ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

གཤེན་གྱི་མཛད་མདོ་རྒྱས་འབྲིང་བསྡུས་གསུམ་སྐོར་གླེང་བ།

རྩོམ་པ་པོ། ཏི་སེའི་བུ།

བཀའ་འགྱུར་ནང་གི་མཛད་མདོ་རྒྱས་པ་དྲི་མེད་གཟི་བརྗིད་དང་། འབྲིང་པོ་གཟེར་མིག བསྡུས་པ་མདོ་འདུས་བཅས་ཞིབ་ཕྲ་རིམ་བཞིན་མཚམས་སྦྱོར་མ་བྱས་པའི་སྔོན། གླེང་གཞིའི་ཚུལ་དུ་གཤེན་གྱི་མཛད་རྣམ་སྐོར་ནས། བཀའ་ཡི་སྤྱི་དོན་དང་། མཁས་པ་དག་གི་བཞེད་ཚུལ་བསྡུས་ཏེ་སྡེ་ཚན་དྲུག་གི་སྒོ་ནས་ངོ་སྤྲོད་སྟབས་བདེ་ཞིག་ཞུས་ཡོད།

༡ ༽  མཛད་པའི་རྣམ་གྲངས་དབྱེ་ཚུལ།

རྣམ་འདྲེན་བརྒྱད་པ་སངས་རྒྱས་གཤེན་རབ་མི་བོ་མཆོག་འཇིག་རྟེན་ཁམས་སུ་བྱོན་ནས་གདུལ་བྱ་གང་ལ་གང་འདུལ་གྱི་མཛད་འཕྲིན་ཟབ་ཅིང་རྒྱ་ཆེར་བསྐྱངས་པ་དག་སྤྲོས་བསྡུའི་གྲངས་རིམ་འབྱེད་ཚུལ་ནི། མི་ནུབ་མཚན་མདོ་ལས། “རྩ་བའི་མཛད་པ་བཅུ་གཉིས་དང་། ཡན་ལག་ཏུ་གྱུར་བའི་མཛད་པ་ཉི་ཤུ་རྩ་བཞི་དང་། བཞི་བཅུ་རྩ་བརྒྱད་དང་། དགུ་བཅུ་རྩ་དྲུག་དང་། བརྒྱ་རྩ་བརྒྱད་དང་། ཉིས་བརྒྱ་ལྔ་བཅུ་དང་། སུམ་བརྒྱ་དྲུག་ཅུ་དང་། བདུན་བརྒྱ་ཉི་ཤུ་དང་། དགུ་བརྒྱ་དགུ་བཅུ་དང་། སྟོང་རྩ་གཅིག་དང་། ཁྲི་དང་དྲུག་སྟོང་ལ་སོགས་ལ་སོགས་བྱེ་བ་ས་ཡ་དཔག་ཏུ་མེད་པར་མཛད་།” ཅེས་གསུངས་པ་དང་། གཟི་བརྗིད་པོད་༡༢བསྟན་པ་བོན་གྱི་གཏད་གཉེར་མདོ་ལས། “སྤྱིར་ནི་བདག་གི་མཛད་པའི་རིམ་པ་ལ། སྤྱི་སྒོས་བྱེ་བྲག་རྣམ་པ་གསུམ་དུ་སྟེ།” ཞེས་སྤྱི་རུ་མཛད་པ་བཅུ་གཉིས། སྒོས་སུ་དྲུག་ཅུ་རྩ་གཅིག བྱེ་བྲག་བརྒྱ་དང་རྩ་བརྒྱད་ཅེས་སྤྱི་སྒོས་བྱེ་བྲག་གི་མཛད་པ་གསུམ་དུ་དབྱེ་ཚུལ་ཡང་མཆིས།

