ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

གཡུང་དྲུང་བོན་གྱི་བརྡ་དར་ཆེན་མོ།

༄༅། །སྲིད་པའི་བརྡ་དར་ཆེན་མོའི་ཁུངས་བཤད་བཞུགས། གཡུང་དྲུང་བོན་གྱི་བརྡ་དར་ཁ་དོག་ལྔ་ལྡན་གཡུང་དྲུང་ཆག་ཤིང་གིས་བརྒྱན་པ་འདིའི་བརྡ་དོན་ནི། བྱུང་ཁུངས་ཀྱི་རྒྱུད་སྡེ་དུ་མ་མཆིས་མོད། ད་ལྟ་སྐབས་འདིར་བདག་ཅག་སྟོན་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྒྱལ་བ་གཤེན་རབ་མི་བོས་གསུངས་པའི་བཀའ་ཀུན་འབུམ་གོ་འབྱེད་རྩ་བའི་རྒྱུད་ལས་གསུངས་པ་དང་བསྟུན་ཏེ་བརྡ་དར་ཁ་དོག་སྣ་ལྔ་ནི། དཀར་པོ་ནམ་མཁའ། རླུང་ལྗང་ཁུ། མེ་དམར་པོ། ཆུ་སྔོན་པོ། ས་སེར་པོ་དང་ལྔ་ནི། ཀུན་འབུམ་ལས། ཐམས་ཅད་རྟེན་གནས་འཇིག་རྟེན་ཆགས་ལུགས་ནི། ནམ་མཁའ་སྟོང་དལ་ཕྱོ་སངས་གནས་པ་ལ། སྲིད་པའི་ཐུགས་རྗེ་བྱིན་གྱིས་རློབས་པའི་མཐུས། སྲ་བརྟན་རླུང་རི་གཡུང་དྲུང་རྒྱ་གྲམ་སྲིད། རླུང་གི་གཡོ་འགུལ་དྲོད་ཀྱི་མེ་དཔུང་འབར། མེ་ཡི་དྲོད་སྤྲུལ་མཁའ་ལ་སྤྲིན་དུ་འཁྲིགས། སྤྲིན་ལས་ཆར་བྱུང་རྒྱ་མཚོ་ཆེན་པོ་སྲིད། མཚོ་ལས་ཁ་ཞག་གསེར་གྱི་ས་གཞི་སྲིད། ཅེས་དང། བདེར་གཤེགས་འབྱུང་བདག་ལྔ་ཡི་ཐུགས་རྗེ་ཡི། ཞེས་དང། འབྱུང་བདག་ལྔ་ནི། དེ་ཉིད་ལས། ཀུན་འདུལ་ཀུན་གྲོལ་ཀུན་རིག་ཀུན་འཇོམ་ཞེས་པས། ཀུན་འདུལ་ལྕགས་ལྷ། ཀུན་གྲོལ་རླུང་ལྷ། ཀུན་རིག་མེ་ལྷ། ཀུན་འཇོམ་ཆུ་ལྷ། ཀུན་འབུམ་ས་ལྷ་བཅས་ལྔ་ལས། འདིར་མཁའ་གནས་སུ་ལྕགས་བཞུགས་པ་ཡང་སྣང་ངོ་། །ཁ་དོག་ཀྱང་ཀུན་འབུམ་ལས། དབུས་སུ་ཀུན་འབུམ་གོ་འབྱེད་སེར། ཤར་དུ་ཀུན་གྲོལ་དབྱིངས་ཕྱུག་ལྗང། ལྷོ་རུ་ཀུན་རིག་རྒྱས་པ་དམར། ནུབ་ཏུ་ཀུན་འདུལ་ཆེན་པོ་དཀར། བྱང་དུ་ཀུན་འཇོམས་རྒྱལ་པོ་སྔོ། ཞེས་གསུངས།  