ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

གདན་ས་ཁྲི་བརྟན་ནོར་བུའི་རྩེའི་སྐབས་བཅུ་གསུམ་པའི་དགེ་བཤེས་མཛད་སྒོ་ཉིན་གཉིས་པ།

ཕྱི་ལོ་ ༢༠༢༤ ལོའི་ཟླ་ ༠༢ པའི་ཚེས་ ༢༡ ཉིན་གདན་ས་ཆེན་མོ་དཔལ་ལྡན་ཁྲི་བརྟན་ནོ་བུའི་རྩེའི་སྐབས་བཅུ་གསུམ་པའི་དགེ་བཤེས་མཛད་སྒོ་ཉིན་གཉིས་པའི་སྔ་དྲོ་ཕྱག་ཚོད་༩པའི་ཐོག་སྐྱབས་རྗེ་མཁན་ཆེན་ལུང་རྟོགས་བསྟན་པ་གཡུང་དྲུང་རིན་པོ་ཆེ་མཆོག་དང་། སྐྱབས་རྗེ་སློབ་དཔོན་ཚངས་པ་བསྟན་འཛིན་རིན་པོ་ཆེ་མཆོག སྐྱབས་རྗེ་སྒྲུབ་གྲྭའི་མཁན་རིན་པོ་ཆེ་ཚུལ་ཁྲིམས་བསྟན་འཛིན་མཆོག བཤད་སྒྲུབ་མཁན་སློབ་རྣམ་པ་གཉིས་བཅས་སྤོས་རྒྱས་སྣ་དྲངས་ཏེ་གཙུག་ལག་ཁང་དུ་གདན་འདྲེན་ཞུས་ཤིང་། དེ་ནས་དགེ་འདུན་རྣམ་པ་དང་མཛད་སྒོའི་སྐུ་མགྲོན། དེ་བཞིན་སེར་སྐྱ་མང་ཚོགས་བཅས་འཚོགས་པའི་དབུས་སུ་བཀའ་རམས་པ་ཚེ་འཕེལ་དྲང་སྲོང་ཚུལ་ཁྲིམས་དཔལ་ལྡན་ལགས་དང་། བཀའ་རམས་པ་བདེ་ལེགས་དྲང་སྲོང་ཚུལ་ཁྲིམས་རྣམ་དག་ལགས། བཀའ་རམས་པ་གར་ཙ་དྲང་སྲོང་བློ་གྲོས་འཇིགས་མེད་དོན་ལྡན་ལགས། བཀའ་རམས་པ་སྒང་ག་དྲང་སྲོང་བློ་གྲོས་ཉི་མ་ལགས་རྣམ་པ་བཞི་ནས་སྔོན་འགྲོའི་བཤད་པ་གྱེར་གནང་བ་དང་། དེ་དང་ལྷན་གཟབ་ཇ་དང་འབྲས་སིལ་འདེགས་འབུལ་ཞུས།

ཕྱག་ཚོད་༡༢ཐོག་བཀའ་རམས་པ་རྣམ་པ་བཞི་ཐུན་མོང་ནས་ཉིན་གུང་གི་གཏོང་སྒོ་ཆེན་མོ་དང་། ཕྱག་ཚོད་༣པའི་ཐོག་བཀའ་རམས་པ་རྣམ་པ་བཞི་ནས་བཀྲ་ཤིས་གསོལ་ཞིང་བཀྲ་ཇ་དང་བཞེས་བྲོ་འདེག་འབུལ་ཞུས་པ་བཅས་སྐབས་བཅུ་གསུམ་པའི་དགེ་བཤེས་མཛད་སྒོ་ཉིན་གཉིས་པའི་མཛད་རིམ་གྲུབ་པ་དང་ལྷན་སྐབས་བཅུ་གསུམ་པའི་དགེ་བཤེས་མཛད་སྒོའི་སྔོན་འགྲོའི་བཤད་པ་མཇུག་གྲུབ་པ་བཅས་ཀྱི་གནས་བསྡུས་སུ་སྐྱ་ཀ་ཁྲ་བོས་ཕྱི་ལོ་ ༢༠༢༤ ཟླ་ ༠༢ ཚེས་ ༢༡ ཉིན།