༢ ༽  མཛད་མདོ་རྒྱས་པ་ལྟར་རྩ་བའི་མཛད་པ།

དང་པོ་རྩ་བའི་མཛད་པ་བཅུ་གཉིས་ལ་མཛད་མདོ་གཏེར་དང་སྙན་རྒྱུད་གཉིས་ཀྱི་ཁྱད་ལས་དབྱེ་ཚུལ་མི་འདྲ་བ་བྱུང་འདུག་སྟེ། མཛད་མདོ་རྒྱས་འབྲིང་བསྡུས་གསུམ་དུ་ཕྱེས་པའི་རྒྱས་པ། དུས་རབས་བཅུ་བཞི་པའི་ནང་དབྲ་བཙུན་མུ་ལ་རིན་ཆེན་ནམ་སྤྲུལ་སྐུ་བློ་ལྡན་སྙིང་པོ་ལ་སྟང་ཆེན་དམུ་ཚ་གྱེར་མེད་ཀྱིས་སྙན་དུ་བརྒྱུད་པའི་མདོ་བཞི་ཡོད་པའི་ནང་ཚན། དྲི་མེད་གཟི་བརྗིད་བསྟན་པའི་མདོ་དུམ་པ་བཅུ་གཉིས་ལེའུ་དྲུག་ཅུ་རེ་གཅིག་ཅན་མཛད་མདོ་རྒྱས་པ་སྙན་རྒྱུད་མ་ཡང་འབོད་པ་འདི་ལྟར་ན། གཏད་གཉེར་མདོ་ལས། “སྤྱི་རུ་མཛད་པ་རྣམ་པ་བཅུ་གཉིས་དབྱེ། །རྣམ་པར་བཞེས་དང་རྣམ་པར་སྤེལ་བ་དང་། རྣམ་པར་འདུལ་དང་རྣམ་པར་འདྲེན་པ་དང་། །རྣམ་པར་ངེས་དང་རྣམ་པར་སྤྲུལ་པ་དང་། རྣམ་པར་འཇོམ་དང་རྣམ་པར་རྒྱལ་བ་དང་།། རྣམ་པར་རིག་དང་རྣམ་པར་དབེན་པ་དང་།། རྣམ་པར་གྲོལ་དང་རྣམ་པར་གྲུབ་པ་སྟེ།།” ཞེས་གསུངས་པ་བཞིན། ༡ ༽  འོད་གསལ་ལྷ་ལས་བབས་ཏེ་སྐྱེ་བ་མི་རུ་རྣམ་པར་བཞེས་པ་དང་། ༢ ༽  ཐེག་པ་རིམ་དགུའི་བསྟན་པ་རྣམ་པར་སྤེལ་བ། ༣་༽  སྤྲུལ་པ་བྱེ་བ་ཕྲག་བརྒྱས་འཛམ་གླིང་བྱེ་བ་ཕྲག་བརྒྱ་རྣམ་པར་འདུལ་བ། ༤ ༽  ཞེ་སྡང་ཅན་གྱི་རྒྱལ་པོ་ལ་སོགས་འགྲོ་བ་རྣམ་པར་འདྲེན་པ། ༥ ༽  ཁབ་ཀྱི་དཔལ་འབར་བཞེས་ཏེ་རྒྱལ་པོའི་ཆ་ལུགས་རྣམ་པར་ངེས་པ། ༦ ༽  སངས་རྒྱས་སྲས་པོ་མི་རྗེ་སྲིད་པའི་གདུང་འཛིན་རྣམ་པར་སྤྲུལ་པ། ༧ ༽  མ་རྟོག་ལོག་པར་རྟོག་པའི་ཚོགས་བདུད་སྲིན་རྣམ་པར་འཇོམ་པ། ༨ ༽  བསྟན་པ་རྣམ་གསུམ་རྗེས་སུ་བཞག་ཏེ་ཕྱོགས་ལས་རྣམ་པར་རྒྱལ་བ། ༩ ༽  ཁྱིམ་སྤང་རབ་བྱུང་དཀའ་ཐུབ་རབ་བསྐྱེད་སངས་རྒྱས་མངོན་སུམ་རྣམ་པར་རིག་པ། ༡༠ ༽  གཡེང་བའི་ཚོགས་སྤང་མི་གཡེང་དོན་བསྒོམ་གཅིག་པུར་རྣམ་པར་དབེན་པ། ༡༡ ༽  བླ་མེད་ཐེག་ཆེན་འཁོར་འདས་དབྱེར་མེད་བསྟན་པར་ཕྱི་ནང་གསང་བའི་འཁོར་ཚོགས་རྣམ་པར་གྲོལ་བ། ༡༢ ༽  རྟག་ཏུ་རེ་བ་སུན་ཕྱུང་ཕྱིར་མྱ་ངན་འདའ་ཚུལ་བསྟན་ཏེ་བོན་ཉིད་དབྱིངས་སུ་རྣམ་པར་གྲུབ་པ་བཅས་སོ།། དབྱེ་ཚུལ་འདི་ཡི་རྗེས་སུ་འབྲངས་ཏེ་མཁས་དབང་ཀུན་གྲོལ་གྲགས་པས་༼   མཉམ་མེད་བརྒྱ་པའི་མགོན་པོ་རྣམ་མཁྱེན་རྒྱལ་བ་གཤེན་རབ་ཀྱི་མཛད་པ་རྣམ་པ་བཅུ་གཉིས་ཀྱི་རྣམ་བཤད་ཁམས་གསུམ་ལས་རྣམ་པར་རྒྱལ་བའི་ཉི་འོད། ༽  ཅེས་པ་མཚན་ལྡན་འ་ཞ་གསང་བས་ཕུལ་བའི་བསྟོད་ཕྱག”གཤེན་རབ་སྤང་རྟོགས་”རྩ་བ་བཞག་སྟེ་མཛད་ཡོད་པ་མ་ཟད། ཡོངས་འཛིན་སློབ་དཔོན་ཆེན་མོའི་གསུང་འབུམ་ཀ་ཁའི་སྡེ་༼    སྟོན་པ་སངས་རྒྱས་ཀྱི་སྐྱེས་རབས་པད་མ་དཀར་པོའི་ཕྲེང་བ། ༽  ཞེས་པ་གཤེན་གྱི་སྐུ་སྐྱེ་སྔ་མའི་བྱུང་རབས་དང་། མཛད་པའི་སྡེ་ཚན་བཀའ་ལས་བྱུང་ངོ་ཅོག་ཚོམ་གཅིག་ཏུ་དྲིལ་ཏེ་གསལ་བར་བཀོད་ཡོད།

