ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

གདན་ས་དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེའི་འདི་ལོའི་རྩ་རླུང་ཉམས་ལེན་སྐོར་གྱི་གནས་བསྡུས། ༢༠༡༩

འདི་ནས་ཡར་ལ་བརྩིས་པའི་མི་ལོ་ཉེར་ལྔའི་འགོ་མ་སྟེ་ ༡༩༩༤ ལོར་༧གདན་ས་འདིའི་བཤད་སྒྲུབ་ཟུང་དབུ་ཚུགས་པ་ནས་བཟུང་སྒྲུབ་གྲྭ་བ་རྣམས་ཀྱིས་ཉིན་རེའི་དགེ་སྤྱོད་རེའུ་མིག་གི་འགྲོས་ལྟར་བོན་གྱི་རྫོགས་ཆེན་སྡེ་བཞི་མ་བུ་ཆ་ལག་དང་བཅས་པར་བློ་སྦྱོང་དང་། ལུས་སྦྱོང་། དཔེ་སྦྱོང་བཅས་སློབ་ཚན་ཁག་ལོ་རིམ་དང་བསྟུན་བསྟར་ཆགས་སུ་བསྒྲུབས་ཏེ། ད་སྔོན་གཤེན་གྱི་སྒྲུབ་ཐོན་རྣལ་འབྱོར་པའི་མཚན་སྙན་བཞེས་མཁན་སུམ་ཅུ་ཁ་ལྷག་ཕེབས་ཟིན་པ་དང་། ཁོང་རྣམ་པས་སློབ་པ་ལམ་ཞུགས་ཀྱི་སྐབས་སུ་ཐོས་བསམ་སྒོམ་སྒྲུབ་ཀྱི་ཕྱག་ལེན་རྣམས་གལ་གནད་དུ་བཟུང་ཞིང་སྔོན་འགྲོ་དངོས་གཞི་དང་། རྩ་རླུང་མུན་མཚམས་སོགས་དགེ་སྦྱོར་གྱི་ཉམས་ལེན་དང་། ཞོར་བྱུང་རིག་གནས་སོགས་ལ་སློབ་སྦྱོང་གནང་ཞིང་དུས་བཅད་ལྟར་སློབ་མཐར་གྲུབ་པའི་ཆེ་རྟགས་སུ་གཤེན་གྱི་རྣལ་འབྱོར་བའི་མཚན་སྙན་བཞེས་པའི་ལམ་སྲོལ་ཆགས་ཡོད། དེ་ནི་༧སྐྱབས་རྗེ་ཡོངས་འཛིན་སྨྲ་བའི་དབང་པོ་མཆོག་གིས་བོན་གྱི་བསྟན་པའི་ཕྱག་ལེན་རྗེས་བཞག་གནང་བར་འཛིན་སྐྱོང་སྤེལ་བའི་སྐྱེས་ཆེན་༧སྐྱབས་རྗེ་མཁན་ཆེན་ལུང་རྟོགས་བསྟན་པ་གཡུང་དྲུང་རིན་པོ་ཆེ་མཆོག་དང་། ༧སྐྱབས་རྗེ་དཔོན་སློབ་ཚངས་པ་བསྟན་འཛིན་རིན་པོ་ཆེ། ༧སྐྱབས་རྗེ་སྒྲུབ་མཁན་ཚུལ་ཁྲིམས་བསྟན་འཛིན་རིན་པོ་ཆེ་རྣམ་པ་གཙོས་བཤད་སྒྲུབ་མཁན་སློབ་རྣམས་ཀྱིས་རྡོ་ལག་བརྒྱུས་དང་ཆུ་ལམ་ཞུགས་ཚུལ་དུ་བཤད་སྒྲུབ་གཉིས་ཀྱི་འཛིན་སྐྱོང་ཚགས་སུ་ཚུད་པར་མཛད་པའི་བཀའ་དྲིན་ཉག་གཅིག་ཡིན་པ་མ་ཟད། སྐབས་བབ་དགོན་གྱི་ལས་འཛིན་དང་འདུས་སྡེ་ཐུན་མོང་གིས་ཕྱར་གྲུ་མཉམ་འདེགས་གནང་བའི་མཛད་བཟང་གི་སྟོབས་ལས་ཐོབ་པའི་ཕྱག་རྗེས་ཤིག་ཀྱང་ཡིན་ནོ། །