བཀའ་རམས་པ་ཚུལ་ཁྲིམས་དཔལ་ལྡན་གྱི་ལོ་རྒྱུས་མདོར་བསྡུས།

གཡུང་དྲུང་བོན་གྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་གི་སྐབས་ཉེར་དགུ་པའི་བཀའ་རམས་པ་ཚེ་འཕེལ་ཚང་གི་དྲང་སྲོང་ཚུལ་ཁྲིམས་དཔལ་ལྡན་ནི། སི་ཁྲོན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ལི་ཐང་རྫོང་བཞག་གསར་ཚོ་བཅུ་ཡ་ཤོག་ཚེ་འཕེལ་ཚང་དུ་ཕྱི་ལོ་ ༡༩༧༧ ལོའི་ཕྱི་ཟླ་ ༠༣ པའི་ཚེས་ ༠༨ ཉིན་འཁྲུངས་ཤིང་། རང་ལོ་བཅུ་གསུམ་ནས་ཀ་ཁའི་འབྲི་ཀློག་འགོ་བརྩམས།ལོ་བཅོ་བརྒྱད་ནས་འགྲོ་མགོན་གཡུང་དྲུང་བདུད་འདུལ་གླིང་གི་ཚོགས་གྲལ་དུ་ཞུགས་ཏེ་འགྲོ་མགོན་དགོན་པའི་དབུ་བླ་སྤྲུལ་སྐུ་དགེ་བཤེས་ཚུལ་ཁྲིམས་རྣམ་རྒྱལ་རིན་པོ་ཆེར་མཉེས་པ་གསུམ་གྱི་སྒོ་ནས་ཚུལ་བཞིན་བསྟེན་ཏེ་ད་བར་བླ་མའི་རྗེས་སུ་འབྲང་བ་དང་བླ་མས་ཀྱང་ཐུགས་བརྩེ་བ་ཆེན་པོས་རྗེས་སུ་བཟུང་། ཕྱི་ལོ་ ༢༠༠༢ ལོ་ནས་ཁྱུང་པོ་སྟེང་ཆེན་དགོན་གྱི་བཤད་གྲྭའི་ནང་དུ་ལོ་བཞི་ཙམ་གྱི་རིང་ལ་མཚན་ཉིད་སྐོར་ལ་ཐོས་བརྩོན་གནང༌། ཕྱི་ལོ་ ༢༠༠༦ ཧོར་ཟླ་ ༠༩ པའི་ནང་བལ་ཡུལ་དུ་འབྱོར་ནས་གསང་གསུམ་བོན་གྱི་མཛོད་འཛིན་སྐྱབས་རྗེ་ཡོངས་འཛིན་སྨྲ་བའི་དབང་པོ་རིན་པོ་ཆེ་མཆོག་གི་གསེར་ཞལ་མཇལ་ཞིང་གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེར་གཡུང་དྲུང་བོན་གྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་གི་བཤད་སྒྲུབ་འདུས་སྡེའི་སྒྲིག་ཁོངས་སུ་ཞུགས།

ཕྱི་ལོ་ ༢༠༠༦ ཧོར་ཟླ་ ༡༡ ཚེས་ ༠༨ ཉིན་དཔལ་གཤེན་བསྟན་སྨན་རི་གླིང་དུ་ཕེབས་ཏེ་སྨན་རིའི་མཁན་ཆེན་སོ་གསུམ་པ་ལུང་རྟོགས་བསྟན་པའི་ཉི་མ་རིན་པོ་ཆེའི་སྐུ་མདུན་དུ་དག་པ་དྲང་སྲོང་གི་སྡོམ་པ་ཞུས། སླར་བལ་ཡུལ་དུ་ལོག་ནས་སྐྱབས་རྗེ་ཡོངས་འཛིན་རིན་པོ་ཆེ་མཆོག་གིས་དབུས་མཁན་སློབ་དགེ་བའི་བཤེས་གཉེན་དུ་མའི་མདུན་ནས་མདོ་སྔགས་སེམས་གསུམ་གྱི་གཞུང་ཆེན་ཁག་དང་ཐུན་མོང་རིག་གནས་དང་བཅས་པར་སྦྱང་བརྩོན་ཚུལ་བཞིན་མཛད་ཅིང་རྒྱུགས་སྤྲོད་འཕར་མའི་རིགས་ལ་སུམ་ལྡན་སྡུད་གྲྭའི་རྣམ་བཞག་དང་རྟགས་རིགས་སོགས་གཞུང་ཆེན་ཁག་དུ་མ་དམིགས་བསལ་ངག་རྒྱུགས་ཕུལ།

ཕྱི་ལོ་ ༢༠༢༠ ཟླ་ ༠༣ ཚེས་ ༢༨ ཉིན་འདུས་སྡེ་འདི་ཡི་སྒོམ་གྲྭར་ཞུགས་ཏེ་མི་ལོ་གསུམ་གྱི་རིང་རྫོགས་པ་ཆེན་པོའི་གཞུང་ལུགས་རྣམས་ལ་ཐོས་བསམ་སྒོམ་གསུམ་མཛད་དེ། སྟོན་པ་སངས་རྒྱས་གཤེན་རབ་མི་བོ་བདེ་བར་གཤེགས་ནས་མི་ལོ་ ༩༨༤༠ བོད་རབ་མཛོད་ཆུ་ཡོས་ལོར་ཕྱི་ལོ་ ༢༠༢༣ ལོར་སྒོམ་གྲྭའི་བཅའ་བཀོད་མཐའ་འཁྱོལ་གནང་བའི་གཤེན་གྱི་དགེ་སྦྱོར་བའི་ཕྱག་ཁྱེར་བཞེས། ཕྱི་ལོ་ ༡༠༢༣ ལོའི་གཡུང་དྲུང་བོན་གྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་གི་བཤད་སྒྲུབ་འདུས་སྡེའི་སྐབས་ཉེར་དགུ་པའི་བཀའ་རམས་པ་འཛིན་གྲྭའི་ནང་དུ་བྲིས་རྒྱུགས་ཨང་དང་པོའི་གཟེངས་བསྟོད་ཀྱི་ཕྱག་འཁྱེར་བཞེས།