༣ ༽  མཛད་མདོ་འབྲིང་པོ་ལྟར་རྩ་བའི་མཛད་པ།

གཉིས་པ་གཏེར་སྟོན་དྲང་རྗེ་བཙུན་པས་དུས་རབས་བཅུ་པའི་ནང་བསམ་ཡས་ཁྲི་ཐང་དུར་ཁྲོད་ནས་རྙེད་པར་གྲགས་པའི་མཛད་མདོ་འབྲིང་པོ་གཟེར་མིག་ཅེས་དུམ་པ་གཉིས་དང་ལེའུ་བཅོ་བརྒྱད་ཅན་ཡོད་པ་འདི་ཉིད་ནི་བྲུ་ཞུ་སྤེའི་མཁས་པ་དག་གི་གསུང་རྩོམ་གྱི་ལུང་ཁུངས་བཅོལ་ས་གཙོ་བོ་ཞིག་ཡིན། གཞུང་འདིའི་ནང་”འཇིག་རྟེན་གྱི་ཁམས་སུ་མཛད་པ་བཅུ་གཉིས་ཀྱི་དོན་མཐར་ཕྱིན་པས།” ཞེས་དང་། ལེའུ་བཅུ་དྲུག་པ་བསྟན་པ་རྗེས་བཞག་སྐབས་སུ་གཞུང་གི་བསྟན་རིམ་མདོར་བསྡུས་ཤིག་ཡོད་པ་ལས། མཛད་པ་བཅུ་གཉིས་པོའི་གོ་རིམ་འདི་དང་འདི་ཞེས་གསལ་པོར་མེད་སྟབས་ཕྱིས་འབྱུང་མཁས་པས་གཞུང་འདིའི་དགོངས་དོན་ཡིན་སྐོར་བརྗོད་དེ་མཛད་རིམ་བགྲང་ཚུལ་མི་མཐུན་པ་འགར་བྱུང་བ་དེ་དག་སྤྲོ་བསྡུའི་ཁྱད་པར་འབྱེད་ཚུལ་ཙམ་ལས་རྩ་བའི་ཆ་ན་འགལ་བ་མ་མཐོང་།  དེ་ཡང་གཞུང་འདིའི་རྗེས་འབྲང་མཁས་རྣམས་དབྱེ་ཚུལ་ཕལ་ཆེར་རིགས་གཉིས་སུ་འདུས་ཏེ། དང་པོ་སྤ་བསྟན་རྒྱལ་བཟང་པོའི་དར་རྒྱས་གསལ་སྒྲོན། ཀུན་མཁྱེན་ཉི་མའི་རྣམ་ཐར། ཤར་རྫའི་ལེགས་བཤད་མཛོད་བཅས་ལས་སྨོས་ཚུལ་ཅུང་མི་མཐུན་པའི་ཁྱད་ཙམ་ལས་གྲངས་རིམ་སྡོམ་ཚིག་ནི། དྲང་དོན་མུན་སེལ་གྱི་གཤེན་རབ་མཛད་པ་མཐར་ཕྱུང་གི་གཟེར་བུ་ལས། “སྐྱེ་བཞེས་བསྟན་སྤེལ་འགྲོ་གཉིས་བཏུལ། ཁབ་བཞེས་སྲས་སྤྲུལ་འགྲོ་དོན་མཛད། བདུད་རྣམས་བཏུལ་ནས་བསྟན་པ་བཞག ཁྱིམ་སྤངས་འཁོར་སྤངས་འདས་ཚུལ་བསྟན།” ཞེས་གསུངས་པ་བཞིན།   ༡༽སྐྱེ་བ་བཞེས་པ། ༢༽བསྟན་པ་སྤེལ་བ། ༣༽གཏོ་བུ་ལ་སོགས་འགྲོ་བ་ཕོ་རྣམས་བཏུལ་བ། ༤༽འགུ་ལིང་མ་སོགས་འགྲོ་བ་མོ་རྣམས་བཏུལ་བ། ༥༽ཁབ་བཞེས་པ། ༦༽སྲས་སྤྲུལ་པ་། ༧༽འགྲོ་དྲུག་དྲངས་པ། ༨༽བདུད་བཏུལ་བ། ༩༽བསྟན་པ་རྗེས་སུ་བཞག་པ། ༡༠༽ཁྱིམ་སྤང་རབ་བྱུང་མཛད་པ། ༡༡༽འཁོར་སྤང་དགོངས་པ་མཛད་པ། ༡༢༽མྱ་ངན་ལས་འདའ་བ་དང་བཅུ་གཉིས་ཡིན་ཞིང་། འདི་ནི་འགྲོ་བ་འདུལ་བ་ལ་ཕོ་མོ་གཉིས་སུ་དབྱེ་ནས། ལེའུ་བཅུ་བཞི་པ་ཕྲིན་ལས་བཅོ་བརྒྱད་ཀྱི་དོན་བསྟན་པ་དེ་ཉིད་དགུ་པ་བསྟན་པ་རྗེས་བཞག་གི་ཁོངས་སུ་བསྡུས་པའི་དབང་དུ་བྱས་པ་ཡིན། དབྱེ་ཚུལ་འདི་ནི་བླ་ཆེན་དྲན་པའི་གཤེན་རབ་མཛད་པ་མཐར་ཕྱུང་གི་གཟེར་བུ་དང་། མཛད་བཅུ་ཞང་སྐད་མ། རྣམ་རྒྱལ་བསྟོད་ཕྱག་བཅས་གཅིག་མཐུན་དུ་གྱུར་བར་སེམས།

