ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

དེ་རིང་སྐལ་བཟང་ཁྲི་བཞེང་དང་ལྷན་དགེ་བཤེས་གྲངས་བརྒྱ་ཕྲག་ལོན་པར་སྐལ་པ་བཟང་།

༼  གདན་ས་ཆེན་མོ་༧དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེ་ནས་དགེ་བཤེས་གྲངས་བརྒྱ་ཕྲག་གཅིག་དངོས་སུ་ཟིན་པར་གུས་ནས་རྟེན་འབྲེལ་ཞུ།  ༽

 

དེ་རིང་བོན་གྱི་གདན་ས་འདིར།། བཅུ་དྲུག་ཉ་ཡི་ཚེས་བཟང་ལ།།

བཅུ་དྲུག་གྲངས་ཀྱི་རབ་འབྱམས་པའི།། མཚན་རྟགས་འབུལ་བཞེས་མཛད་སྒོ་བཟང་།།

 

རི་བོ་ཏི་སེའི་མདུན་རྒྱབ་དང་།། སྟོད་སྨད་ཡུལ་ཕྱོགས་མི་གཅིག་ཀྱང་།།

འདིར་འཛོམས་འཛིན་གྲྭ་ལྷན་ཅིག་ཏུ།། རབ་འབྱམས་མཚན་བཞེས་སྔོན་འཕྲོ་བཟང་།།

 

ཞྭ་དཀར་བསྟན་པའི་སྲོག་འཛིན་པ།། གསང་གསུམ་མཛོད་འཛིན་ཞལ་སྔ་ནས།།

སྔགས་རྫོགས་གདམ་པ་ཟབ་མོ་ཡི།། བྱིན་རླབས་ཐོབ་པ་ལས་སྐལ་བཟང་།།

 

མདོ་སྔགས་རྫོགས་དང་ཐུན་མོང་གནས།། ཀུན་ལ་ཡུན་རིང་གཉུག་སྲིང་སྟེ།།

ཆེས་མཐོའི་གཙུག་ལག་སློབ་གླིང་ནས།། སློབ་མཐར་དངོས་ཕྱིན་བྱ་བཞག་བཟང་།།

 

ཡུན་འདྲིས་དད་དམ་གཅིག་ཏུ་འདྲེས།། འཆད་རྩོད་རྩོམ་པའི་རིག་གྲོགས་པ།།

ཁྱེད་ཅག་ད་ནི་རབ་འབྱམས་ཀྱི།། མཚན་རྟགས་བཞེས་པར་སྐལ་པ་བཟང་།།

 

དེ་སྔོན་སློབ་རའི་གླིང་གཅིག་ཏུ།། འུར་མཉམ་སྒྲོག་པའི་གྲོགས་ཡིན་ཡང་།།

ད་ནི་ཁྱེད་རྣམས་བཤེས་མཚན་གྱིས།། གོང་དུ་བརྒལ་སོང་སྐལ་པ་བཟང་།།

 

མཁན་སློབ་བཤེས་གཉེན་དབུ་ནས་འཛོམས།། བུ་སློབ་འདུས་སྡེ་དཀྱིལ་ནས་འཛོམས།།

དད་ལྡན་མི་མང་མཐའ་ནས་འཛོམས།། འཛོམས་པ་ཡག་སོང་སྐལ་པ་བཟང་།།

 

མཆོད་པ་ལྷ་དང་བླ་མར་ཕུལ།། ཚོགས་ཀྱི་གཏོང་སྒོ་ངེད་ལ་བཏང་།།

ལས་དང་སྐལ་པ་ཁྱེད་ཅག་བཟང་།། བསོད་ནམས་བསགས་སོང་སྐལ་པ་བཟང་།།

 

གསར་པའི་གསས་ཁང་རྒྱ་རེ་ཆེ།། ནང་གི་མཆོད་བཟོའི་བཀོད་ཆ་མཛེས།།

འཚོགས་ཀྱི་གྲལ་འགྲིག་དད་ལྡན་ཀུན།། དྭངས་བ་དྲངས་སོང་སྐལ་པ་བཟང་།།

 

མ་བཅའ་བློ་རྒྱུགས་སྒྲ་ཚིག་གསལ།། བརྒལ་རྟགས་རིགས་པའི་མཁྱེན་རྒྱ་ཡངས།།

མཆོད་ཚིག་ཚིག་བཀྲ་ཞལ་རེ་འགྲིག། ཀུན་ཡིད་བསྒུལ་སོང་སྐལ་པ་བཟང་།།

 

གཉེན་གྲོགས་མཐུན་འཛོམས་རོགས་ཕན་དང་།། ཞལ་འཛོམས་མཁན་སློབ་མདུན་ས་ནས།།

ཚོགས་ཀྱི་གཏོང་སྒོའི་མཆོད་སྤྲིན་ཆེས།། ཀུན་དགར་བྱས་སོང་སྐལ་པ་བཟང་།།

 

སྔོན་འགྲོའི་བཤད་གྱེར་དངོས་གཞི་ཡི།། དམ་འཇོག་རྗེས་ཀྱི་བཀྲ་ཤིས་བཅས།།

སྐལ་བཟང་དུས་སྟོན་ཕྱོགས་ཀུན་ནས།། ཁྱེད་ཅག་ལེགས་སོང་སྐལ་པ་བཟང་།།

 

དེ་རིང་ཁྱེད་རྣམས་བཤེས་གཉེན་གྱི།། མཚན་རྟགས་ཅོད་པན་བཞེས་དང་ལྷན།།

རང་དགོན་དགེ་བའི་བཤེས་ཀྱི་གྲངས།། བརྒྱ་ཕྲག་ཟིན་པར་སྐལ་པ་བཟང་།།

 

དེ་རིང་སྐལ་བཟང་ཁྲིར་བཞེངས་པས།། སླད་དུ་བསྟན་དང་འགྲོར་ཕན་ནས།།

བོན་གྱི་ཁ་ལོ་རབ་བསྒྱུར་ཤོག། ཅེས་སུ་སྨོན་ནོ་སྐལ་པ་བཟང་།།

 

འཕྲིན་ལས་རྒྱས་ཤོག་སྐལ་པ་བཟང་།། མཛད་པ་བཟང་ཤོག་སྐལ་པ་བཟང་།།

བཞེད་དོན་འགྲུབ་ཤོག་སྐལ་པ་བཟང་།། སྐལ་པ་བཟང་པོའི་ལྷ་རྒྱལ་ལོ།།

 

______ཞེས་སྐྱ་ཀ་ཁྲ་བོས་སྐལ་བཟང་གི་སྨོན་ཚིག་འདི་དེ་རིང་གི་དགེ་བའི་བཤེས་གཉེན་ཆེན་མོའི་མཚན་རྟགས་བཞེས་མཁན་རྣམ་པར་སྐལ་པ་བཟང་ཞེས་འབོད་པའི་གཏམ་དུ་སྤེལ་བ་དགེའོ། །

རྩོམ་པ་པོ། སྐྱ་ཀ་ཁྲ་བོ།

པར་པ་ཁྱུང་ཐོག་རྒོད།

(སྤྱིའི་གཟིགས་གྲངས། 172 དེ་རིང་། 1)

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
«གདན་ས་ཆེན…
error: རྩོམ་འདི་བདག་དབང་ཅན་ཡིན།