ཕྱི་ལོ་ ༢༠༢༤ ཟླ་ ༠༡ ཚེས་ ༢༥ དང༌། ཧོར་ཟླ་བཅུ་གཉིས་པའི་ཚེས་ ༡༥ སྟོན་པའི་དུས་ཆེན་ཉིན་མོར་རིག་གནས་ཤོག་ཁྲ་རྣམས་མཁན་ཆེན་ལུང་རྟོགས་བསྟན་པ་གཡུང་དྲུང་སོགས་མཁན་སློབ་རྣམ་པར་སྤྱན་འབུལ་ཞུས་ཤིང་བརྡ་སྤྲོད་ཀུན་བཤད་ཀྱི་མཚན་དུ་<<ཡེ་འབྱུང་རིག་པའི་ཉི་མ་>>ཞེས་གནང་། འདི་ལོར་གདན་ས་ཆེན་མོ་དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེ་ནས་བཀའ་རབ་འབྱམས་པ་དགེ་བའི་བཤེས་གཉེན་ཆེན་མོའི་མཚན་རྟགས་དངོས་སུ་བཞེས་བཞིན་པ་བཅས་ཀྱི་ལོ་རྒྱུས་མདོར་བསྡུས་སུ་ལི་བློ་གསལ་གྱིས་བྲིས།།

བཀའ་རམས་པ་གཡུང་དྲུང་བསམ་གཏན་རྒྱལ་མཚན་གྱི་ལོ་རྒྱུས་སྙིང་བསྡུས།

གཡུང་དྲུང་བོན་གྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་གི་སྐབས་ཉེར་དགུ་པའི་བཀའ་རམས་པ་བདེ་ལེགས་ཚང་གི་དྲང་སྲོང་གཡུང་དྲུང་བསམ་གཏན་རྒྱལ་མཚན་ནི། སི་ཁྲོན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ལི་ཐང་རྫོང་བཞག་གསར་ཇོ་བོ་བདེ་ལེགས་ཚང་དུ་ཕྱི་ལོ་ ༡༩༨༨ ཕྱི་ཟླ་ ༠༡ ཚེས་ ༤ ཉིན་སྐྱེས་ཤིང་། རང་ལོ་དགུ་ནས་ཀ་ཁའི་འབྲི་ཀློག་འགོ་བརྩམས། ལོ་བཅུའི་ཐོག་ནས་འགྲོ་མགོན་གཡུང་དྲུང་བདུད་འདུལ་གླིང་གི་ཚོགས་གྲལ་དུ་ཞུགས། ལོ་བཅུ་གཉིས་ཐོག་ལི་ཐང་འགྲོ་མགོན་གཡུང་དྲུང་བདུད་འདུལ་གླིང་གི་དབུ་བླ་མཆོག་སྤྲུལ་དགེ་བཤེས་ཚུལ་ཁྲིམས་རྣམ་རྒྱལ་རིན་པོ་ཆེ་དང་མཉམ་དུ་ཁྱུང་པོ་སྟེང་ཆེན་དགོན་དུ་འབྱོར་ནས་བླ་མ་རྒྱ་མཚོ་རིན་པོ་ཆེའི་དྲུང་དུ་རབ་བྱུང་གི་སྡོམ་ཁྲིམས་ཞུས་པ་དང་། བཀའ་ལུང་རྒྱ་མཚོ་སོགས་ཤར་རྫའི་བཀའ་རྣམས་ལ་ཐོས་བསམ་གནང༌། དེ་ནས་བཟུང་བླ་མ་ཚུལ་ཁྲིམས་རྣམ་རྒྱལ་གྱི་རྗེས་སུ་འབྲང་སྟེ་ཁ་བྲལ་མྱོང་མེད། ཕྱི་ལོ་ ༢༠༠༦ ཧོར་ཟླ་ ༠༩ པའི་ནང་དུ་བལ་ཡུལ་དུ་འབྱོར་ནས་༧གསང་གསུམ་བོན་གྱི་མཛོད་འཛིན་སྐྱབས་རྗེ་ཡོངས་འཛིན་སྨྲ་བའི་དབང་པོ་མཆོག་གི་གསེར་ཞལ་མཇལ་ཞིང་གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེར་གཡུང་དྲུང་བོན་གྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་གི་བཤད་སྒྲུབ་འདུས་སྡེའི་སྒྲིག་ཁོངས་སུ་ཞུགས།