གཉིས་པ་མཁས་པ་དཔལ་ཆེན་དང་། འགྲོ་མགོན་བློ་གྲོས། བྲུ་རྒྱལ་བ། སྒ་སྟོན་ཚུལ་རྒྱལ། ཁྱུང་པོ་བློ་གྲོས་རྒྱལ་མཚན་བཅས་ཀྱིས་བཞེད་པ་ལ། ༡ ༽  སྐྱེ་བ་བཞེས་པ། ༢ ༽  བསྟན་པ་སྤེལ་བ། ༣ ༽  འགྲོ་བ་འདུལ་བ། ༤ ༽  ཁབ་བཞེས་པ། ༥ ༽  སྲས་སྤུལ་པ། ༦ ༽  འགྲོ་དོན་རྒྱ་ལག་མཛད་པ། ༧ ༽  བདུད་བཏུལ་བ། ༨ ༽  བསྟན་པ་རྗེས་སུ་བཞག་པ། ༩ ༽  ཕྲིན་ལས་བཅོ་བརྒྱད་ཀྱི་དོན་མཛད་པ། ༡༠ ༽  ཁྱིམ་སྤང་རབ་ཏུ་བྱུང་བའི་མཛད་པ། ༡༡ ༽  འཁོར་སྤངས་དགོན་པ་མཛད་པ། ༡༢ ༽  མི་རྟག་མྱ་ངན་འདས་པའི་མཛད་པ་དང་བཅུ་གཉིས་ཞེས་ཁམས་འགྲེལ་ལས་གསུངས། འདིའི་བཞེད་ལ་གཏོ་བུ་དང་འགུ་ལིང་མ་གཉིས་བཏུལ་བ་གསུམ་པ་འགྲོ་བ་འདུལ་བའི་མཛད་པའི་ཁོངས་སུ་བསྡུས་ཤིང་། བསྟན་པ་རྗེས་བཞག་ལ་གཉིས་སུ་དབྱེ་བའི་དབང་དུ་བྱས་པ་ཡིན། མཛད་པ་དགུ་པ་དེ་ལ་བརྗོད་ཚུལ་ཙམ་མི་གཅིག་པ་ཡང་འདུག་སྟེ། འགྲོ་མགོན་མཛོད་དང་བྲུ་རྒྱལ་གྱི་སྣོད་བཅུད་འགྲེལ་ལས་”མངའ་དབུལ་ཞལ་བསྲོའི་མཛད་པ།”ཞེས་དང་། སྒ་སྟོན་བསྟན་པའི་ཤན་འབྱེད་ལས། “ཕྲིན་བཞག”ཞེས་དང་། གླེང་གཞི་བསྟན་པའི་འབྱུང་ཁུངས་ལས་”བཀའ་ཕྲིན་བཞག་པའི་མཛད་པ།”ཞེས་སྨོས་ཀྱང་དོན་དུ་ཕྲིན་ལས་བཅོ་བརྒྱད་ཀྱི་དོན་བསྟན་པ་དེ་ཀ་རང་འགྲེལ་བས་དགོངས་པ་གཅིག་ཏུ་མཐུན་པར་མངོན།  གཞན་ཡང་མེ་སྟོན་གྱིས་ཁྱིམ་སྤང་དང་། རབ་བྱུང་གི་མཛད་པ་གཉིས་སུ་དབྱེ་བ་དང་། མཁས་གྲུབ་ལུང་རྟོགས་རྒྱ་མཚོས་”གཞོན་ནུ་རོལ་རྩེད་ཀྱི་མཛད་པ་དང་། བོན་གྱི་འཁོར་ལོ་བསྐོར་བ།”གཉིས་སུ་དབྱེ་ནས་བགྲང་ཚུལ་ཡང་མཆིས།

༤ ༽  མཛད་མདོ་བསྡུས་པ་ལྟར་རྩ་བའི་མཛད་པ།

གསུམ་པ་དུས་རབས་བཅུ་པའི་ནང་ཨ་ཙ་ར་མི་གཉིས་ཀྱིས་རྙེད་པའི་མདོ་བཞིའི་ནང་ཚན། མཛད་མདོ་བསྡུས་པ་མདོ་འདུས་སུ་གྲགས་པ་ལེའུ་ཉེར་བཞི་ཅན་ཞིག་ཡོད་པ་ཀུན་མཁྱེན་ཉི་མའི་བཀའ་འགྱུར་དཀར་ཆགས་ལས་གསུངས།

