གཡུང་དྲུང་བོན་གྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་གི་བོད་ཤིང་འབྲུག་ལོའི་ལོ་འཁོར་མཇུག་བསྡོམས་མཛད་སྒོ།
གཡུང་དྲུང་བོན་གྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་གི་སྐབས་སུམ་ཅུ་པའི་བཤད་སྒྲུབ་འདུས་སྡེ་དང་། གཞི་རིམ་སྔོན་འགྲོའི་སློབ་གྲྭ། སྔར་སྲོལ་གསོ་རིག་འབུམ་བཞིའི་སློབ་གྲྭ་བཅས་ཀྱི་བོད་ཤིང་འབྲུག་ལོའི་ལོ་འཁོར་མཇུག་སྡོམ་གྱི་ཚོགས་འདུ་དང་མཛད་སྒོའི་གནས་བསྡུས།
ཕྱི་ལོ་ ༢༠༢༥ ༢ ༡༦ དང་ཧོར་ཟླ་ ༡༢ ༡༩ ཉིན། ཕྱི་དྲོ་ཕྱག་ཚོད་བཞི་པའི་ཐོག་དགེ་འདུན་པ་རྣམས་ཚོགས་ཁང་དུ་འཛོམས་ཏེ་སྐབས་སུམ་ཅུ་པའི་བཤད་སྒྲུབ་འདུས་སྡེའི་དགེ་སྐོས་སངས་རྒྱས་དོན་གྲུབ་ལགས་ཀྱིས་ཚོགས་འདུ་དབུ་འཛུགས་དང་ཉིན་དང་པོའི་མཛད་རིམ་ངོ་སྤྲོད་གནང་། སྐབས་སུམ་ཅུ་པའི་བཤད་སྒྲུབ་འདུས་སྡེའི་ཚོགས་གཙོ་ཟླ་བ་བཀྲ་ཤིས་དང་སྒྲུབ་གྲྭའི་དགེ་སྐོས་ཤེས་རབ་ཡེ་ཤེས་ཟུང་ནས་རིམ་བཞིན་ལོ་གཅིག་རིང་དཔེ་ཁྲིད་དང་། འཆད་ར། དམ་བཅའ། ཐུན་སོགས་ཆད་པ་སྒྲོག་སྦྱོང་གནང་རྗེས་ཚོགས་གཙོ་མཆོག་ནས་བརྒྱ་ཆ་ལོན་མ་ལོན་གསལ་བསྒྲགས་གནང་། དགེ་རྩ་ཚོགས་པའི་ལས་བྱེད་གྲྭ་ཚང་བླ་མ་དགེ་བཤེས་བློ་གྲོས་མཆོག་ལེགས་ལགས་དང་། གྲྭ་ཚང་སྤྱི་གཉེར་ལགས། ཚོགས་ཆེན་དགེ་སྐོས་ལགས་ཀྱིས་ལགས་བཅས་ཀྱིས་གསུང་བཤད་གནང་། བཤད་སྒྲུབ་འདུས་སྡེའི་ལས་བྱེད་གསར་རྙིང་རྣམ་པས་གསུང་བཤད་ཉུང་བསྡུས་གནང་རྗེས། བཤད་སྒྲུབ་སློབ་དཔོན་རིན་པོ་ཆེ། དཔོན་སློབ་རིན་པོ་ཆེ་དང་བཤད་སྒྲུབ་མཁན་རིན་པོ་ཆེ། སྒྲུབ་གྲྭའི་མཁན་རིན་པོ་ཆེ། སྐྱབས་རྗེ་མཁན་ཆེན་ལུང་རྟོགས་བསྟན་པ་གཡུང་དྲུང་རིན་པོ་ཆེ་རྣམ་པས་བཀའ་སློབ་ལམ་སྟོན་གནང་།
ཕྱི་ལོ་ ༢༠༢༥ ༢ ༡༧ དང་ཧོར་ཟླ་ ༡༢ ༢༠ ཉིན། ཞོགས་ཀ་ཕྱག་ཚོད་བརྒྱད་པའི་ཐོག་དགེ་འདུན་རྣམ་པ་དང་། སྔོན་འགྲོའི་སློབ་གྲྭ་དང་འབུམ་བཞི་སློབ་གྲྭའི་དགེ་སློབ་ཀུན་ཚོགས་ཁང་དུ་ཕེབས་ཏེ་སྐབས་སུམ་ཅུ་པའི་བཤད་སྒྲུབ་འདུས་སྡེའི་དགེ་སྐོས་ལགས་ཀྱིས་མཛད་སྒོ་དབུ་འཛུག་དང་ཉིན་གཉིས་པའི་མཛད་རིམ་ངོ་སྤྲོད་གནང་། སྐྱབས་རྗེ་མཁན་ཆེན་༧ལུང་རྟོགས་བསྟན་པ་གཡུང་དྲུང་མཆོག་གིས་ཁ་བཏགས་གནང་སྟེ་སྐབས་སུམ་ཅུ་པ་དང་སོ་གཅིག་པའི་བཤད་སྒྲུབ་འདུས་སྡེའི་ལས་བྱེད་གསར་རྙིང་དང་གསོ་རིག་འབུམ་བཞིའི་སློབ་གྲྭའི་ལས་བྱེད་གསར་རྙིང་བརྗེས། ལོ་གཅིག་ནས་བཟུང་ལོ་དུ་མའི་རིང་ཚོགས་དང་འཆད་ར་དཔེ་ཁྲིད་སོགས་གང་ཡང་མ་ཆད་མཁན་རྣམས་དང་། ངག་རྒྱུགས་དམིགས་བསལ་འབུལ་མཁན་རྣམས་ལ་གཟེངས་རྟགས་གནང་། བོད་ཤིང་འབྲུག་ལོའི་བཤད་སྒྲུབ་འདུས་སྡེའི་སློབ་གཉེར་བ་སྐར་རྩིས་ཟབ་སྦྱོང་བ་རྣམས་དང་། ལོ་འཁོར་གྱི་བྲིས་རྒྱུགས་དང་། རྩོད་རྒྱུགས། བཤད་རྒྱུགས། རྩ་གཞུང་ངག་རྒྱུགས། དམིག་བསལ་ངག་རྒྱུགས། རིག་གནས་རྒྱུགས་སྤྲོད་བཅས་ལ་འཛིན་གྲྭ་སོ་སོའི་ནང་ནས་བརྒྱ་ཆ་མཐོ་ཤོས་ལོན་མཁན་རྣམས་ལ་བྱ་དགའ་གནང་སོང། དཔལ་ལྡན་ཁྲི་བརྟན་ནོར་བུའི་རྩེའི་གཞི་རིམ་སྔོན་འགྲོའི་སློབ་གྲྭའི་འགན་འཛིན་སྒྲུབ་ཐོན་པ་བཀྲ་ཤིས་འོད་ཟེར་ལགས་ནས་སྔོན་འགྲོའི་སློབ་གྲྭའི་ལོ་འཁོར་རྒྱུགས་སྤྲོད་སྐབས་ཀྱི་ཨང་རིམ་མཐོ་ཤོས་རྣམས་ཀྱི་མཚན་རིམ་སྒྲོག་སྦྱོང་དང་བལ་བོད་དབྱིན་གསུམ་གྱི་སྐད་རིགས་འབྲ་ི་ཀློག་འདོན་གསུམ་དང་། ཨང་རྩིས། སྤྱི་ཚོགས་ཚན་རིག་བཅས་ཀྱི་སློབ་ཚན་ཐོག་ནས་ཨང་རིམ་ཐོབ་པ་རྣམས་ལ་བྱ་དགའ་གནང་། དཔལ་ལྡན་ཁྲི་བརྟན་ནོར་བུའི་རྩེའི་གསོ་རིག་སྡེ་ཚན་འབུམ་བཞི་སློབ་གྲྭའི་སློབ་སྤྱི་རྩ་འཛིན་སློབ་དཔོན་དགེ་བཤེས་བདེན་གཉིས་བཤད་སྒྲུབ་ལགས་ཀྱིས་འབུམ་བཞི་སློབ་གྲྭ་ནང་ནས་བལ་བོད་དབྱིན་གསུམ་གྱི་སྐད་རིགས་འབྲ་ི་ཀློག་འདོན་གསུམ་དང་། གསོ་རིག་བྲིས་རྒྱུགས། གསོ་རིག་ངག་རྒྱུག སྨན་རྩྭ་ངོས་འཛིན། འཁྲུངས་དཔེ་བྲིས་རྒྱུགས། སྨན་གྱི་བྲིས་རྒྱུགས་བཅས་ཨང་ཐོབ་དང་། དམིགས་བསལ་ངག་རྒྱུགས་འབུལ་མཁན་དང་། བཟང་སྤྱོད་ལྡན་པ་བཅས་སྐབས་ཀྱི་ཨང་ཐོབ་མཐོ་ཤོས་རྣམ་པའི་མཚན་རིམ་སྒྲོག་སྦྱོང་དང་བྱ་དགའ་གནང་རྗེས། སྐྱབས་རྗེ་མཁན་ཆེན་༧ལུང་རྟོགས་བསྟན་པ་གཡུང་དྲུང་རིན་པོ་ཆེས་འདུས་མང་ཡོངས་ལ་བཀའ་སློབ་བཀའ་དྲིན་བསྩལ་། སྐབས་སུམ་ཅུ་པའི་བཤད་སྒྲུབ་འདུས་སྡེའི་ཚོགས་གཙོ་ལགས་ཀྱིས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་དང་ཚོགས་འདུ་མཇུག་བསྡོམས་གནང་རྗེས། ལས་བྱེད་གསར་རྙིང་ཀུན་མཁན་སློབ་རྣམ་པའི་ལྷན་དྲན་རྟེན་གྱི་འདྲ་དཔར་བསྒྲོན་བ་བཅས་ཀྱི་གནས་བསྡུས་སུ།
མེ་ལོང་ཡེ་ཤེས་དྲ་བའི་གཙོ་སྒྲུབ་པས་ཕྱི་ལོ་ ༢༠༢༥ ༢ ༡༧ ཉིན་སྤེལ།
པར་པ་ཁྱུང་ཐོག་རྒོད།