ཕྱི་ལོ་ ༢༠༠༦ ལོ་ཧོར་ཟླ་ ༡༡ ཚེས་ ༠༨་ཉིན་དཔལ་གཤེན་བསྟན་སྨན་རི་གླིང་དུ་ཕེབས་ཏེ་སྨན་རིའི་མཁན་ཆེན་སོ་གསུམ་པ་ལུང་རྟོགས་བསྟན་པའི་ཉི་མ་རིན་པོ་ཆེའི་སྐུ་མདུན་ནས་དག་པ་དྲང་སྲོང་གི་སྡོམ་པ་ཞུས། སླར་བལ་ཡུལ་དུ་ལོག་ནས་༧ སྐྱབས་རྗེ་ཡོངས་འཛིན་རིན་པོ་ཆེ་མཆོག་གིས་དབུས་མཁན་སློབ་དགེ་བའི་བཤེས་གཉེན་དུ་མའི་མདུན་ནས་མདོ་སྔགས་སེམས་གསུམ་གྱི་གཞུང་ཆེན་ཁག་དང་ཐུན་མོང་རིག་གནས་དང་བཅས་པར་སྦྱངས་བརྩོན་གནང་། རྒྱུགས་སྤྲོད་འཕར་མའི་རིགས་ལ་སུམ་ལྡན་སྡུད་གྲྭའི་རྣམ་བཞག་དང་རྟགས་རིགས། ཚད་མའི་རང་འགྲེལ། ཐེག་འགྲེལ་དང་མཚོན་བྱེད་ཞེ་ལྔ་སོགས་གཞུང་ཆེན་ཁག་དུ་མ་དམིགས་བསལ་ངག་རྒྱུགས་ཕུལ། ཕྱི་ལོ་ ༢༠༡༩ ལོར་གཡུང་དྲུང་བོན་གྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་གི་རྩིས་པ་དང་ཕྱི་ལོ་ ༢༠༢༢ ལོར་སྒྲུབ་གྲྭའི་དགེ་སྐོས་བཅས་ཀྱི་འགན་བཞེས།

 ཕྱི་ལོ་ ༢༠༢༠ ཟླ་ ༣ ཚེས་ ༢༨ ཉིན་འདུས་སྡེ་འདི་ཡི་སྒོམ་གྲྭར་ཞུགས་ཏེ་མི་ལོ་གསུམ་གྱི་རིང་རྫོགས་པ་ཆེན་པོའི་གཞུང་ལུགས་རྣམས་ལ་ཐོས་བསམ་སྒོམ་གསུམ་མཛད་པ་དང་། སྟོན་པ་སངས་རྒྱས་གཤེན་རབ་མི་བོ་བདེ་བར་གཤེགས་ནས་མི་ལོ་ ༩༨༤༠ བོད་རབ་མཛོད་ཆུ་ཡོས་ཕྱི་ལོ་ ༢༠༢༣ ལོར་སྒོམ་གྲྭའི་བཅའ་བཀོད་མཐའ་འཁྱོལ་གནང་བའི་གཤེན་གྱི་དགེ་སྦྱོར་བའི་ཕྱག་ཁྱེར་བཞེས། ཕྱི་ལོ་ ༢༠༢༤ ཟླ་ ༠༡ ཚེས་ ༢༥ དང༌། ཧོར་ཟླ་ ༡༢ ཚེས་ ༡༥ སྟོན་པའི་དུས་ཆེན་ཉིན་མོར་རིག་གནས་ཤོག་ཁྲ་རྣམས་སྤྱན་འབུལ་ཞུས་ཤིང་བརྡ་སྤྲོད་ཀུན་བཤད་ཀྱི་མཚན་དུ་<<ཡེ་དབང་རིག་པའི་ཉི་མ>>ཞེས་གནང་། འདི་ལོར་གདན་ས་འདི་ནས་བཀའ་རབ་འབྱམས་པ་དགེ་བའི་བཤེས་གཉེན་ཆེན་མོའི་མཚན་རྟགས་དངོས་སུ་བཞེས་བཞིན་པ་བཅས་ཀྱི་ལོ་རྒྱུས་མདོར་བསྡུས་སུ་ལི་བློ་གསལ་གྱིས་བྲིས།།