མིག་སྔར་གྱི་མདོ་འདུས་ལྷ་སྲས་བཀའ་འགྱུར་ཅན་ལ་ལེའུ་ཉེར་བཞི་འདུག་ཀྱང་གཞུང་གི་བསྟན་རིམ་ཇི་བཞིན་མཛད་རིམ་བགྲང་བར་དཀའ་ཞིང་།” མཛད་པ་བཅུ་གཉིས་ཀྱི་བཀྲ་ཤིས་འོལ་མོ་གླིང་དུ་མཛད་པ་བསྟན་པ།”ཞེས་པའི་ལེའུའི་ནང་མཛད་པ་བཅུ་གཉིས་པོའི་གྲངས་ཆ་ཚང་འགབ་པ་མི་འདུག་པས་ཚོད་འབྲི་མ་བྱས། ལྷག་པར་འདིའི་ནང་གོང་གི་མཛད་མདོ་རྒྱས་འབྲིང་ལས་མ་གསལ་བའི་དོོན་གནད་མང་པོ་ཡོད་སྟབས། ཡོངས་འཛིན་སྨྲ་བའི་དབང་པོས་༼   མདོ་ཡི་དོན་འགར་ལོག་རྟོག་ཞུགས་པ་སེལ་བྱེད། ༽  ཅེས་པ་མཛད་ཡོད་དེ་ <<བགྲེས་པོའི་འབེལ་གཏམ་>> ཨང་༦པའི་ནང་དུ་བཀོད་ཡོད། ཀུན་མཁྱེན་དང་ཀུན་གྲོལ་གཉིས་ཀའི་བཀའ་འགྱུར་དཀར་ཆགས་ནང་མདོ་འདུས་ལེའུ་ཉེར་བཞི་ཅན་ཡོད་པར་བསྟན། སྒ་སྟོན་ཐེག་འགྲེལ་ལས་”མདོ་འདུས་ལེའུ་ཉེར་ལྔ་པ།”ཞེས་གསུངས་འདུག་ཀྱང་ཁོང་གི་གསུང་རྩོམ་ལས་དྲངས་པའི་མདོ་འདུས་ཀྱི་ལུང་ཚན་ཁག་གི་ད་ཡོད་མདོ་འདུས་ནང་ལ་འདུག་པས་རྩ་བའི་དཔེ་ཆ་འདི་ལས་གཞན་ཞིག་མིན་པར་བཤད་ཐུབ། ཡིན་ནའང་ཕྱིས་སུ་སྣོན་འཕྲི་ཅུང་ཙམ་བྱས་པའམ། ཡང་ན་སྤྱི་ཁོག་གཅིག་ཀྱང་ལེའུ་གྲངས་མང་ཉུང་གི་ཁྱད་པར་ཙམ་བྱུང་བ་ཡང་སྲིད་པས་དཔེ་འཚོལ་དང་དཔྱད་ཞིབ་གནང་གལ་ཆེ།

