ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

གཡུང་དྲུང་བོན་གྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་གི་རྩ་འཛིན་སློབ་དཔོན་བསྐོས་བཞག་བྱས་པ།

གདན་ས་ཆེན་མོ་ཁྲི་བརྟན་ནོར་བུའི་རྩེ་རུ་གཡུང་དྲུང་བོན་གྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་གི་བཤད་སྒྲུབ་འདུས་སྡེའི་དཔེ་ཁྲིད་ཀྱི་རྐང་འཛིན་མཁན་རྒྱུན་བཞུགས་མཁན་སློབ་རྣམ་པའི་ཕྱག་རོགས་དགོན་འདིའི་མཁན་སློབ་རྣམ་པས་བཀའ་བགྲོས་གནང་སྟེ་ཕྱི་ལོ་ ༢༠༡༣ ལོར་རྩ་འཛིན་སློབ་དཔོན་ཞེས་བསྐོས་བཞག་གནང་བ་རེད་ལ། དེའི་སྐབས་བསྐོས་པའི་རྩ་འཛིན་སློབ་དཔོན་རྣམ་པ་ཕལ་ཆེ་བ་བསྟན་འགྲོའི་ལས་དོན་གཞན་གྱི་དབང་གིས་དགོན་པའི་ནང་དུ་རྒྱུན་བཞུགས་གནང་སྟེ་དཔེ་ཁྲིད་མཛད་རྒྱུའི་དུས་ཁོམ་མ་བྱུང་སྟབས། འདི་ལོ་དགོས་པ་སྐབས་བསྟུན་ལ་དགོངས་ཏེ་སྐབས་ཉེར་བདུན་པའི་བཤད་སྒྲུབ་འདུས་སྡེའི་སློབ་ཚན་དབུ་འཛུག་མ་གནང་གོང་ནས་མཁན་སློབ་རྣམ་པས་བཀའ་གྲོས་མཛད་དེ་རྩ་འཛིན་སློབ་དཔོན་གསར་པ་བསྐོ་རྒྱུའི་གྲོས་མཐུན་བྱུང་ནས་གཞུང་ཁྲིད་རྒན་བཞི་དང་རིག་གནས་རྒན་བཞི་བཅས་མི་འགྲོ་དགེ་བཤེས་བརྒྱད་གཏན་ཁེལ་གནང་བ་དང་། རྩ་འཛིན་སློབ་དཔོན་གྱི་མཚན་གནས་བསྩལ་ཡུལ་སྔར་སྲོལ་གསོ་རིག་འབུམ་བཞི་སློབ་གྲྭའི་དབུ་འཛིན་རྩ་འཛིན་སློབ་དཔོན་དགེ་བཤེས་བདེན་གཉིས་བཤད་སྒྲུབ་དང་། གྲྭ་ཚང་གི་སྤྱི་གཉེར་ཟུར་པ་དགེ་བཤེས་ཤེས་རབ་རིན་ཆེན། དགེ་བཤེས་བློ་གྲོས་ཕུན་ཚོགས། དགེ་བཤེས་ཁྲི་ལྡེ་གཙུག་བརྟན། གཞུང་ཆེན་ཆེད་སྦྱོང་སློབ་ཐོན་པ་ཚོགས་ཆེན་དགེ་སྐོས་ཟུར་པ་དགེ་བཤེས་ཚུལ་ཁྲིམས་རྒྱ་མཚོ། གཤེན་གྱི་དགེ་སྦྱོར་བ་དགེ་བཤེས་ལུང་རྟོགས་རྒྱ་མཚོ། གཤེན་གྱི་དགེ་སྦྱོར་བ་དགེ་བཤེས་བློ་གྲོས་འོད་གསལ། གཞུང་ཆེན་ཆེད་སྦྱོང་སློབ་ཐོན་པ་དགེ་བཤེས་ཁྲི་ལྡེ་ཚུལ་ཁྲིམས་བཅས་ཡིན། ཁོང་རྣམ་པ་ལ་སྐྱབས་རྗེ་མཁན་ཆེན་ལུང་རྟོགས་བསྟན་པ་གཡུང་དྲུང་རིན་པོ་ཆེ་མཆོག་གི་མདུན་སར་ཕེབས་ཤོག་གསུངས་ཏེ་རྩ་འཛིན་སློབ་དཔོན་གནང་དགོས་པའི་བསྐུལ་མ་གནང་། ཕྱི་ལོ་༢༠༢༡ཟླ་བ་༠༣ ཚེས་༢༨བོད་ལྕགས་གླང་ལོའི་ཧོར་ཟླ་༠༢པའི་ཚེས་༡༥ཉིན་སྔ་དྲོ་ཆུ་ཚོད་བཅུ་པའི་ཐོག་མཁན་སློབ་རྣམ་པ་དང་ལྷན་དུ་གསང་གསུམ་བོན་གྱི་མཛོད་འཛིན་ ༧སྐྱབས་རྗེ་ཡོངས་འཛིན་སྨྲ་བའི་དབང་པོ་མཆོག་མཇལ་ཁ་ཞུས་པ་དང་། སྐྱབས་རྗེ་ཡོངས་འཛིན་རིན་པོ་ཆེ་ཡིས་རྩ་འཛིན་སློབ་དཔོན་གྱི་ཐུགས་འགན་བཞེས་མཁན་ཚོ་ལ་བསྟན་པ་སྤྱི་སྒོས་གང་ཡིན་ན་མདོ་སྔགས་རིག་གནས་དང་བཅས་པའི་བསྟན་པ་ཆ་ཚང་ཞིག་འཛིན་ཐུབ་པ་བྱེད་རྒྱུ་དེ་ཧ་ཅང་གལ་ཆེན་པོ་ཡིན་པ་དང་། འདི་འཐུས་ཤོར་མ་སོང་བ་བྱེད་རྒྱུ་དེ་འགན་ཆེན་པོ་ཡིན་པ་སོགས་རྒྱལ་ཕྱི་ནང་གི་གནས་སྟངས་དང་ལོ་རྒྱུས་བཅས་སྦྲགས་ཏེ་བཀའ་སློབ་ལམ་སྟོན་ཟབ་རྒྱས་གནང་བ་དང་རྩ་འཛིན་སློབ་དཔོན་གྱི་མཚན་གནས་བཞེས་མཁན་ཚོས་ལས་དོན་འདི་འགན་ཁུར་གནང་བ་ལ་བཀའ་དྲིན་ཆེ་ཞེས་གསུངས། དེ་མཚམས་སྐྱབས་རྗེ་མཁན་ཆེན་ལུང་རྟོགས་བསྟན་པ་གཡུང་དྲུང་རིན་པོ་ཆེ་མཆོག་ནས་རྩ་འཛིན་སློབ་དཔོན་བསྐོས་དགོས་པའི་རྒྱུ་མཚན་དང་བཅས། བཀའ་སློབ་ལམ་སྟོན་གནང་སྟེ་བླ་བྲང་ནས་བསྩལ་བའི་བཀའ་ཡིག་སྒྲོགས་སྦྱོང་མཛད་དེ་རྩ་འཛིན་སློབ་དཔོན་གྱི་མཚན་འདོན་གནང་བ་དང་། རྩ་འཛིན་སློབ་དཔོན་གྱི་དུས་ཡུན་ལོ་གཉིས་རེ་ཡིན་པ་བཅས་གསུངས།  དེ་མཚམས་༧སྐྱབས་རྗེ་ཡོངས་འཛིན་རིན་པོ་ཆེས་རྩ་འཛིན་སློབ་དཔོན་རྣམ་པ་ལ་མགུལ་དར་གནང་བ་དང་འདྲ་པར་བཅས་སྒྲོན། ཕྱི་ཚེས་༣༠ཉིན་གྲྭ་མང་ཡོངས་ཀྱི་མདུན་སར་ཚོགས་ཆེན་དགེ་སྐོས་ལགས་ནས་བླ་བྲང་ནས་བསྩལ་བའི་བཀའ་ཡིག་སྒྲོགས་སྦྱོང་གནང་སྟེ་ཁོང་རྣམ་པ་རྩ་འཛིན་སློབ་དཔོན་བསྐོས་བཞག་གནང་ཡོད་པའི་གསལ་བསྒྲགས་མཛད་པ་བཅས་ཀྱི་གནས་ཚུལ་སྙིང་བསྡུས་འདི་མེ་ལོང་ཡེ་ཤེས་དྲྭ་བའི་གཙོ་སྒྲུབ་པས་ཕྱི་ལོ་ ༢༠༢༡ ཟླ་ ༠༣ ཚེས་ ༣༠ ཉིན་སྤེལ།། །།

པར་པ་དགེ་བཤེས་བསྟན་འཛིན་བློ་གྲོས།

(སྤྱིའི་གཟིགས་གྲངས། 1,343 དེ་རིང་། 1)

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
  སྐྱབས་རྗ…
error: རྩོམ་འདི་བདག་དབང་ཅན་ཡིན།