བཀའ་རམས་པ་གར་རྩ་དྲང་སྲོང་བློ་གྲོས་འཇིགས་མེད་ཀྱི་ལོ་རྒྱུས་མདོར་བསྡུས།

སྔོན་ཚོགས་བསོད་ནམས་བསགས་པའི་དགེ་སྟོབས་ཀྱིས།།

མཁས་བཙུན་བཟང་གསུམ་འཛོམས་པའི་བཤེས་གཉེན་འཕྲད།།

བཅུ་ཕྲག་རིག་པའི་གནས་ལ་ཚུལ་བཞིན་བརྩོན།།

རབ་འབྱམས་དགེ་བའི་བཤེས་གཉེན་སྐལ་བཟང་ཉེ།།

བཀའ་རམས་པ་གར་རྩ་བློ་གྲོས་འཇིགས་མེད་མཆོག་ནི་ཁྲོམ་སྟོད་འགག་གོང་རུ་ཡབ་གར་རྩ་བེའུ་དང་། ཡུམ་ཨ་ཁུ་རགས་སྡེ་གཉིས་ཀྱི་སྲས་སུ་ཕྱི་ལོ་ ༡༩༩༡ ལོར་འཁྲུངས།  ཆུང་བྱིས་པའི་དུས་འབྲོག་ཕྲུག་དཀྱུས་མ་བཞིན་ཕྱུགས་རིགས་དཀར་ནག་འཚོ་སྐྱོང་སོགས་འབྲོག་པའི་འཚོ་བར་རོལ། ༢༠༠༥ ལོར་ཁ་བ་གངས་ཅན་ལྗོངས་ནས་གདན་ས་ཆེན་མོ་༧དཔལ་ལྡན་ཁྲི་བརྟན་ནོར་བུའི་རྩེར་འབྱོར་ཏེ་རྒྱུད་གསུམ་བསྟན་པའི་མངའ་བདག་སྐྱབས་རྗེ་ཡོངས་འཛིན་སྨྲ་བའི་དབང་པོ་དང་སྐྱབས་རྗེ་མཁན་ཆེན་ལུང་རྟོགས་བསྟན་པ་གཡུང་དྲུང་རྣམ་གཉིས་ཀྱི་སྐུ་མདུན་ནས་གཙང་མ་གཙུད་ཕུད་ཀྱི་སྡོམ་ཁྲིམས་ཞུས། ༢༠༠༦ ལོར་སྐྱབས་རྗེ་སྒྲུབ་གྲྭའི་མཁན་པོ་ཚུལ་ཁྲིམས་བསྟན་འཛིན་གྱི་མདུན་ནས་ཡི་གེ་འདོན་ཀློག་དང་ཟུར་དུ་ཡིག་གཟུགས་སོགས་སྦྱོང་བརྩོན་ལྷོད་མེད་མཛད། ༢༠༠༧ ལོར་གཡུང་དྲུང་བོན་གྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་གི་བཤད་སྒྲུབ་འདུས་སྡེའི་སྒྲིག་ཁོངས་སུ་ཞུགས་ནས་མི་ལོ་ཧྲིལ་པོ་བཅུ་གསུམ་གྱི་རིང་མདོ་སྔགས་སེམས་གསུམ་དང་བཅུ་ཕྲག་རིག་གནས་ཀུན་ལ་སྦྱོང་བརྩོན་ཚུལ་བཞིན་དུ་མཛད།

༢༠༠༩ ལོར་སྐྱབས་རྗེ་རྒྱལ་བ་སྨན་རི་བའི་ཁྲི་འཛིན་སོ་གསུམ་པ་ལུང་རྟོགས་བསྟན་པའི་ཉི་མ་རིན་པོ་ཆེ་མཆོག་དང་། རྒྱུད་གསུམ་བསྟན་པའི་མངའ་བདག་སྐྱབས་རྗེ་ཡོངས་འཛིན་སྨྲ་བའི་དབང་པོ་སློབ་དཔོན་བསྟན་འཛིན་རྣམ་དག་རིན་པོ་ཆེ་རྣམ་གཉིས་ཀྱི་སྐུ་མདུན་ནས་དག་པ་དྲང་སྲོང་གི་ཁྲིམས་ཆེན་ཞུས། ༢༠༡༣ ལོར་དུང་པ་ཇ་འདྲེན་གནང་བ་སོགས་སྤྱིར་སློབ་གཉེར་གྱི་ཞོར་དགོན་པའི་ལས་དོན་ཆེ་ཕྲ་ཆུང་གསུམ་དུ་མར་ཕྱག་ལས་གང་འཚམས་གནང་།

༢༠༢༠ ལོར་སྒྲུབ་གྲྭའི་སྒྲིག་ཁོངས་སུ་ཞུགས་ནས་མི་ལོ་ཧྲིལ་པོ་གསུམ་གྱི་རིང་ཐུན་དང་བསགས་སྦྱོང་རྩ་རླུང་མུན་མཚམས་སོགས་ཐོས་བསམ་སྒོམ་སྒྲུབ་ཉམས་ལེན་ཚུལ་བཞིན་མཛད་ནས། ༢༠༢༣ ལོར་བདག་ཅག་སྟོན་པ་རྫོགས་པའི་སངས་རྒྱས་རྒྱལ་བ་གཤེན་རབ་མི་བོའི་སྐུ་ཡི་འཁྲུངས་མཆོད་རྒྱལ་ཟླ་བའི་ཚེས་བཅོ་ལྔའི་སྐལ་བཟང་གི་ཉིན་མོར་སྐྱབས་རྗེ་མཁན་སློབ་རྣམ་པ་དབུ་བཞུགས་ཐོག་འདུས་མང་སེམས་དཔའ་རྒྱ་མཚོའི་དབུས་སུ་གཤེན་གྱི་དགེ་སྦྱོར་བའི་མཚན་རྟགས་བཞེས་ནས་སྒྲུབ་གྲྭ་ཐོན་ཞིང་བཀའ་རམས་པའི་མཚན་གསོལ་བ་དང་ ༢༠༢༤ ལོར་བཀའ་རབ་འབྱམས་དགེ་བའི་བཤེས་གཉེན་ཆེན་མོ་མཚན་རྟགས་བཞེས་ལ་ཉེ་བ་བཅས་ཀྱི་ལོ་རྒྱུས་མདོར་བསྡུས་སུ་དགེ་མིང་པ་ཚུལ་ཁྲིམས་རྣམ་གྲོལ་ནས།   