དེ་ལྟར་དར་ཚོན་སྣ་སྔ་ནི། ཀུན་འབུམ་འབྱུང་བའི་ལྷ་ཚོགས་བདུན་བརྒྱ་ཉི་ཤུ་སོགས་ཀྱི་རྟེན་ཡིན་ལ། དབུས་ཀྱི་ཆག་ཤིང་ནི། སྲིད་པ་ཡེ་དབང་རིགས་ལྔའི་རྟེན་ཡིན་ནོ། །དར་སེར་པོ་ས་ཡི་བརྡ་སྟེ་དེ་ལ་བརྟེན་པའི་ལྷ་ནི་ས་བདག་སྟེ། ཀུན་འབུམ་ལས། གསེར་གྱི་ས་གཞིའི་དབུས་དཀྱིལ་ན། འཇིག་རྟེན་སྲོག་རྣམས་བསྐྱེད་པའི་གཞི། གསེར་གྱི་རུས་སྦལ་སེར་པོ་སྲིད། སྙིང་པོ་ཡིད་བཞིན་ནོར་བུ་ནི། སེར་ལྗང་ཟུར་བརྒྱད་འབར་བ་སྲིད། སྲོག་སྙིང་དེ་ཡི་བདག་པོ་རུ། ཐུགས་རྗེ་སྤྲུལ་པའི་སྲས་པོ་ནི། ས་ཡི་སྙིང་པོ་ཀུན་ཁྱབ་སྟེ། དགུང་ནས་དོག་ལ་བབས་པ་ལ། དེ་ལས་ས་ཡི་ཁྱབ་དགུ་བྱུང། སྲིད་པ་འབྲང་ཡག་སྤྱི་ཁྱབ་ནི། ས་རྗེ་ཧུ་ལུ་འབྱམས་ཁྱབ་དང། ས་བདག་འབུམ་རྗེ་ཁྲི་ཁྱབ་དང། གསང་བ་ལག་ཆེན་ཁྱབ་པ་དང། ས་བདག་ཙང་ཀུན་ཁྱབ་ཆེན་དང། ས་བདག་དབང་ཆེན་ཁྱབ་བྱེད་དང། སྲིང་མོ་ལྷ་མོ་བརྟན་མ་དང། མིང་པོ་ས་བླ་མགོན་བུའོ། ས་མོ་ཐང་དང་སྤྲུལ་པ་ལས། གནམ་བོན་དཀར་པོ་བྱ་བ་བྱུང། ས་མཁན་མ་མོ་ཁབ་ཏུ་བཞེས། སྲས་ནི་ལྕམ་དྲལ་དྲུག་ཏུ་མངའ། ས་བདག་ཡབ་ཡུམ་དེ་བརྒྱད་དེ། ས་གཞིའི་ཁམས་ལ་དབང་ཡང་བསྒྱུར། སྣང་སྲིད་ཁམས་ལ་མངའ་ཡང་མཛད། དེ་ལས་སྤྲུལ་པའི་རྒྱལ་པོ་བ། འཇིག་རྟེན་འཁོར་ལོ་དབང་བསྒྱུར་ནི། སྣང་སྲིད་མངའ་མཛད་བཅུ་གཉིས་ཀྱིས། སྤྲུལ་པ་དྲུག་ཅུ་ཐམ་པར་འགྱེད། ཡང་སྤྲུལ་སུམ་བརྒྱ་དྲུག་ཅུ་སྟོན། དེ་ཡི་དབང་མཛད་བཀའ་བསྒྱུར་བ། དུས་བཞི་རྒྱལ་མོ་བཅུ་གཉིས་ལ། རྣམ་འགྱུར་བརྒྱ་དང་ཞེ་བཞི་འགྱེད། ཞག་ལྷ་སུམ་བརྒྱ་དྲུག་ཅུར་སྟོན། དུས་ལྷ་བདུན་བརྒྱ་ཉི་ཤུར་མཛད། ཐང་ལྷ་དགུ་བརྒྱ་དགུ་བཅུར་སྤྲུལ། ཡུས་ལྷ་དགུ་ཁྲི་དགུ་སྟོང་འབྱུང། སྐད་ ༼ ཅིག ༽ལྷ་བྱེ་བ་ས་ཡ་དང། སྐད་ཙམ་ཁྲག་ཁྲིག་དུ་མ་འགྱེད། ནོར་འཆོལ་འཁྲུལ་སྟོར་མེད་པ་ལ། ཁྲིམས་ཆེན་མི་འདའ་ཕྲིན་ལས་བསྒྲུབ། གཞན་ཡང་མངའ་མཛད་ས་ལྷ་ནི། རྒྱལ་པོ་ས་བླ་མགོན་བུ་དང། རྗེ་བློན་བཅུ་གཉིས་འཁོར་དང་བཅས། ཕྱི་སྐོར་རྒྱལ་ཆེན་ཁྲིམས་ཀྱི་ལྷ། ནང་སྐོར་ཕུང་པོ་ཁམས་ཀྱི་ལྷ། གསང་སྐོར་དོན་སྙིང་སྲོག་གི་ལྷ། གཞན་ཡང་སྲུངས་ཀྱི་ལྷ་བཞི་ནི། ཤར་ན་སྟག་རལ་མི་བོ་ཆེ། བྱང་ན་བྱ་དམར་ཁྱུང་ལ་རྗེ། ནུབ་ན་འབྲོང་རྗེ་ཡག་པ་བཙན། ལྷོ་ན་འབྲུག་ལྷ་གབ་པ་རྒྱལ། ཙང་ཙང་ཚང་ཁ་ཉུལ། གནམ་ཁྱི་ནག་པོ་ཁ་སྒོ་འཇོམ། ཧ་ཁྱི་ནག་པོ་རོ་ལམ་འགོག ལྟོ་འཕྱེ་ནག་པོ་དུར་ཁ་སྡོམ། འབྱུང་སྐྱོང་བཞི་བཅུ་དུས་ཚོད་སྲུངས། དྲེགས་པ་དྲུག་ཅུ་དར་རྒུད་ཉུལ། གཟའ་སྐར་སོ་དྲུག་ལོ་ཟླ་འདྲིལ། ཁམས་སྲུང་བཞི་བཅུ་སྐྱེ་གནས་འཚོ། དེ་ལས་སོགས་པའི་ས་བདག་ཚོགས། བསམ་ཡས་གྲངས་འདས་བྱུང་ནས་སུ། སྲིད་པ་རྣམས་ཀྱི་རྨང་གཞི་བྱེད། གཤེན་རབ་རྣམས་ཀྱི་བཀའ་ལ་ཉན། སངས་རྒྱས་རྣམས་ཀྱི་འཕྲིན་ལས་བསྒྲུབ། འབྱུང་བ་རྣམས་ནི་དབང་ལ་འདེབས། བསྐལ་བ་རྣམས་ནི་ཁ་ཡོ་བསྙམ། སེམས་ཅན་རྣམས་ཀྱི་དཔལ་མགོན་བྱེད། གནམ་ས་དུས་ཚོད་གྲབས་སུ་བཅུག སྐྱེ་འགྲོའི་འཕོ་འགྱུར་ཆགས་སུ་བཅག མཐོ་དམན་དབང་ཆེན་ཁོད་དུ་བསྙམ། བདུད་སྲིན་འབྱུང་པོའི་གཡུལ་ངོ་བཟློག གཡུང་དྲུང་བོན་གྱི་བསྟན་པ་སྲུང། དགེ་སྡིག་ལས་མཐའ་མངོན་དུ་སྟོན། དེ་ལྟར་དབང་ཆེན་ས་བདག་གི གནས་ལུགས་མོད་ཙམ་བསྟན་པའོ། ཞེས་དང། དེ་བཞིན་དུ་ཀུན་གྲོལ་རླུང་ལྷའི་དཀྱིལ་འཁོར་ལྷ་ཚོགས་དང། ཀུན་རིག་མེ་ལྷའི་དཀྱིལ་འཁོར་གྱི་ལྷ་ཚོགས། ཀུན་འདུལ་ལྕགས་ལྷའི་དཀྱིལ་འཁོར་ལྷ་ཚོགས། ཀུན་འཇོམ་རྒྱལ་པོ་ཆུ་ལྷའི་དཀྱིལ་འཁོར་གྱི་ལྷ་ཚོགས། དཀྱིལ་འཁོར་གྱི་ལྷ་ཚོགས་འདི་རྣམས་རེ་རེ་བཞིན་མཆོག་དང་ཐུན་མོང་གི་དངོས་གྲུབ་ཡོངས་སུ་འབྱུང་བའི་གནས་ཡིད་བཞིན་གྱི་ནོར་བུ་ལྟ་བུ་ཡིན་ཞིང། དེ་ཡང་ཡིད་བཞིན་གྱི་ནོར་བུ་ལ་བྱི་དོར་དང་བཀུར་བསྟི་ཚུལ་བཞིན་བྱེད་དགོས་པ་ལྟར་ལྷ་ལྔའི་རྟེན་དང་བཀོད་པ་ལ་བཀུར་བསྟི་རིམ་འགྲོ་དགོས་པ་ལས། ལྷ་ཚོགས་ཀྱི་རྟེན་བརྡ་དར་ལ་བཀུར་བཟོས་དང། བྱི་དོར་ཟབ་ན་འགལ་རྐྱེན་སེལ་ཞིང་མཐུན་རྐྱེན་འཛོམས་པ་ཡང་རང་བཞིན་གྱིས་འབྱུང་ངོ་། །ཁྱད་པར་དུ་ཆག་ཤིང་འདི་ཡི་ཟུར་གཅིག་གི་གཡུང་དྲུང་གི་ར་བཞི་དབུས་ལྟེ་དང་ལྔ་སྲིད་པ་ཡེ་དབང་རིགས་ལྔ་བཞུགས་པའི་གནས་དང་རྟེན་ཡིན་ཞིང། ཟུར་གཞན་གྱི་སྣེ་ཡི་གཡུང་དྲུང་གི་ཡན་ལག་བཞི་དང་དབུས་ལྟེ་བཅས་ལྔ་ནི་ཡེ་དབང་རིགས་ལྔའི་བསྟན་པ་རིག་པའི་གནས་ཆེན་ལྔ་ཡི་བརྡ་ཡིན་ཏེ། ཡེ་དབང་རིགས་ལྔ་ནི། སྲིད་པ་སངས་པོ་འབུམ་ཁྲི། ཡེ་མཁྱེན་སྒྲ་བླའི་རྒྱལ་པོ། ཡེ་དབང་མཐུ་སྟོབས་རྒྱལ་པོ། ཡེ་རྗེ་སྨན་ལྷའི་རྒྱལ་པོ། ཡེ་དབང་ས་ཡི་རྒྱལ་པོ། རིག་པའི་གནས་ལྔ་ནི། ཕྱི་རིག་པ། ནང་རིག་པ། བཟོ་རིག་པ། གསོ་བ་རིག་པ། སྒྲ་རིག་པ་བཅས་ལྔ་ཡིན་ཏེ། ཀུན་འབུམ་ལས། ༼  ༡༦༧་༡༥ ༽  བར་ལྷ་འོད་གསལ་གཡུང་དྲུང་ས་གནས་ན། རྩོད་བྲལ་ཕྱོགས་མེད་རྒྱལ་པོའི་གསས་མཁར་དུ། མཁའ་ལྡིང་བྱ་རྒྱལ་ཁྱུང་གི་ཁྲི་སྟེང་ན། སྲིད་པ་ཡེ་སངས་དཀར་པོ་ཞེས་ཀྱང་བྱ། ཡེ་མཁྱེན་སྒྲ་བླའི་རྒྱལ་པོ་སྐུ་བཞུགས་ནས། བར་ལྷ་འོད་གསལ་གཡུང་དྲུང་སེམས་དཔའ་ལ། ཀུན་རྫོབ་བདེན་པ་སྒྲ་ཡི་རིག་པ་སྟོན། དོན་དམ་བདེན་པ་ཡེ་མཁྱེན་ཐེག་པ་ཡི། མི་འཇིགས་སྟོབས་བཅུ་བསྐྱེད་པར་མཛད་པའོ། འོག་མིན་ལྷ་ཡི་གནས་མཆོག་དམ་པ་ན། འཕྲིན་ལས་ཀུན་གྲུབ་སྔགས་ཀྱི་གསས་མཁར་དུ། ཆུ་སྲིན་མ་ཧ་ཀ་རའི་ཁྲི་སྟེང་ན།་སྲིད་པ་ཡེ་མུ་རྒྱུང་ཕྱོད་ཅེས་ཀྱང་བྱ། ཡེ་དབལ་མཐུ་སྟོབས་རྒྱལ་པོའི་སྐུ་བཞུགས་ནས། འོག་མིན་གནམ་གྱི་མཐུ་སྟོབས་ཅན་རྣམས་ལ། ཀུན་རྫོབ་བདེན་པ་ནང་གི་རིག་པ་སྟོན། དོན་དམ་བདེན་པ་ཡེ་དབལ་ཐེག་པ་ཡི། ཏིང་འཛིན་ཡན་ལག་དྲུང་ཅུ་བསྐྱེད་པར་མཛད། མགོན་བཙུན་ཕྱྭ་ཡི་གྲོང་ཁྱེར་ཆེན་པོ་ན། ཐུགས་རྗེ་ཀུན་སྐྱོབས་སྨན་གྱི་གསས་མཁར་དུ།  