགས་རྫོགས་ཀྱི་བཀའ་ཁྲིད་གང་མང་ཞུ་བའི་གོ་སྐབས་ཀྱང་ཐོབ།   དགོན་འདིའི་མཁན་སློབ་དང་དགེ་རྒན་རྣམ་པའི་དྲུང་ནས་མི་ལོ་བཅུ་གསུམ་རིང་གཞུང་ཆེན་མདོ་སྔགས་རྫོགས་གསུམ་དང་དབང་ལུང་ཁྲིད་གསུམ།  ཐུན་མོང་རིག་གནས་བཅས་གསན་བསམ་སློབ་གཉེར་གནང་སྟེ་བཤད་གྲྭའི་དུས་ཚོད་རྫོགས་པ་དང་། ཕྱི་ལོ་༢༠༡༩ལོར་སྒྲུབ་གྲྭར་ཞུགས་ཏེ་མི་ལོ་ཧྲིལ་པོ་གསུམ་གྱི་རིང་སྒོམ་སྒྲུབ་ཉམ་ལེན་གནང་། ཕྱི་ལོ་༢༠༢༢ལོར་སྒྲུབ་གྲྭའི་བཅད་མཚམས་ཟིན་ནས་སྟོན་པའི་དུས་ཆེན་ཉིན་མོར་སྒྲུབ་གྲྭ་ཐོན་ཏེ་གཤེན་གྱི་དགེ་སྦྱོར་བའི་ཕྱག་འཁྱེར་བཞེས་པ་དང་བཀའ་རམས་པའི་མཚན་བཏག དེ་ལྟར་མི་ལོ་ཧྲིལ་པོ་བཅོ་བརྒྱད་ཀྱི་རིང་རང་དོན་དུ་ཐོས་བསམ་སློབ་གཉེར་དང་སྒོམ་སྒྲུབ་ཉམ་ལེན་གནང་བའི་ཞོར་དུ་འཛིན་གྲྭར་ཟུར་ཁྲིད་ཀྱི་དགེ་རྒན་ལོ་མང་རིང་གནང་།   ༢༠༢༣ལོར་སྟོན་པའི་དུས་ཆེན་ཉིན་མོར་རིག་གནས་ཤོག་ཁྲ་རྣམས་སྤྱན་གཟིགས་ཕུལ་བ་དང་ལྷན་བརྡ་སྤྲོད་ཀུན་བཤད་ཀྱི་མཚན་དུ་«མཁྱེན་བརྩེ་དཔལ་ལྡན»ཞེས་གནང་། དེ་ལྟར་མི་ལོ་མང་པོའི་རིང་ཐོས་བསམ་སློབ་གཉེར་ཚུལ་བཞིན་བརྩོན་པའི་འབྲས་རྟགས་སུ་བོན་གྱི་གདན་ས་ཆེན་མོ་དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེ་རུ་ཕྱི་ལོ་༢༠༢༣ལོར་རབ་འབྱམས་དགེ་བའི་བཤེས་གཉེན་ཆེན་མོའི་མཚན་རྟགས་བཞེས་རྒྱུ་བཅས། ངོ་སྤྲོད་སྙིང་བསྡུས་སུ་བཀོད་པའོ། །མེས་པོའོ་ཁྲག་རྒྱུན་ནས་༢༠༢༣/༢༢༢་ཉིན་བྲིས།

བཀའ་རམས་པ་འབེ་ཚ་དྲང་སྲོང་བསྟན་འཛིན་ལྷུན་འགྲུབ་ནི་ཁྲོམ་ཚང་འགག་གོང་དུ་ཕ་འབེ་ཚ་འབྲུ་ཕྱུག་དང་མ་མགར་རུ་མཚོ་མོ་གཉིས་ལས་ཕྱི་ལོ་༡༩༨༥ལོའི་ཟླ་བ་༢པའི་ཚེས་༥་ཉིན་སྐྱེས། ལོ་ན་བརྒྱད་དགུ་ནས་ནོར་ལུག་སོགས་ཀྱི་རྫི་བོ་གཙོས་འབྲོག་ལས་བྱས། ཞོར་དུ་བཀའ་དྲིན་ཤིན་ཏུ་ཆེ་བའི་སྤུན་མཆེད་བོན་རྒྱལ་མདུན་ནས་ཡོན་ཏན་ཀུན་གྱི་གཞི་མ་ཡི་གེ་འདོན་ཀློག་སྦྱོང་། དེ་ནས་དྲིན་ཆེན་ཨ་མའི་མཉམ་དུ་བོན་གྱི་གནས་ཆེན་ཁག་ལ་མཇལ་སྐོར་གང་མང་ཕྱིན། དེ་རྗེས་རང་ལོ་བཅོ་བརྒྱད་ཐོག་བླ་མ་རྒྱ་མཚོ་རིན་པོ་ཆེ་དང་གཤེན་གྱི་དགེ་སྦྱོར་བ་བློ་གྲོས་རྒྱ་མཚོ་གཉིས་ཀྱི་མདུན་ནས་སྔོན་འགྲོ་དང་འཕོ་བ་སོགས་སྦྱོང་། རང་ལོ་ཉི་ཤུའི་ཐོག་བལ་ཡུལ་དུ་འབྱོར་ནས་གདན་ས་ཁྲི་བརྟན་ནོར་རྩེར་༧སྐྱབས་རྗེ་ཡོངས་འཛིན་རིན་པོ་ཆེ་དང་དགོན་འདིའི་མཁན་སློབས་རྣམ་པའི་གསེར་ཞལ་མཇལ་ཏེ། དགེ་བཤེས་ཤེས་རབ་རིན་ཆེན་གཙོས་རང་ཡུལ་གྱི་གྲྭ་པ་རྒན་པ་རྣམ་པའི་བཀའ་སློབ་ལམ་སྟོན་འོག་ནས་གདན་ས་འདིའི་བཤད་གྲྭ་བའི་སྒྲིག་ཁོངས་སུ་ཞུགས་ཏེ་ལོ་བཅུ་བཞིའི་རིང་བཀའ་དྲིན་སུམ་ལྡན་གྱི་རྩ་བའི་བླ་མ་༸སྐྱབས་རྗེ་སྒྲུབ་གྲྭའི་མཁན་རིན་པོ་ཆེའི་སྐུ་མདུན་ནས་མདོ་སྔགས་རྫོགས་གསུམ་གྱི་ཁྲིད་ཀ་ཆ་ཚང་ཞུས་པ་མ་ཟད་༸སྐྱབས་རྗེ་སྨན་རིའི་མཁན་ཆེན་ཁྲི་འཛིན་སོ་སུམ་པ་མཆོག་དང་༸སྐྱབས་རྗེ་ཡོངས་འཛིན་རིན་པོ་ཆེ་རྣམ་གཉིས་གཙོས་མཁན་སློབ་རྣམ་པའི་མདུན་ནས་དབང་ལུང་ཁྲིད་གསུམ་དུ་མ་ཞུས། ཕྱི་ལོ་༢༠༠༧ལོར་སྟོན་པའི་དུས་ཆེན་ཉིན་མོར་༧སྐྱབས་རྗེ་ཡོངས་འཛིན་སྨྲ་བའི་དབང་པོ་མཆོག་གི་མདུན་ནས་དག་པ་དྲང་སྲོང་གི་ཁྲིམས་ཆེན་ཞུས། བཤད་གྲྭའི་སློབ་ཚན་རྫོགས་རྗེས་༢༠༡༩ ལོར་སླར་ཡང་གདན་ས་འདིའི་སྒྲུབ་གྲྭའི་སྒྲིག་ཁོངས་སུ་ཞུགས་ཏེ་སྐྱབས་རྗེ་སྒྲུབ་གྲྭའི་མཁན་རིན་པོ་ཆེའི་སྐུ་མདུན་ནས་བླ་མེད་རྫོགས་པ་ཆེན་པོའི་རྒྱུད་སྡེ་ཆེན་པོ་བཞིའི་མ་བུ་ཆ་ལག་དང་བཅས་པའི་ཁྲིད་ལུང་ཆ་ཚང་ཞུས་ཏེ་༢༠༢༢-༢-༡༥  ཉིན་བདག་ཅག་གི་སྟོན་པ་རྫོགས་པའི་སངས་རྒྱས་འཁྲུངས་དུས་ཁྱད་པར་ཅན་ཉིན་གཤེན་གྱི་དགེ་སྦྱོར་བའི་མཚན་རྟགས་བསྩལ་གནང་དང་ལྷན་བཀའ་རམས་པའི་མཚན་བཏག ༢༠༢༣ལོའི་སྟོན་པའི་དུས་ཆེན་ཉིན་མོར་རིག་གནས་ཀྱི་ཤོག་ཁྲ་རྣམས་སྤྱན་འབུལ་ཞུས་པ་དང་ལྷན་བརྡ་སྤྲོད་ཀུན་བཤད་ཀྱི་མཚན་དུ་«མི་ནུབ་རྒྱལ་མཚན»་ཞེས་བསྩལ། འདི་ལོར་དངོས་སུ་བཀའ་རབ་འབྱམས་པའི་དགེ་བའི་བཤེས་གཉེན་ཆེན་མོའི་མཚན་རྟགས་བཞེས་རྒྱུ་བཅས་ཀྱི་ལོ་རྒྱུས་མདོར་བསྡུས་སུ།