བགྲང་བྱ་བཅུ་ཕྲག་འབད་པ་དགེ་བའི་ཚོགས།།

མ་གྱུར་འགྲོ་དྲུག་ཁམས་གསུམ་སེམས་ཅན་དག །

དམིཊ་མེད་ཟིན་པའི་ཚོགས་གཉིས་དགེ་བའི་ཚོཊ།།

ཐམས་ཅད་རྫོགས་བྱང་སྐུ་གསུམ་ས་ཐོབ་ཤོག །

བཀའ་རམས་པ་བློ་གྲོས་ཉི་མའི་ལོ་རྒྱུས་མདོར་བསྡུས།

བཀའ་རམས་པ་བློ་གྲོས་ཉི་མ་ལགས་ནི་ཡབ་བླ་མ་དང་ཡུམ་རྫོགས་མོ་སྐྱིད་གཉིས་ལས་མདོ་སྨད་ཤར་ཁོག་ཨ་གླིང་གྲོང་སྡེའི་སྒང་ག་ཚང་ཞེས་པའི་ཁྱིམ་དུ་འཁྲུངས། ལོ་ན་བཅུ་གཉིས་སོན་སྐབས་སྣ་སྟེང་བཀྲ་ཤིས་གཡུང་དྲུང་གླིང་གི་སྒྲུབ་མཚམས་པ་རྟོགས་ལྡན་ཚུལ་ཁྲིམས་དཔལ་ལྡན་ནམ་ཨ་ཁུ་རྣམ་འཇོམས་ཐར་ཞེས་འབོད་པ་ཁོང་གི་དྲུང་ནས་བོད་ཡིག་འདོན་ཀློག་འབྲི་གསུམ་སོགས་སྦྱངས་ཤིང་ཤེས་རིག་གི་ཐོག་མའི་རྨང་གཞི་བཏིངས། དེ་ནས་མདོ་སྨད་རྣལ་འབྱོར་བ་ལྷུན་གྲུབ་བསྟན་འཛིན་ནམ་ཨ་ཁུ་ཅོ་གོའི་སྐུ་མདུན་ནས་ལོ་གཉིས་ཀྱི་རིང་ལ་གཏོ་སྐུ་རིམ་སོགས་དང་གསང་སྔགས་ཀྱི་ཆོ་གའི་ཕྱག་ལེན་དང་འབུད་རྡུང་བཀྲོལ་གསུམ་སོགས་ལ་སྦྱོང་བ་ལེགས་པར་མཛད། ཕྱི་ལོ་ ༢༠༠༠ ལོར་བོད་ཟླ་དང་པོ་ཚེས་ལྔའི་རྒྱལ་བ་མཉམ་མེད་ཆེན་མོའི་འཁྲུངས་མཆོད་ཀྱི་དུས་བཟང་གི་ཉིན་མོར་རྟེན་འབྲེལ་གྱིས་སྣ་སྟེང་བཀྲ་ཤིས་གཡུང་དྲུང་གླིང་ངམ་ཡོངས་གྲགས་སུ་ལྕགས་མདུད་དགོན་པར་འབོད་པ་དེའི་ཚོགས་གྲལ་དུ་ཐོག་མར་ཞུགས།