ནམ་མཁའ་བ་མོ་ཆེ་ཡི་གདན་ཁྲི་ལ། སྲིད་པ་དཔག་མེད་ཀུན་སྙོམས་ཞེས་ཀྱང་བྱ། ཡེ་རྗེ་སྨན་ལྷའི་རྒྱལ་པོ་སྐུ་བཞུགས་ནས། སྐོ་བ་དམ་པའི་ཕྱྭ་རྗེ་ཐམས་ཅད་ལ། ཀུན་རྫོབ་བདེན་པ་གསོ་བ་རིག་པ་སྟོན། དོན་དམ་བདེན་པ་ཡེ་རྗེ་ཐེག་པ་ཡི། གཤེན་རབ་ལམ་བཞི་རྫོགས་པར་མཛད་པའོ། །སྲིད་པ་ཡེ་སངས་ཡུལ་མཆོག་ཞིང་ཁམས་ཀྱི། འབྱུང་ལྔ་ལྷུན་གྲུབ་རྫོགས་པའི་གསས་མཁར་དུ། གསེར་གྱི་རུས་སྦལ་བསྣོལ་བའི་ཁྲི་སྟེང་ན། སྲིད་པ་བརྟན་པའི་ས་འཛིན་ཞེས་ཀྱང་བྱ། ཡེ་དབང་ས་ཡི་རྒྱལ་པོ་སྐུ་བཞུགས་པ། སྲིད་པའི་འཁོར་སྡེ་བསམ་དུ་མེད་པ་ལ། ཀུན་རྫོབ་བདེན་པ་ཕྱི་ཡི་རིག་པ་སྟོན། དོན་དམ་བདེན་པ་ཡེ་དབང་ཐེག་པ་ཡི། ཡེ་ཤེས་དབང་པོ་དྲུག་གིས་བསྐྱེད་པའོ། གུང་དྲུག་ལྷ་རྩེ་སྲིད་པའི་ཞིང་ཁམས་ཀྱི། སྔོན་བུ་གཡུ་རྩེ་ཤེལ་གྱི་གསས་མཁར་ན། སྲིད་པ་རླབས་གཅོད་སྤྱི་རྗེའི་ཁྲི་སྟེང་དུ། སྲིད་པའི་རྒྱལ་པོ་སངས་པོ་སྐུ་བཞུགས་པ། དག་པ་སྲིད་པའི་རྒྱལ་པོ་མུ་མེད་ལ། ཀུན་རྫོབ་བདེན་པ་འཁོར་ལོ་རྣམ་བཞི་སྟོན། དོན་དམ་བདེན་པ་ཡེ་སྲིད་ཐེག་པ་ཡི། ཐར་པའི་ལམ་བརྒྱད་འབྱེད་པར་མཛད་པའོ། །ཞེས་གསུངས་པ་ལྟར་རིག་པའི་གནས་ཆེན་པོ་ལྔ་ཡི་བདག་ཉིད་ཡེ་དབང་རིག་ལྔའི་གནས་དང་ཞིང་ཁམས་བཞུགས་ཁྲིའི་བཀོད་པ་བཅས་གསུངས་ཤིང། གང་ཞིག་སྲིད་པ་ཡེ་དབང་རིགས་ལྔ་ལ་བརྟེན་ཏེ་བསྙེན་བཀུར་མཆོད་བསྟོད་བྱས་ཏེ་བརྩོན་ན་ཤེས་རབ་དང་བློ་གྲོས་ཡོངས་སུ་འཕེལ་བར་འགྱུར་བ་ཡིན་ཏེ། ༼ ༢༠༡ ༽ ཀུན་འབུམ་ལས། སྲིད་པ་སངས་པོ་ལས་བྱུང་ཁྲིམས། རྩ་བ་བྱང་ཆུབ་སེམས་བསྐྱེད་ཅིང་། སྲིད་པས་བསྲུང་བའི་ཁྲིམས་མི་འདའ། དགེ་བ་ཞུམ་མེད་མཐའ་ཡས་སྤྱོད། སྲིད་པའི་འཁོར་ལོ་རྣམ་ཐར་སྤྱོད། དུས་ཀྱི་འཁོར་ལོ་རབ་ཏུ་བསྒྲིམ། ཤེས་བྱའི་འཁོར་ལོ་ཀུན་ལ་སྦྱར། གྲུབ་མཐའི་འཁོར་ལོ་