གདན་ས་ཁྲི་བརྟན་ནོར་བུའི་རྩེའི་སྐབས་བཅུ་གསུམ་པའི་དགེ་བཤེས་མཛད་སྒོའི་ཉིན་མཐའ་མ་བཀྲ་ཤིས་ཁྲི་གསོལ་གྱི་མཛད་སྒོ།
ཕྱི་ལོ་ ༢༠༢༤ ལོའི་ཟླ་བ་ ༠༢ པའི་ཚེས་ ༢༥ ཉིན་གདན་ས་འདིའི་སྐབས་༡༣པའི་དགེ་བཤེས་མཛད་སྒོའི་ཉིན་ཐ་མ་བཀྲ་ཤིས་ཁྲི་གསོལ་གྱི་མཛད་སྒོ་ཆེན་མོ་ཡིན་ཞིང་། སྔ་དྲོ་ཕྱག་ཚོད་༩པའི་ཐོག་སྐྱབས་རྗེ་མཁན་སློབ་རྣམ་པ་དང་མཛད་སྒོའི་སྐུ་མགྲོན་གཙོ་བོ་དབུས་བོད་མིའི་སྒྲིག་འཛུག་གི་ཆོས་རིག་སྐུ་ཚབ་དང་བལ་ཡུལ་བོད་མིའི་དོན་གཅོད་ཀྱི་སྐུ་ཚབ་གཅིག་ལྕོགས་འཕགས་ཤིང་ས་གནས་ཀྱི་དྲུང་ཆེ་མཆོག་དང་།
བལ་གཞུང་སྤྱི་ཚོགས་བདེ་དོན་ལྷན་ཁང་གི་དྲུང་ཆེ་Mr. Manoj Bhatta, Member Secretary, Social Welfare Council ནཱ་གར་ཇུ་ན་གྲོང་སྡེ་སྤྱི་ཁྱབ་ལྷན་ཁང་གི་དབུ་འཛིན་གཞོན་པ་ལྕམ་Ms. Sushila Adhikari, Deputy Mayor, Nagarjun Municipality ནཱ་གར་ཇུ་ན་གྲོང་སྡེ་སྤྱི་ཁྱབ་ལྷན་ཁང་གི་དྲུང་ཆེ་Mr. Suman Adhikari, Chief Administrative Officer, Nagarjun Municipality ནཱ་གར་ཇུ་ན་གྲོང་སྡེ་གཉིས་པའི་དབུ་འཛིན་Mr. Thum Raj K.C., Ward Chairman, Nagarjun Municipality Ward no.2 ཨེ་ཤི་ཡ་རོག་ཚོགས་ནེ་པལ་གྱི་དབུ་འཛིན་Mr. Emanuele Assini, Project Head, ASIA NEPAL ནཱ་གར་ཇུ་ན་གྲོང་སྡེ་སྤྱི་ཁྱབ་ལྷན་ཁང་གི་ཤེས་རིག་དབུ་འཛིན་Mr. Krishna Bahadur Kunwar, Education Head, Nagarjun Municipality ནཱ་གར་ཇུ་ན་གྲོང་སྡེ་སྤྱི་ཁྱབ་ལྷན་ཁང་གི་དྲུང་ཡིགMr. Narayan Prasad Timalsina Administration Head, Nagarjun Municipality ཤེས་ཕུགས་གསུམ་མདོའི་གྲོང་སྡེ་ལྷན་ཁང་གི་སྤྱི་ཁྱབ་དབུ་འཛིན་གཞོན་པ་པད་མ་དབང་ཆེན་Mr. Pema Wangchen, Vice-Chairman, Shey-Phuksundo Rural Municipality མཁས་དབང་འབུམ་རམས་པ་Mr. Dan Raj Regmiབཅས་དང་། དེ་བཞིན་འདུས་མང་དང་དད་ལྡན་སེར་སྐྱ་རྣམས་གཙུག་ལག་ཁང་དུ་འཛོམས་ཐོག་བཀྲ་ཇ་དང་འབྲས་སིལ་འདེག་འབུལ་ཞུས་རྗེས་བཀའ་རམས་པ་རྣམ་པ་བཀྲ་ཤིས་དམ་བཅའ་བཞུགས།
དེ་རྗེས་སྐྱབས་རྗེ་དཔོན་སློབ་རིན་པོ་ཆེ་མཆོག་ནས་བཀའ་རམས་པ་རྣམ་པ་བདུན་ལ་དངོས་སུ་དགེ་བའི་བཤེས་གཉེན་གྱི་མཚན་རྟགས་བསྩལ་གནང་མཛད་རྗེས་སྐྱབས་རྗེ་མཁན་ཆེན་ལུང་རྟོགས་བསྟན་པ་གཡུང་དྲུང་རིན་པོ་ཆེ་མཆོག་ནས་བསྔོ་བ་བདེ་ལེགས་ཀུན་འབྱུང་གསུངས་ཏེ་མི་དམིགས་པའི་བསྔོ་སྨོན་རྣམ་དག་གིས་རྒྱས་གདབ་དང་མཚམས་སྦྱོར་གནང་།
དེ་རྗེས་དངོས་སུ་མཚན་བཏག་ཟིན་པའི་བཀའ་རབ་འབྱམས་པ་ཤེལ་ཞིག་དྲང་སྲོང་བདེ་ལེགས་གཡུང་དྲུང་འགྱུར་མེད་དང་། བཀའ་རབ་འབྱམས་པ་ཨ་ཁུ་དྲང་སྲོང་ཤེས་རབ་གཡུང་དྲུང་མཐར་ཕྱིན། བཀའ་རབ་འབྱམས་པ་ཞང་ཞུང་དྲང་སྲོང་ཚུལ་ཁྲིམས་རབ་བརྟན་རྒྱལ་མཚན་དང་། བཀའ་རབ་འབྱམས་པ་ཚེ་འཕེལ་དྲང་སྲོང་ཚུལ་ཁྲིམས་དཔལ་ལྡན། བཀའ་རབ་འབྱམས་པ་བདེ་ལེགས་དྲང་སྲོང་ཚུལ་ཁྲིམས་རྣམ་དག བཀའ་རབ་འབྱམས་པ་གར་ཙ་དྲང་སྲོང་བློ་གྲོས་འཇིགས་མེད་དོན་ལྡན། བཀའ་རབ་འབྱམས་པ་སྒང་ག་དྲང་སྲོང་བློ་གྲོས་ཉི་མ་རྣམ་པ་བདུན་ནས་མཆོད་ཚིག་གསུངས་ཤིང་འབྲུ་དང་མེ་ཏོག་གཏོར་ཏེ་སྔ་དྲོའི་མཛད་རིམ་ཁག་ལེགས་པར་གྲུབ།
ཉིན་གུང་ཕྱག་ཚོད་༡༢ཐོག་དགེ་བའི་བཤེས་གཉེན་རྣམ་པ་ཐུན་མོང་གི་མཛད་སྒོའི་སྐུ་མགྲོན་དང་སེར་སྐྱ་མི་མང་ཡོངས་ལ་གཏང་རག་གི་གཏོང་སྒོ་ཆེན་མོ་དང་། དེ་རྗེས་ཉིན་རྒྱབ་ཕྱག་ཚོད་༡པོར་འཚོགས་ཁང་ཐོག་ཁའི་གསས་མཁར་མཆོག་ལྔའི་ལྷ་ཁང་ནང་དུ་སྐྱབས་རྗེ་མཁན་སློབ་རྣམ་པ་ལྷན་དུ་འཛོམས་ཐོག་དགེ་བཤེས་གསར་དུ་ཐོན་མཁན་རྣམས་ལ་ཆེད་གཉེར་གྱིས་གསང་གསུམ་བོན་གྱི་མཛོད་འཛིན་རྒྱུད་གསུམ་བསྟན་པའི་མངའ་བདག་སྐྱབས་རྗེ་ཡོངས་འཛིན་སྨྲ་བའི་དབང་པོ་རིན་པོ་ཆེ་མཆོག་མཇལ་ཁ་གནང་བ་དང་། རིན་པོ་ཆེ་མཆོག་ནས་དགེ་བཤེས་གསར་དུ་ཐོན་པ་རྣམས་དང་མི་མང་ཡོངས་ལ་བརྙན་ལམ་ནས་སྐར་མ་༡༠་ཙམ་གྱི་རིང་ཞལ་གསུང་བཀའ་སློབ་ཀྱི་བཀའ་དྲིན་བསྩལ་གནང་མཛད།
དེ་རྗེས་ཕྱག་ཚོད་༡པོ་དང་༣༠ཐོག་གཙུག་ལགས་ཁང་དུ་སྐྱབས་རྗེ་མཁན་སློབ་རྣམ་པ་དབུ་བཞུགས་ཐོག་མཛད་སྒོའི་སྐུ་མགྲོན་ཁག་དང་སེར་སྐྱ་མི་མང་བཅས་གཙུག་ལག་ཁང་དུ་འཛོམས་ཏེ་བཞུག་གྲལ་འཁོད་རྗེས་གསོལ་ཇ་དང་བཞེས་བྲོ་འདེག་འབུལ་ཞུས།