ཕྱི་ལོ་ ༢༠༠༣ ལོར་རིན་སྤུངས་བཀྲ་ཤིས་སྨིན་གྲོལ་གླིང་གི་སྒྲུབ་གྲྭའི་ནང་ལ་ཞུགས་ཏེ་ཨ་ལགས་སྐྱང་སྤྲུལ་དྲི་མེད་འོད་ཟེར་རིན་པོ་ཆེ་དང་། སྒྲུབ་གྲྭའི་སློབ་དཔོན་ལྷུན་གྲུབ་བསྟན་འཛིན་རིན་པོ་ཆེ་རྣམ་གཉིས་ཀྱི་དྲུང་དུ་གཙང་གཙུག་གི་སྡོམ་པ་ཞུས་ཏེ་རབ་ཏུ་བྱུང་བ་དང་། ཨ་ལགས་སྐྱང་སྤྲུལ་དྲི་མེད་འོད་ཟེར་གྱི་སྐུ་མདུན་ནས་མ་རྒྱུད་ཀྱི་བཀའ་དབང་ཕྱི་ནང་གསང་གསུམ་ཆ་ཚང་དང་སྨྲ་སེང་སོགས་ཀྱི་བཀའ་དབང་མང་པོ་ཐོབ། སྒྲུབ་གྲྭའི་སློབ་ཡུན་ལོ་གསུམ་གྱི་རིང་ལ་མདོ་སྨད་རྣལ་འབྱོར་བ་ལྷུན་གྲུབ་བསྟན་འཛིན་རིན་པོ་ཆེའི་དྲུང་དུ་སྔོན་འགྲོ་འབུམ་དགུ་བསགས་སྦྱོང་དང་དངོས་གཞི་སེམས་ཁྲིད། རྩ་རླུང་མུན་མཚམས་དང་བཅུད་ལེན། སྒྲུབ་པའི་རིགས་ལ་མཁའ་འགྱིང་ཚེ་སྒྲུབ་དང་། མ་རྒྱུད་ཀྱི་སྒྲུབ་པ་སོགས་བཞུག་མཛད་པ་མ་ཟད། ཐུན་བཞིའི་ཉམས་ལེན་དང་སྦྱིན་པ་རྣམ་བཞི་སོགས་ཆགས་མེད་མཛད་ཅིང་། ཁྲིད་ཀའི་ཕྱོགས་ནས་ཤར་རྫ་རིན་པོ་ཆེས་མཛད་པའི་སྔོན་འགྲོ་བཀའ་ལུང་རྒྱ་མཚོ་དང་། འཁོར་འདས་རུ་ཤན། སྐྱབས་འགྲོ་དང་བྱང་སེམས་འགྲེལ། སྡོམ་གསུམ་རྩ་འགྲེལ། སྡེ་སྣོད་མཛོད། ལྷ་གཉེན་ཤེལ་སྒོང་སོགས་དང་། དེ་བཞིན་ནམ་མཁའ་མཛོད་དང་། ཡོངས་འཛིན་རིན་པོ་ཆེས་མཛད་པའི་སྔགས་རྫོགས་ཀྱི་སྐོར་དང་། སྟོན་པ་སངས་རྒྱས་ཀྱི་སྐྱེས་རབས་པད་མ་དཀར་པོའི་ཕྲེང་བ་སོགས་ཟབ་གདམས་གང་མང་ལ་གསན་བསམ་མཛད་པ་དང་། ༢༠༠༦ ལོར་བོད་ཟླ་དང་པོ་ཚེས་དགུ་ཉིན་ཁོང་སྒྲུབ་གྲྭ་དེ་ནས་མཐའ་ཡོངས་སུ་ཕྱིན།

༢༠༠༦ ལོའི་ཟླ་བ་ ༡༠ བའི་ནང་ལྷ་ས་བརྒྱུད་ནས་གཡུང་དྲུང་གླིང་དུ་ཕེབས་ཤིང་དགེ་སློང་ཤེས་རབ་བསྟན་འཛིན་རིན་པོ་ཆེ་མཇལ་བ་དང་། དེ་ནས་བལ་ཡུལ་དུ་འབྱོར་ཏེ་སྐྱབས་རྗེ་ཡོངས་འཛིན་སྨྲ་བའི་དབང་པོ་རིན་པོ་ཆེ་མཆོག་དང་སྐྱབས་རྗེ་མཁན་རིན་པོ་ཆེ་བསྟན་པ་གཡུང་དྲུང་རྣམ་གཉིས་ཀྱི་གསེར་ཞལ་མཇལ། ༢༠༠༧ ལོའི་ཟླ་བ་དང་པོའི་ཚེས་གཅིག་ཉིན་ཁོང་རྒྱ་གར་སྨན་རིའི་དགོན་དུ་འབྱོར་ཞིང་སྐྱབས་རྗེ་རྒྱལ་བ་སྨན་རིའི་ཁྲི་འཛིན་སོ་གསུམ་པ་མཆོག་ལ་མཇལ་ཁ་ཞུས། སྐབས་དེར་རྒྱལ་བ་སྨན་རི་བ་མཆོག་ནས་ཁོང་ལ་དེ་རིང་ཉིས་སྟོང་བདུན་ལོ་གསར་དུ་ཚེས་པ་རེད། རྟེན་འབྲེལ་བཟང་པོ་བྱུང་ཞེས་སྔགས་བརྗོད་གནང་བ་དང་། རིན་པོ་ཆེ་མཆོག་གིས་ཁྱེད་ཀྱིས་སྔོན་མར་ང་བོད་ལ་ཕེབས་དུས་རབ་བྱུང་གི་སྡོམ་པ་ཞུས་སོང་། ཡིན་ནའང་གྲྭ་སའི་ལུགས་སྲོལ་ལྟར་མཁན་སློབ་འཛོམས་པའི་སར་བསྐྱར་དུ་སྡོམ་པ་ཞུས་ན་ཡག་པོ་ཡོང་གི་རེད་ཅེས་བཀའ་གནང་བ་བཞིན་སྐྱབས་རྗེ་རྒྱལ་བ་སྨན་རི་བའི་ཁྲི་འཛིན་སོ་གསུམ་པ་མཆོག་དང་། དཔོན་སློབ་འཕྲིན་ལས་ཉི་མ་རིན་པོ་ཆེ་རྣམ་གཉིས་ཀྱི་མདུན་ནས་གཙང་གཙུག་གི་སྡོམ་པ་སླར་ཡང་ཞུས། དེ་ནས་གདན་ས་ཆེན་མོ་དཔལ་གཤེན་བསྟན་སྨན་རིའི་གླིང་དུ་བཤད་གྲྭར་ཞུགས་ནས་ལོ་ཁ་ཤས་རིང་སློབ་གཉེར་གནང་།

༢༠༠༨ ལོར་བལ་ཡུལ་དུ་ཕེབས་ཏེ་ཁྲི་བརྟན་ནོར་བུ་རྩེར་བཞུགས་པ་མ་ཟད། བཤད་གྲྭའི་སྡེར་ཞུགས་ཏེ་མདོ་སྔགས་རྫོགས་གསུམ་དང་རིག་པའི་གནས་ལྔ་སོགས་ལ་སྦྱོང་བ་མི་དམན་པར་མཛད་ཅིང་། སྐྱབས་རྗེ་རྒྱལ་བ་སྨན་རིའི་ཁྲི་འཛིན་སོ་གསུམ་པ་མཆོག་དང་སྐྱབས་རྗེ་ཡོངས་འཛིན་རིན་པོ་ཆེའི་རྣམ་གཉིས་ཀྱི་སྐུ་མདུན་ནས་དབང་ལུང་མན་ངག་གང་མང་ཐོབ། མཁན་སློབ་ཁོང་གཉིས་ཀྱི་མདུན་ནས་དག་པ་དྲང་སྲོང་གི་སྡོམ་པ་ཡང་ཞུས། དགོན་པའི་ལས་ཀ་ཆེ་ཆུང་གང་ལ་ཡང་གང་ཐུབ་ཀྱིས་ཞབས་ཞུ་མཛད་ཅིང་དམིགས་བསལ་འཕྲོད་བསྟེན་འགན་འཛིན་སོགས་ཀྱི་འགན་ཁུར་མྱོང་ཡོད། ༢༠༢༠ ལོར་བཤད་གྲྭའི་འཆར་ཅན་གྱི་སློབ་ཡུན་རྫོགས་རྗེས་སླར་ཡང་སྒྲུབ་གྲྭར་ཞུགས་ཏེ། ལོ་འཁོར་ཧྲིལ་པོ་གསུམ་གྱི་རིང་ལ་དཔྲལ་བའི་མིག་དང་ཁོག་པའི་སྙིང་ལྟ་བུ་གདམས་ངག་ཟབ་མོ་ཨ་སྙན་རྫོགས་གསུམ་གྱིས་གཙོས་པའི་ཟབ་གདམས་གང་མང་ཞིག་ལ་ཐོས་བསམ་སྒོམ་སྒྲུབ་མཛད་ཅིང་། ཐུན་བཞིའི་ཉམས་ལེན་དང་རྩ་རླུང་འཁྲུལ་འཁོར། བཅུད་ལེན་མུན་མཚམས་སོགས་སློབ་རིམ་རྣམས་ཚུལ་བཞིན་ཉམས་ལེན་གནང་། ༢༠༢༣ ལོར་སློབ་མཐར་ཕྱིན་ནས་སྐྱབས་རྗེ་ཡོངས་འཛིན་རིན་པོ་ཆེ་དང་སྐྱབས་རྗེ་མཁན་པོ་བསྟན་པ་གཡུང་དྲུང་རྣམ་གཉིས་ཀྱིས་གཤེན་གྱི་དགེ་སྦྱོར་བའི་མཚན་གནས་ལྡན་པའི་ཕྱག་ཁྱེར་གནང་།  མདོར་ན་ཁྱོན་མི་ལོ་ཧྲིལ་པོ་བཅུ་བདུན་ཙམ་གྱི་རིང་ལ་གཞུང་ཆེན་ཁག་དང་རིག་པའི་གནས་བཅས་ལ་ཐོས་བསམ་སྒོམ་གསུམ་དང་། འཆད་རྩོད་རྩོམ་གསུམ་ཚུལ་བཞིན་མཛད་དེ་ད་ལན་ ༢༠༢༤ ལོར་ཡོངས་འཛིན་སྨྲ་བའི་དབང་པོ་མཆོག་དང་དེ་བཞིན་མཁན་སློབ་རྣམ་པའི་ཐུགས་རྗེའི་བྱིན་རླབས་ཟབ་མོའི་འོག་ནས་བཀའ་རབས་འབྱམས་པ་དགེ་བའི་གཤེས་གཉེན་གྱི་མཚན་བཏགས་དངོས་སུ་བཞེས་བཞིན་པ་བཅས་ལོ་རྒྱུས་མདོར་བསྡུས་སུ།

པར་ལེན་པ། ཁྱུང་ཐོག་རྒོད།

(སྤྱིའི་གཟིགས་གྲངས། 355 དེ་རིང་། 1)

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
གཡུང་དྲུང་…
error: རྩོམ་འདི་བདག་དབང་ཅན་ཡིན།