བླ་མེད་སྤྱད། ཡེ་དབང་རྒྱལ་ལས་བྱུང་བའི་ཁྲིམས། སྲིད་པའི་གཏོ་རྒྱུད་བདུད་རྩི་སྦྱོར།སྦྱིན་པ་རྣམ་པར་དབྱེར་མེད་གཏོང་། ཕྱི་རིག་མཁས་སྦྱང་སེམས་ཅན་བསྐྱངས། ཀུན་འབུམ་རིགས་ལྔ་ཡོངས་སུ་སྦྱང་། དབང་པོ་དྲུག་གི་ཡེ་ཤེས་བསྒྲུབ། ཡེ་རྗེ་རྒྱལ་པོ་ལས་བྱུང་ཁྲིམས། སྤྱོད་རྒྱུད་བདུད་རྩི་ཆུ་བོ་སྦྱར། ནང་ལ་ཕན་པའི་གསོ་འབུམ་བརྩང། གསོ་རིག་མཁས་སློབ་ཀུན་དོན་བྱ། ཡེ་རྗེ་རིགས་ལྔ་བསྒྲུབ་ལ་བརྩོན། གཤེན་རབ་ལམ་བཞི་ཡང་དག་བསླབ། ཡེ་དབལ་རྒྱལ་པོ་ལས་བྱུང་ཁྲིམས། གསང་སྔགས་སྤྱོད་པ་རླབས་ཅན་བསྐྱངས། རིག་འཛིན་ནུས་པས་འགྲོ་བ་བསྐྱབས། སྔགས་དང་ཕྱག་རྒྱ་རྒྱུན་མི་བཅད། ནང་རིག་མཁས་སྦྱང་བཏུལ་བྱས་ལ། དབལ་རྗེ་རིགས་ལྔ་འབྲལ་མེད་བསྒྲུབ། ཏིང་འཛིན་ཡན་ལག་མཆོག་ཏུ་བརྩོན། ཡེ་མཁྱེན་རྒྱལ་པོ་ལས་བྱུང་ཁྲིམས། སྒྲ་ཡི་གནས་བརྒྱད་འཕྲུལ་བཞིན་བསྒྱུར། མཚན་ཉིད་སྡེ་ལྔ་མཐར་ཕྱུང་ཞིང་། སྒྲ་ཡི་རིག་པས་རྒོལ་བ་བཟློག ཡེ་མཁྱེན་ལྔ་པོ་མཆོད་ཅིང་བསྙེན། མི་འཇིགས་སྟོབས་བཅུ་ལྡན་པར་བྱ། ཞེས་གསུངས་པ་ལྟར། རྒྱུ་མཚན་ཤེས་ཤིང་བདེ་བར་གཤེགས་པའི་གསུང་ལ་ཡིད་བརྟོན་ནས་བརྡ་ཡི་དར་ཁྲ་འདི་བཞིན་འཆང་བར་བྱས་ན་གོང་དུ་ཇི་ལྟར་བཤད་པའི་དོན་གནས་སྐབས་སུ་ཕྱི་འབྱུང་བའི་གེགས་རྩུབ་ནང་དབང་པོ་དང་ཕུང་ཁམས་སུ་འགལ་རྐྱེན་གསང་བ་ཡང་དག་པའི་དོན་རྟོགས་པས་སྒྲིབ་ཚོགས་ཞི་ཞིང། རིག་པའི་གནས་ཆེན་ལྔ་ལ་མཁྱེན་རབ་ཀྱི་ཡེ་ཤེས་གསལ་བར་འཆར་བའི་ཆུལ་བཅས། གཞུང་གི་ལུང་དྲངས་པ་ལས་ཤེས་པར་འགྱུར་རོ། །

༼   ཡོངས་འཛིན་སློབ་དཔོན་བསྟན་འཛིན་རྣམ་དག་གི་གསུང་འབུམ་དེབ་བཞི་པ་ལས་དྲངས། ༽

(སྤྱིའི་གཟིགས་གྲངས། 183 དེ་རིང་། 1)

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
བྱམས་མ་ཆེན…
error: རྩོམ་འདི་བདག་དབང་ཅན་ཡིན།