བཀའ་རམས་པ་ཨ་ཤག་དྲང་སྲོང་ཁྲི་གཙུག་བསྟན་འཛིན་རྣམ་དག་ནི་སྤྱི་ལོ་༡༩༨༩ལོར་ཟླ་བ༦ ཚེས་༡༠ཉིན་ཁྲོམ་ཚང་འགག་གོང་དུ་སྐྱེས་ཤིང་ཞང་པོ་ཚུལ་ཁྲིམས་རྣམ་རྒྱལ་མདུན་ནས་ཡི་གེ་འབྲི་ཀློག་རྣམས་སྦྱངས་པ་དང་རག་ཤི་རྟོགས་ལྡན་དྲི་མེད་གཡུང་དྲུང་རིན་པོ་ཆེའི་མདུན་ནས་འཕོ་བ་སྦྱངས། དེ་ནས་ཕྱི་ལོ་༢༠༠༥ལོར་བལ་ཡུལ་དུ་འབྱོར་ནས་གདན་ས་ཆེན་མོ་དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེ་རུ་༧སྐྱབས་རྗེ་ཡོངས་འཛིན་སྨྲ་དབང་པོ་རིན་པོ་ཆེ་གཙོས་དགོན་འདིའི་མཁན་སློབ་རྣམ་པའི་མདུན་ནས་རབ་ཏུ་བྱུང་སྟེ་གཡུང་དྲུང་བོན་གྱི་ཆེས་མཐོའི་གཙུག་སློབ་གཉེར་ཁང་གི་བཤད་གྲྭར་ཞུགས་ཤིང་མི་ལོ་བཅུ་གསུམ་ལྷག་རིང་མདོ་སྔགས་སེམས་གསུམ་དང་ཐུན་མོང་རིག་གནས་བཅས་ལ་སློབ་གཉེར་གནང་། ཕྱི་ལོ་༢༠༠༩ལོར་སྐྱབས་རྗེ་སྨན་རིའི་ཁྲི་འཛིན་སོ་གསུམ་པ་ལུང་རྟོགས་བསྟན་པའི་ཉི་མ་རིན་པོ་ཆེ་དང་། སྐྱབས་རྗེ་ཡོངས་འཛིན་སྨྲ་བའི་དབང་པོ་ཞལ་འཛོམས་ཀྱི་དྲུང་ནས་དྲང་སྲོང་གི་ཁྲིམས་ཆེན་ཞུས། བཤད་གྲྭའི་ལོ་ཡུན་རྫོགས་རྗེས་ཕྱི་ལོ་༢༠༡༩ལོར་སླར་ཡང་སྒྲུབ་གྲྭར་ཞུགས་ནས་ལོ་གསུམ་རིང་རྫོགས་པ་ཆེན་པོའི་རྒྱུད་སྡེ་བཞིའི་ཆ་ལག་མ་བུ་བཅས་ཀྱི་ཁྲིད་ལུང་ཐོབ་སྟེ་ཕྱི་ལོ་༢༠༢༢ལོར་སྟོན་པའི་དུས་ཆེན་ཉིན་མོར་སྒྲུབ་གྲྭའི་བཅད་མཚམས་ཟིན་ནས་གཤེན་གྱི་དགེ་སྦྱོར་བའི་ཕྱག་འཁྱེར་བཞེས་པ་དང་ལྷན་བཀའ་རམས་པའི་མཚན་བཏགས། ཕྱི་ལོ་༢༠༢༣ལོའི་སྟོན་པའི་དུས་ཆེན་ཉིན་མོར་སྐྱབས་རྗེ་མཁན་ཆེན་ལུང་རྟོགས་བསྟན་པ་གཡུང་དྲུང་རིན་པོ་ཆེ་དང་སྐྱབས་རྗེ་སློབ་དཔོན་ཚངས་པ་བསྟན་འཛིན་རིན་པོ་ཆེ་བཅས་བཤད་སྒྲུབ་མཁན་སློབ་རྣམ་པའི་དྲུང་ནས་རིག་གནས་ཀྱི་ཤོག་ཁྲ་རྣམ་སྤྱན་གཟིགས་ཕུལ་སྟེ་བརྡ་སྤྲོད་ཀུན་བཤད་ཀྱི་མཚན་དུ་«གཞན་ཕན་ནོར་བུ»་ཞེས་གནང་། འདི་ལོར་དངོས་སུ་བཀའ་རབ་འབྱམས་པ་དགེ་བའི་བཤེས་གཉེན་ཆེན་མོའི་མཚན་རྟགས་བཞེས་རྒྱུ་བཅས་ཀྱི་ལོ་རྒྱུས་མདོར་བསྡུས་སུ་

མེ་ལོང་ཡེ་ཤེས་དྲ་བའི་གཙོ་སྒྲུབ་པས་ཕྱི་ལོ་ ༢༠༢༣ ༢ ༢༨ ཉིན་སྤེལ།། །།

པར་པ་ཁྱུང་ཐོག་རྒོད།

(སྤྱིའི་གཟིགས་གྲངས། 702 དེ་རིང་། 1)

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
ཧོར་ཟླ་ ༡པ…
error: རྩོམ་འདི་བདག་དབང་ཅན་ཡིན།