༥ ༽  ཡན་ལག་གི་མཛད་པ་དབྱེ་ཚུལ།

གཉིས་པ་ཡན་ལག་མཛད་ལས། མཛད་པ་ཉེར་བཞི་ནི་མཛད་ཆེན་བཅུ་གཉིས་ལས་ནང་གསེས་གཉིས་སུ་ཕྱེ་དགོས་པ་དང་། བཞི་བཅུ་རྩ་བརྒྱད་བཅུ་གཉིས་ནང་གསེས་བཞི་རེ་འབྱེད་པ་དང་། དགུ་བཅུ་རྩ་དྲུག་ནི་བཅུ་གཉིས་ལས་ནང་གསེས་བརྒྱད་རེ་འབྱེད་པ་དང་། བརྒྱ་རྩ་བརྒྱད་ནི་ཐོག་མར་ལྷ་ལས་བབས་ནས་ཐ་མ་སྐུ་ཡི་བསྟན་རྟིང་མ་རྫོགས་བར་དུ་བརྩི་བ་དང་། ཉིས་བརྒྱ་ལྔ་བཅུ་འདུལ་ཁྲིམས་ཀྱི་མཛད་པ་དང་། སུམ་བརྒྱ་དྲུག་ཅུ་གསར་མཁར་གྱི་མཛད་པ། བདུན་བརྒྱ་ཉི་ཤུ་དུས་འཁོར་གྱི་མཛད་པ། དགུ་བརྒྱ་དགུ་བཅུ་ཐེག་སྒོ་སྤྲོ་བསྡུའི་མཛད་པ། སྟོང་དང་རྩ་གཅིག་སངས་རྒྱས་ཀྱི་མཛད་པ། ཁྲི་དང་དྲུག་སྟོང་སེམས་དཔའི་མཛད་པ། རྫོགས་ཏེ་མི་ལོ་བྱེ་བ་ས་ཡ་འགྲོ་བ་གང་ལ་གང་འདུལ་གྱི་མཛད་པ་ཡིན་པར་ཀུན་མཁྱེན་གྱིས་བཞེད་དོ།། སྤྱི་སྒོས་བྱེ་བྲག་གི་མཛད་པའི་སྐོར་གཟི་བརྗིད་པོད་༡༢གཏན་གཉེར་མདོ་ལས་གསལ་བ་དང་། མཛད་དྲུག་ཅུ་རྩ་གཅིག་ནི་དགུང་གྲངས་བསྟུན་པའི་མཛད་པ་ཡིན་ཏེ་”ལྔ་གསུམ་བཅོ་ལྔ་”རེ་ལ་འབྱེད་ཚུལ་ཞིབ་པར་གཟི་བརྗིད་པོད་༦་པའི་ཁབ་ཀྱི་དཔལ་འབར་བཞེས་པའི་མདོ་ལས་གསལ། འགའ་ཞིག་གིས་གཟི་བརྗིད་ལེའུ་དྲུག་ཅུ་རྩ་གཅིག་དེ་མཛད་པ་དྲུག་ཅུ་རྩ་གཅིག་ཏུ་འཆད་མཁན་ཡོད་པར་གྲགས་ཀྱང་རང་བཟོ་ལས་ཁུངས་སྐྱེལ་དཀའ་བར་སེམས། ཡང་རྒྱས་པ་ཀུན་སྣང་གི་དབུ་འཆད་ལས། “མཛད་པ་དྲུག་ཅུ་རྩ་གཉིས“ཞེས་བཤད་པ་དང་། “མཛད་པ་དྲུག་ཅུའི་མདོ།”ཞེས་པ་ལས་དྲངས་པའི་ལུང་ཚིག་འགར་མཆིས་ཀྱང་གཞུང་དེ་དངོས་སུ་མཐོང་ཡུལ་མ་གྱུར་ཀྱང་། སྒ་སྟོན་ཐེག་འགྲེལ་ལས། “མཛད་པ་དྲུག་ཅུའི་མདོ་ལས། གངས་ཏི་རྩེའི་འགྲམ་དུ་སྐུ་འཁྲུངས་ཤིང་། ལོ་བརྒྱ་ནས་མྱ་ངན་ལས་འདས་པར་བཤད།”ཞེས་གསུངས་པས་འདིའི་ནང་གཤེན་གྱི་རྣམ་ཐར་མི་འདྲ་བ་ཞིག་ཡོད་ངེས་པས་མཇལ་འདོད་ཆེ། གཉེན་འཐིང་གི་གཏེར་མ་”མཛད་པ་དྲུག་ཅུ་རྩ་གཅིག་གི་མདོ་”ཞེས་པ་ཞིག་ཡོད་པར་སྒ་སྟོན་གཏེར་གྱི་ཁ་བྱང་དང་། ལེགས་བཤད་མཛོད་གཉིས་ཀ་ལས་གསལ། གཞན་ཡང་ལོ་མཛོད་དང་བསྟུན་པའི་མཛད་པ་གྱ་གཉིས་ནི། རྒྱུད་ཉི་སྒྲོན་དང་། ཀུན་མཁྱེན་རྣམ་ཐར། སྟོན་པའི་སྐྱེས་རབས་རྣམ་ཐར་བཅས་ལས་ཞིབ་ཏུ་འཁོད་ཡོད།