ད་ལམ་འདི་གའི་སྒྲུབ་གྲྭར་བཞུགས་པའི་ཉམས་ལེན་པ་དགེ་བའི་བཤེས་གཉེན་རྣམས་དང་། ཆེད་སྦྱོང་གནང་མཁན་སློབ་གཉེར་བ་བཅས་ཁྱོན་བླ་གྲྭ་བཅུ་གཉིས་ཙམ་གྱིས་དགོན་དུ་འདི་ལོའི་རྩ་རླུང་སྦྱོང་བའི་སྟ་གོན་གྲྭ་སྒྲིག་ཆེད་སྦྱོང་བརྡར་ཟླ་བ་གཅིག་ཙམ་གནང་། དེ་རྗེས་སློབ་གཉེར་བ་མ་བྱན་གཉིས་ཀྱི་ཞབས་ཞུ་ལྷན་<<རྒྱལ་གཤེན་སྤོར་>>ཞེས་པའི་དབེན་གནས་ཀྱི་རི་རྩེའི་ཁང་གསར་དུ་ཕེབས་ཏེ་རྟེན་འབྲེལ་རང་འགྲིག་གི་སྒོ་ནས་ས་གནས་དེར་ཕྱི་ལོའི་ ༢༠༡༩ ཟླ་ ༠༩ ཚེས་ ༢༩ ཉིན་རྩ་རླུང་ཞག་བརྒྱའི་སྒྲུབ་མཚམས་དབུ་བཙུགས། ཀུན་མཁྱེན་ཤར་རྫ་པའི་སྐུ་གསུམ་རང་ཤར་གྱི་གཏུམ་མོའི་ཉམས་ལེན་ཡེ་ཤེས་མེ་དཔུང་ལྟར་སྟོང་ར་གསུམ་གྱི་སྒོ་ནས་རླུང་སྦྱོང་དང་། རྩ་སྦྱོང་རྣམས་སྔོན་དངོས་རྗེས་གསུམ་གྱི་རིམ་པ་བསྟར་ཆགས་སུ་ཉམས་བཞེས་མཛད་པ་དང་། དེ་བཞིན་བོགས་འདོན་འཁྲུལ་འཁོར་སྒྱུ་མའི་རོལ་མོ་ལྟར་ཨ་ཁྲིད་ཀྱི་འཁྲུལ་འཁོར་དང་། སྙན་རྒྱུད་ཀྱི་རྩ་རླུང་འཁྲུལ་འཁོར་བཞི་བཅུ་པ་གཉིས་ཀྱི་ཕྱག་ལེན་ལྟར་རླུང་སྦྱོང་དང་། ལུས་སྦྱོང་། ཐུན་སྦྱོང་། དེ་བཞིན་ནངས་དགོང་བསང་བཀའ་སྐྱོང་དང་།  ཉིན་མོ་བླ་མ་མགོན་པོའི་སྒྲུབ་པ། སྔ་ཕྱི་དྲོར་ཆུ་གཏོར་དང་བསུར་བསྔོ་། སྲོད་ལ་ལུས་སྦྱིན་བཅས་ཉིན་རེའི་དུས་བསྟུན་རེའུ་མིག་བཞིན་བསྒྲུབས།

༢༠༡༩ ཟླ་ ༡༢ ཚེས་ ༢༨ ཉིན་སྒྲུབ་ཞགས་ཉི་གྲངས་བརྒྱ་ཟིན་པ་དང་བསྟུན་༧གདན་སའི་མཁན་སློབ་རྣམ་གཉིས་དང་། བཤད་སྒྲུབ་མཁན་སློབ་རྣམ་པ། སྒྲུབ་ཐོན་དགེ་བཤེས་རྣམ་པ་སོགས་གདན་དྲངས་ཤིང་ཞོགས་ཀའི་ཕྱག་ཚོད་ ༠༣ པའི་ཐོག་ཐོར་ཐུན་རླུང་སྦྱོང་དང་། སྙན་རྒྱུད་འཁྲུལ་འཁོར་བཞི་བཅུ་པའི་ཕྱག་ལེན་གནང་། དེ་རྗེས་འཁྱག་པ་ལམ་དུ་འཁྱེར་བའི་ཐབས་གཏུམ་མོའི་དྲོད་ཚད་སྟངས་འབུལ་མཛད་པའི་རྣམ་པ་སྟེ། གདན་སའི་བླ་མ་རྣམས་གདན་གྲལ་དུ་འཁོད་རྗེས་དགོངས་སྤྱོད་རྣམ་གསུམ་གསུང་ཞིང་གསོལ་འདེབས་དྷ་སིལ་དབྱངས་དང་བཅས་ཏེ། ཉམས་ལེན་པ་རྣམས་ཀྱིས་སྔ་ཐུན་གྱི་རླུང་སྦྱོང་དང་ལྷན་དུ་གཅེར་བུར་བཞུགས་ནས་ཆུ་རས་ཐེངས་གསུམ་རེར་སྐམ་པ་དང་། དེ་རྗེས་སྔ་ཐུན་ཨ་ཁྲིད་འཁྲུལ་འཁོར་གྱི་ཕྱག་ལེན་གནང་ནས་ཞོགས་ཟས་ལ་རོལ་བ་བཅས་འདི་ལོའི་རྩ་རླུང་སྦྱོང་མཁན་རྣམས་ཀྱིས་སྔོན་དངོས་རྗེས་གསུམ་གྱི་དགེ་སྤྱོད་རྣམས་ཚུལ་དང་མཐུན་པར་བསྒྲུབས་པ་ལྟར་ཁ་དགེ་བཀྲ་ཤིས་ངང་རྨད་བྱུང་ལེགས་གྲུབ་བྱུང་བ་བཅས་དང་། དེ་མུས་༢༠༢༠ཟླ་༠༡ཚེས་༠༡ནས་བཟུང་ཉིན་ཞག་བདུན་བར་སྐུ་གསུམ་བཅུད་ལེན་ཐར་པའི་རྒྱགས་ཕྱེ་ལྟར་ལྟོ་གོས་ཀྱི་འཁྲི་བ་གཅོད་པའི་ལག་ལེན་ལ་མྱོང་བ་གནང་། རྗེས་བྱ་བཀྲ་ཤིས་གཤེགས་སྐྱོད་དང་བསྔོ་སྨོན་གྱིས་མཐར་བརྒྱན་ཏེ་བཅད་རྒྱ་ལེགས་གྲུབ་བྱུང་བའི་གནས་བསྡུས་སུ།

མེ་ལོང་ཞེས་སུ་འབོད་པ་དེས་ཕྱི་ལོ་ ༢༠༢༠ ཟླ་ ༠༡ ཚེས་ ༠༦ ཉིན་སྤེལ།

 

(སྤྱིའི་གཟིགས་གྲངས། 1,188 དེ་རིང་། 1)

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
རྩོམ་པ་པོ།…
error: རྩོམ་འདི་བདག་དབང་ཅན་ཡིན།