ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

གདན་ས་ཁྲི་བརྟན་ནོར་བུའི་རྩེའི་དགེ་བཤེས་བརྒྱ་ཁ་ལོན་པའི་གཏང་རག་དབྱངས་ཀྱི་མཆོད་ཚིག(1)

 

ཏི་སེ་གངས་ཀྱི་དབུ་རྨོག་དཀར་པོ་གོ་ལའི་རྩེ་རུ་མཐོ་བའི་དུས།།

ཕྱྭ་དམུ་གཙུག་གི་རིགས་བརྒྱུད་བཟང་པོ་ཁ་བའི་བསོད་སྐལ་བབ་པའི་དུས།།

དྲ་མ་ཆེན་པོའི་སྟོབས་འབྱོར་མངའ་ཐང་ཡར་གླིང་ཁྱོན་དུ་རྒྱས་པའི་དུས།།

གངས་རིའི་ལྷ་སྐལ་དམུ་རྒྱལ་གཤེན་རབ་ཞང་བོད་མི་ཡི་མགོན་དུ་ཕེབས།།

 

གངས་རི་དཀར་པོའི་རང་མདངས་ངོ་མ་ལྷོ་ཕྱོགས་སྤྲིན་གྱིས་མ་བསྒྲིབས་དུས།།

གངས་མིའི་རུས་པ་གསེར་གྱིས་སྤྲས་ཏེ་དབུ་ལོ་རླུང་ལ་མ་བསྐུར་དུས།།

གངས་ཀྱི་མི་རྒོད་བཙན་པོའི་རལ་གྲི་ཕྱོགས་བཞིའི་དགྲ་ལ་ཕྱར་བའི་དུས།།

གངས་ཅན་ལྗོངས་ཀྱི་སྣོད་བཅུད་མཛེས་སྡུག་ཁྱབ་དཔལ་རིག་གིས་རྒྱན་དུས་ཡིན།།

 

དཀར་ནག་རྒྱ་ཡི་ཀླད་པའི་ཁ་དོག་སྲིད་མདངས་འོད་ཀྱིས་བསྒྱུར་བའི་དུས།།

སྤུ་རྒྱལ་བཙན་པོའི་བློ་སྙིང་བྲང་གསུམ་ཨ་ཙ་ར་ལ་གཏད་པའི་དུས།།

རྒྱལ་སྲུང་རལ་གྲི་རྣོ་སོ་ཇི་ཡོད་ནང་མིའི་གཉའ་ལ་ཕྱར་བའི་དུས།།

མཐའ་བཞིའི་རྒྱལ་ཁབ་བླ་སྲོག་འདར་སའི་བོད་ཀྱི་དབང་ཐང་མཐུར་དུ་གཤེགས།།

 

མཐོ་སྒང་བོད་ཀྱི་ས་བདག་བགྲེས་པོ་ཨ་མྱེ་ནང་གི་ཡང་མྱེ་སྟེ།།

དྲུང་མུ་གྱེར་གྱི་བླ་དྭགས་རྒྱན་པའི་ཞྭ་དཀར་བོན་གྱི་རིག་གཞུང་དངོས།།

མེ་ཆུ་རླུང་གིས་གཙང་སེལ་བྱས་ཏེ་དབུ་གཡོག་བོན་ལ་བབ་པའི་ཚེ།།

བོན་བསྟན་ཉི་མ་གངས་རིའི་ཞིང་དུ་ལན་མང་ནུབ་པའི་དུས་ངན་ཚེས།།

 

མཐུ་རྩལ་འགྲན་མེད་མཐུ་ཆེན་མི་དགུས་བདེན་བརྡར་སྨོན་ལམ་བྱས་པ་སྟེ།།

བོན་གྱི་བསྟན་པ་མཐའ་ནས་དར་བའི་གསོལ་སྨོན་འགྲུབ་ལ་ཉེ་བའི་དུས།།

ས་ཕག་དུས་ཀྱི་གཡོ་འགུལ་ཆེན་མོ་རྐྱེན་ངན་གྲོགས་སུ་ཤར་དང་ལྷན།།

བོན་བསྟན་ཉི་མ་མཐའ་ནས་འཆར་བའི་དུས་ངན་ཁྲོད་དུ་དུས་བཟང་ཚེས།།

 

ཞྭ་དཀར་བོན་གྱི་བསྟན་སྲུང་ཆེན་མོ་སྨྲ་སེང་ཡོངས་འཛིན་བླ་མ་ཡིས།།

ཐོབ་རྒྱལ་གསར་པའི་གནས་གཞི་དེ་ནས་བོན་གྱི་བསྭོ་སྐད་སྒྲོག་པ་ནས།།

བོན་བསྟན་སྐྱོང་བའི་རབ་འབྱམས་དགེ་བཤེས་དབྱར་པང་ཐོག་གི་མེ་ཏོག་བཞིན།།

དཀར་པོ་རྒྱ་ཡི་བྱང་ཟུར་ཞིག་ནས་བརྒྱ་ཕྲག་བརྒལ་བའི་དགེ་མཚན་མཐོ།།

 