དེ་ནས་སྐྱབས་རྗེ་མཁན་རིན་པོ་ཆེ་མཆོག་ནས་དགེ་བའི་བཤེས་གཉེན་ཆེན་མོའི་མཚན་རྟགས་ཀྱི་ཕྱག་འཁྱེར་བསྩལ་གནང་མཛད་པ་དང་། རིམ་པར་སྐྱབས་རྗེ་སློབ་དཔོན་རིན་པོ་ཆེ་མཆོག་དང་། སྐྱབས་རྗེ་སྒྲུབ་གྲྭའི་མཁན་རིན་པོ་ཆེ་མཆོག བཤད་སྒྲུབ་མཁན་སློབ་རྣམ་པ་བཅས་མཇལ་ཞུ་དང་ལྷན་མཁན་སློབ་རྣམ་པ་ནས་རིམ་པར་མགུལ་དར་དང་བྱིན་མདུད་སོགས་བསྩལ་གནང་མཛད།
དེ་རྗེས་་མཛད་སྒོའི་སྐུ་མགྲོན་གཙོ་བོ་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཆོས་རིག་སྐུ་ཚབ་དང་བལ་ཡུལ་བོད་མིའི་དོན་གཅོད་ཀྱི་སྐུ་ཚབ་གཅིག་ལྕོགས་འཕགས་ཤིང་ས་གནས་ཀྱི་དྲུང་ཆེ་མཆོག་ནས་རྟེན་འབྲེལ་ལེགས་མཚོན་གྱི་མགུལ་དར་སོགས་གནང་གྲུབ་རྗེས་དགེ་བཤེས་རྣམ་པ་ནས་གཞུང་ཆེན་གབ་མཛོད་ས་གསུམ་གྱི་བཀྲ་ཤིས་ཚིག་བཀྲ་གསུང་།
དེ་རྗེས་སྐྱབས་རྗེ་མཁན་ཆེན་ལུང་རྟོགས་བསྟན་པ་གཡུང་དྲུང་རིན་པོ་ཆེ་མཆོག་ནས་དམིགས་བསལ་དགེ་བཤེས་སློབ་ཐོན་པའི་མཛད་སྒོ་དང་འབྲེལ་བའི་བཀའ་སློབ་བཀའ་དྲིན་བསྩལ་གནང་མཛད་པ་དང་དེ་བཞིན་མཛད་སྒོའི་སྐུ་མགྲོན་གཙོ་བོ་མཆོག་ནས་ཀྱང་མཛད་སྒོ་འདི་དང་འབྲེལ་བའི་བཀའ་སློབ་གནང་།
དེ་མཚམས་སྐྱབས་རྗེ་མཁན་རིན་པོ་ཆེ་མཆོག་ནས་སེར་སྐྱ་མི་མང་ཡོངས་ལ་ཁྲུས་གསོལ་གནང་རྗེས་འདུས་མང་ནས་འདུལ་ཆོག་ལྟར་གྱི་སྐུ་གླུད་བཀར་བའི་ཆོ་གའི་ཡན་ལག་གསུངས་ཤིང་གླུད་ཡས་བསྔོས། དེ་རྗེས་དགེ་བཤེས་རྣམ་པ་དང་སེར་སྐྱ་མི་མང་ལྷན་གཙུག་ལག་ཁང་ལ་ཞབས་སྐོར་ཕེབས་རྗེས་འདུ་ཁང་གི་སྒོ་འཁྱོར་མདུན་ནས་འདུལ་ཆོག་ལྟར་གྱི་སྨོན་ལམ་གསུངས།
དེ་དག་ཡོངས་སུ་གྲུབ་རྗེས་འདུ་ཁང་གི་སྒོ་འཁྱོར་དུ་སྐྱབས་རྗེ་མཁན་ཆེན་ལུང་རྟོགས་བསྟན་པ་གཡུང་དྲུང་རིན་པོ་ཆེ་མཆོག་ནས་”བཀའ་རབ་འབྱམས་པ་དགེ་བའི་བཤེས་གཉེན་ཆེན་མོ་སྐལ་པ་བཟང་།”ཞེས་ལན་གསུམ་གསུངས་པ་དང་ལྷན་གཅིག་སེར་སྐྱ་མི་མང་ཡོངས་ནས་དུས་གཅིག་ཏུ་སྐལ་པ་བཟང་ཞེས་སྒྲོག་བཞིན་མཚན་ཉིད་པའི་ཚོགས་ཁང་ནང་དུ་དགེ་བཤེས་རྣམ་པ་སྤོས་རྒྱས་གདན་འདྲེན་ཞུས་ཏེ་ཁྲི་གསོལ་ཞུས་ཤིང་ཀུན་གྱིས་མཇལ་དར་དང་ཕན་ཐོག་ཕུལ་བ་བཅས་གདན་ས་ཆེན་མོ་དཔལ་ལྡན་ཁྲི་བརྟན་ནོར་བུའི་རྩེའི་སྐབས་༡༣པའི་དགེ་བཤེས་མཛད་སྒོ་དེ་ཉིད་བཀྲ་ཤིས་ཁ་དགེའི་ངང་ནས་མཇུག་ལེགས་པར་གྲུབ་པའི་གནས་བསྡུས་སུ་སྐྱ་ཀ་ཁྲ་བོ་ནས་ཕྱི་ལོ་ ༢༠༢༤ ཟླ་ ༠༢ ཚེས་ ༢༥ ཉིན།
པར་ལེན་པ། ཁྱུང་ཐོག་རྒོད།