 ༦ ༽  གཤེན་གྱི་བསྟན་པའི་གནས་ཚད།

བསྟན་པའི་གནས་ཚད་ནི་གཟེར་མིག་ལེའུ་བཅོ་བརྒྱད་པ་ལས།”ཚེ་ལོ་བརྒྱ་ཐུབ་དུས་སུ་སྟོན་པ་ལ་བྱོན་པ་ཡིན་ཏེ། སུམ་ཅུ་སྐུ་ཡིས་འདུལ། སུམ་ཅུ་གསུང་གིས་འདུལ་ལ་སུམ་ཅུ་ཐུགས་ཀྱིས་འདུལ། དེ་ལྟར་དགུ་བཅུ་ལོན་ནས་ཚེ་ལོ་བཅུ་ལ་ཐུག བཅུ་པའི་དུས་སུ་སླད་ཀྱི་སྟོན་པ་འབྱོན།” ཞེས་པའི་ལུང་འདི་ཡང་འགྲེལ་ཚུལ་མི་མཐུན་པ་འགར་བྱུང་བ་དཔེར་ན། དར་རྒྱས་གསལ་སྒྲོན་ལས་གཤེན་ལོ་དགུ་བཅུ་མི་ལོ་སྟོང་ཚོ་དགུ་ལ་བརྩིས་ཏེ་བརྒྱ་ཕྲག་སུམ་ཅུ་རེར་འདུལ་བ་ལ་འགྲེལ་པ་དང་། གླེང་གཞི་བསྟན་པའི་འབྱུང་ཁུངས་ལས་མཛོད་ལྷ་འགྲེལ་གྱི་དགོངས་བཞེད་ལྟར་བསྟན་པའི་གནས་ཚད་མི་ལོ་ཁྲི་གཅིག་ཏུ་བརྩིས་ཏེ་མི་ལོ་སྟོང་གཅིག་ལ་སྔ་ཕྱི་སྟོན་པ་གཉིས་ཀའི་སྨོན་ལམ་གྱི་སྟོབས་འཛོམས་ཏེ་ཚེ་ལོ་མ་བྲི་བ་བརྒྱ་རུ་གནས་པས་གོང་དུ་ཕུད། དེ་ནས་ཚེ་ལོ་རིམ་བཞིན་བྲི་བ་དང་བསྟུན་བརྒྱ་ཕྲག་སུམ་ཅུ་སྐུ་ཡིས་འདུལ། བརྒྱ་ཕྲག་སུམ་ཅུ་གསུང་གིས་འདུལ། བརྒྱ་ཕྲག་སུམ་ཅུ་ཐུགས་ཀྱིས་འདུལ་ནས་མཐར་ཚེ་ལོ་བཅུ་ལ་ཐུགས་པར་མཛད་མདོ་འབྲིང་པོའི་དགོངས་པ་ཡིན་པར་བཞེད་ཀྱང་གཞུང་གི་བབ་དང་འགལ་བར་སེམས། གཟི་བརྗིད་གཏད་གཉེར་མདོ་ལས། “མི་ལོ་བརྒྱད་སྟོང་གཉིས་བརྒྱ་ལ།། སངས་རྒྱས་སྐུ་ཡི་བསྟན་རྟིང་རྫོགས།། དེ་ནས་གདུང་ཚབ་བྱོན་པའི་དུས།། བདག་ཉིད་གསུང་གི་བསྟན་པ་ཡི།། མི་ལོ་སྟོང་ཕྲག་བཅུ་ལ་གནས།། དེ་ནས་ཐུགས་ཀྱི་བསྟན་པ་ནི།། མི་ལོ་སྟོང་ཕྲག་བཅུ་ལ་གནས།།” ཞེས་གསུངས་པ་བཞིན་གཤེན་རབ་བསྟན་པ་མི་ལོ་ཁྲི་ཚོ་གསུམ་གྱི་ཡུན་དུ་གནས་པ་དང་། ཚེ་ལོ་བརྒྱ་ནས་བཅུ་བར་དུ་ཁྱོན་བསྡོམས་ཚེ་ལོ་དགུ་བཅུ་ཐམ་པ་ཕྲི་བའི་རིང་ལ་རྒྱལ་བའི་སྐུ་གསུང་ཐུགས་ཀྱི་བསྟན་པས་འདུལ་བ་བོན་ལུགས་ཡོངས་གྲགས་ཀྱི་ཁས་ལེན་སྲོལ་བྱུང་ཡོད། དེ་ཡང་སྟོན་པ་འཁྲུངས་ནས་ད་ལྟ་མི་ལོ་༡༨༠༣༠ལྷག་ཟིན་པ་དང་། མི་རྣམས་ཚེ་ལོ་ལྔ་བཅུ་ཁ་རལ་དུ་ཟིན་པར་འདོད་པ་བཅས་། མཛད་རྣམ་ངོ་སྤྲོད་ཉུང་འདུས་སུ་ཏི་སེའི་བུ་ནས་༢༠༡༦།༨།༥ཉིན་མཇུག་རྫོགས་པར་བྲིས།

(སྤྱིའི་གཟིགས་གྲངས། 74 དེ་རིང་། 1)

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
རིག་པའི་ཁུ…
error: རྩོམ་འདི་བདག་དབང་ཅན་ཡིན།