བལ་པོ་སྤྲིན་གྱི་མཁར་བཟང་དབུས་སུ་ཁྲི་བརྟན་ནོར་རྩེ་ཕྱག་བཏབ་སྟེ།།

གཡུང་དྲུང་བོན་གྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་དེ་བཙུགས་པ་ནས།།

མདོ་སྔགས་རིག་པ་སྨྲ་བའི་དབང་པོ་རབ་འབྱམས་དགེ་བའི་བཤེས་གཉེན་གྲངས།།

བརྒྱ་ལས་བརྒལ་བའི་དུས་བཟང་དེ་ནི་ཆུ་མོ་ཡོས་ཀྱི་ལོ་ལ་ཚེས།།

 

དགེ་འོ་དགེ་འོ་ཡོངས་འཛིན་བླ་མའི་སྐུ་ཁམས་བདེ་འོ་རབ་ཏུ་དགེ།

བཟང་ངོ་བཟང་ངོ་སྐལ་པ་བཟང་ངོ་དགེ་བཤེས་རྣམ་པ་སྐལ་པ་བཟང་།།

ཆེ་འོ་ཆེ་འོ་བྱིན་རླབས་ཆེ་འོ་གདན་ས་འདི་ཉིད་བྱིན་རླབས་ཆེ།།

སྨར་རོ་སྨར་རོ་དགེ་བའི་བཤེས་གཉེན་བརྒྱ་ཁ་ལོན་པ་འདི་སྨར་རོ།།

 

སྐྱིད་དོ་སྐྱིད་དོ་ཁོ་བོའི་སེམས་པ་ད་ལོའི་ལོ་འདིར་ལྷག་ཏུ་སྐྱིད།།

སྙན་ནོ་སྙན་ནོ་དགེ་བའི་བཤེས་གཉེན་བརྒྱ་ལས་བརྒལ་བའི་གཏམ་དེ་སྙན།།

ལེན་ནོ་ལེན་ནོ་སྤྲོ་དགས་མྱོས་པའི་སྙན་ངག་གླུ་ཞིག་དེ་རིང་ལེན།།

འཁྲབ་བོ་འཁྲབ་བོ་སྨྱུ་གུའི་ཞབས་བྲོ་སྒྱུ་རྩལ་ཐང་ལ་ཐེངས་གཅིག་འཁྲབ།།

 

གསེར་གདུང་བཞེངས་པའི་དུས་ཡུན་བཤད་ན་ཞག་དང་ཟླ་བའི་སྐད་ཆ་རེད།།

ལོ་གསུམ་མཁན་པོའི་གོ་གནས་བཟུང་ལ་བགྲང་བྱ་གསུམ་གྱི་དུས་ཡུན་རེད།།

དངུལ་ལོས་ཉོས་པའི་བྱིས་པ་དར་བཏུམས་མིག་བཙུམ་ཞིག་གིས་ལས་ཀ་རེད།།

གྲྭ་ས་ཆེན་མོའི་དགེ་བཤེས་ཟེར་བ་དེ་འདྲའི་སླ་པོ་མ་རེད་དོ།།

 

ལོ་ཉུང་ཞིག་ནང་ཐོན་རྒྱུ་མ་རེད་ལོ་མང་བསགས་པའི་འབྲས་བུ་རེད།།

སྐྱིད་པོ་བྱས་ནས་བསྡད་པ་མ་རེད་དཀའ་སྡུག་མྱོང་བའི་དངུལ་ཆུ་རེད།།

བསམ་ཚད་ཕལ་གྱིས་འགྲུབ་རྒྱུ་མ་རེད་ལས་བཟང་ཞིག་གི་བསོད་སྐལ་རེད།།

ཁོ་དང་ང་ཡི་འཇོན་ཐང་མ་རེད་ཡོངས་འཛིན་བླ་མའི་བྱིན་རླབས་རེད།།

(འཕྲོས་རྗེས་མར་གསལ།)

 

རྩོམ་པ་པོ། རྩ་འཛིན་སློབ་དཔོན་དགེ་བཤེས་ཁྱུང་ཁྲི་ལྡེ།

པར་པ་ཁྱུང་ཐོག་རྒོད།

(སྤྱིའི་གཟིགས་གྲངས། 207 དེ་རིང་། 1)

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
༼  གདན་ས་ཆ…
error: རྩོམ་འདི་བདག་དབང་ཅན་ཡིན།