གདན་ས་ཁྲི་བརྟན་ནོར་བུ་རྩེའི་ཁྲོ་ཕུར་དགུ་གཏོར་ཆེན་མོ་འཚོགས་པའི་གནས་བསྡུས།
གདན་ས་ཁྲི་བརྟན་ནོར་བུ་རྩེའི་ཁྲོ་ཕུར་དགུ་གཏོར་ཆེན་མོ་ནི་སྡེ་དགོན་གཉིས་ཀྱི་ལོ་རེའི་བར་ཆོད་རྐྱེན་བཟློག་གི་སྤྱི་རིམ་གལ་ཆེན་པོར་བརྩིས་ནས་ད་བར་ཆག་མེད་འཚོག་གནང་གི་ཡོད་པ་དང་། འདི་ལོ་ཡང་ཕྱི་ལོ་ ༢༠༢༥ ༢ ༢༤ ཉིན་དགུ་གཏོར་མཆོད་བཟོ་བྱས། ཕྱི་ལོ་ ༢༠༢༥ ༢ ༢༥ ནས་ ༢༠༢༥ ༢ ༢༧ བར་རྒྱལ་བསྟན་གཟི་བརྗིད་འོད་འབར་གཙུག་ལག་ཁང་དུ་ཁྲོ་གྲལ་དུ་བཤད་སྒྲུབ་མཁན་པོ་མཆོག་དང་། ཕུར་གྲལ་བཤད་སྒྲུབ་བཤད་སྒྲུབ་དཔོན་སློབ་མཆོག་དབུ་བཞུགས་མཛད་དེ་འདུས་མང་ནས་ཁྲོ་ཕུར་གྱེར་དབྱངས་ཆེན་མོ་གྱེར་ནས་ཉིན་གསུམ་རིང་འཚོགས་གནང་། དེའི་རིང་སྒྲུབ་ཁང་ནང་དུ་ཕུར་པའི་ཚོགས་འཁོར་སྲུང་བཟློག་དང་། མཆོག་ལྔའི་གསས་ཁང་དུ་སྐོང་འབུམ་བཅས་གསུངས། ཉིན་ཐ་མའི་ཉིན་རྒྱབ་ཏུ་བསྒྲལ་བསྟབས་གྲུབ་ནས་སྐྱབས་རྗེ་མཁན་ཆེན་ལུང་རྟོགས་བསྟན་པ་གཡུང་དྲུང་རིན་པོ་ཆེས་མི་མང་ལ་ཁྲུས་གསོལ་གནང་བ་དང་།
འཆམ་པོ་བ་དང་སྒྲུབ་གཤེན་ཀུན་གཤེན་རབ་དགུ་འཆམ་ལྷན་དུ་འཆམ་ནས་མཁན་སློབ་འདུས་མང་ལྷན་འཛོམས་ཐོག་དགུ་གཏོར་ཆེན་མོའི་གཏོར་རྒྱག་མཛད་གྲུབ་པ་དང་འཆམ་གཞུག་བསྡུས། དེ་ནས་རྒྱལ་བསྟན་གཟི་བརྗིད་འོད་འབར་གཙུག་ལག་ཁང་གི་མདུན་དུ་ཀི་བསྭོ་ལྷ་རྒྱལ་འཐེན་ཏེ་ཕྱེ་མར་མཆོད། གཙུག་ལག་ཁང་གི་ནང་དུ་ཕེབས་ནས་ཕྱྭ་ཚེ་བཀྲ་ཤིས་གཤེགས་བསྐྱོད་དང་བསྔོ་སྨོན་གྱིས་རྒྱས་གདབ་གནང་བ་བཅས་ཁྲོ་ཕུར་དགུ་གཏོར་ཆེན་མོ་དེ་ཉིད་མཇུག་གྲུབ་པའི་གནས་བསྡུས་སུ་
མེ་ལོང་ཡེ་ཤེས་དྲ་བའི་གཙོ་སྒྲུབ་པས ༢༠༢༥ ༢ ༢༨ ཉིན་སྤེལ།། །།
པར་པ་ཁྱུང་ཐོག་རྒོད།