ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

གཤེན་བསྟན་དར་རྒྱས་གླིང་དུ་ཉམས་ལེན་པ་རྣམས་ཀྱིས་ཐུན་མཚམས་སྐྱོང་བའི་ལེའུ།

༢༠༡༧དབྱར་ཁྲིད་སྐབས།༠༡༢༠༡༧དབྱར་ཁྲིད་སྐབས།༤ཉེ་ལམ་དབྱར་ཁྲིད་ཆེན་མོ་མཇུག་གྲུབ་རྗེས་སླར་ཡང་༧སྐྱབས་རྗེ་ཡོངས་འཛིན་རིན་པོ་ཆེ་དང་། མཁན་རིན་པོ་ཆེ་བསྟན་པ་གཡུང་དྲུང་རྣམ་གཉིས་ཀྱིས་ ༢༠༡༧ ཕྱི་ཟླ་ ༠༨ པའི་ཚེས་ ༢༠ ནས་བཟུང་བདུན་གཅིག་རིང་ལོ་བསྟར་བཞིན་སློབ་མ་རྣམས་ལ་གསུང་གདམས་བཀའ་དྲིན་བསྩལ། ད་སྔོན་དུས་ཚིགས་འདིར་སློབ་མ་གསར་པ་རྣམས་ལ་སྔོན་འགྲོ་དང་། རྙིང་པ་རྣམས་ལ་དངོས་གཞི་གསལ་འདེབས་ཀྱི་ཁྲིད་གདམས་བཀའ་དྲིན་སྐྱོང་བཞིན་ཡོད་ནའང་འདི་ལོར་སྔོན་དང་མི་འདྲ་བར་ཉིན་རེར་ཁྲིད་ཐེངས་གཉིས་རེ་དང་། ཐུན་བཞི་རེ། སྔ་དགོང་སྦྱིན་པ་རྣམ་བཞིའི་དགེ་སྤྱོད་དང་། བར་དུ་བསྐྱར་སྦྱོང་གི་དུས་བསྟུན་རེའུ་མིག་སྒྲུབ་གྲྭའི་སྐབས་ལྟར་དཔྱད་སྒོམ་ཟུང་འབྲེལ་གྱི་སྒོ་ནས་རྫོགས་པ་ཆེན་པོའི་བོན་ལ་བློ་སྦྱངས། སྐབས་འདིར་འཛམ་གླིང་རྒྱལ་ཁོངས་མི་འདྲ་བ་ཉེར་ལྔ་ཙམ་ནས་ཕེབས་པའི་སློབ་མ་བསྡོམས་བརྒྱ་དང་བཞི་བཅུ་ལྔ་བཅུའི་ནང་སྐོར་ལྷན་གཅིག་ཏུ་འདུས་ནས་༧སྐྱབས་རྗེ་ཡོངས་འཛིན་རིན་པོ་ཆེ་དང་། མཁན་རིན་པོ་ཆེ་རྣམ་གཉིས་ཀྱི་དྲུང་ནས་རྫོགས་པ་ཆེན་པོའི་བོན་ལ་གསན་བསམ་དང་ཉམས་བཞེས་བྱ་རྒྱུའི་སྐལ་བ་ཐོབ་ཡོད། ཕྱི་ཚེས་ ༢༥ ཉིན་སློབ་མ་རྣམས་ཀྱིས་དཔྱད་སྒོམ་གྱི་ཁྲིད་ཐུན་བསྐྱངས་གྲུབ་པ་དང་སྦྲགས་སྐབས་བབ་འགན་འཛིན་རྣམས་ཀྱིས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་། དེ་རྗེས་༧སྐྱབས་རྗེ་རྣམ་གཉིས་གཙོས་བླ་མ་དགེ་བཤེས་རྣམས་ལ་གྱེས་ཕྱག་ལྷ་དར་ཕུལ། ཉིན་རྒྱབ་དགེ་སློབ་ཐུན་མོང་གིས་ཞང་ཞུང་མེ་རིའི་ཚོགས་བསྡུས་ཀྱི་སྒོ་ནས་གཏོང་རག་མཆོད་སྤྲིན་ཕུལ་རྗེས་༧སྐྱབས་རྗེ་མཁན་སློབ་རྣམ་པའི་ཞབས་བརྟན་གསོལ་འདེབས་དབྱངས་སུ་གྱེར་བ་དང་ཚེ་བསྙེན་གསོག་སྒྲུབ་གནང་བ་བཅས་ཐེངས་འདིའི་ཐུན་མོང་དགེ་སྦྱོར་གྱི་ལས་རིམ་སྔོན་དངོས་རྗེས་གསུམ་ལེགས་གྲུབ་བྱུང་བའི་གནས་བསྡུས་སུ།

group

༧སྐྱབས་རྗེ་ཡོངས་འཛིན་རིན་པོ་ཆེས་དབྱིན་སྐད་ཐོག་གསུངས་པའི་གདམས་དོན་དུམ་བུ་རེ་འདིར་དྲངས་ན། འདི་ལྟར་སྒོམ་ཟེར་བ་འདི་ནི་ཐུན་མོང་གི་མིང་ཚིག་ཅིག་རེད། ཡིན་ན་ཡང་དེ་ལ་ནང་གསེས་མི་འདྲ་བ་མང་པོ་ཡོད། དེ་ཚོའི་དབྱེ་བ་མ་ཤེས་པར་སེམས་ཞི་བར་གནས་ཐབས་ལ་བརྩོན་པ་ཙམ་གྱིས་རྫོགས་ཆེན་སྒོམ་གྱི་ཡོད་བསམ་སྟེ་འུར་བ་ནི་ཤིན་ཏུ་ནོར་བ་རེད། གང་ཟག་སོ་སོའི་ཁམས་དང་མོས་པ་ལ་བསྟུན་པའི་ཐེག་པ་ལ་གོང་འོག་དང་།  ལྟ་སྒོམ་སྤྱོད་འབྲས་ལ་ཡང་ཁྱད་པར་ཆེན་པོ་ཡོད་རེད། དེ་དག་ཐམས་ཅད་རྫོགས་པའི་སངས་རྒྱས་ཀྱིས་གང་ཟག་གི་བློ་རིག་དང་རྒྱུད་ཚོད་ལ་བསྟུན་ནས་ཐར་ལམ་གྱི་སྒོ་མི་འདྲ་བ་ཤ་སྟག་གསུངས་བཞག་པ་ཞིག་རེད། སྤྱིར་བཏང་ཚང་མ་ཡག་པོ་རེད། ཡིན་ན་ཡང་ཡག་པོ་ཡིན་ཚད་ཐམས་ཅད་མི་གཅིག་གི་བློ་ལ་ལྟོས་ནས་བཞག་པ་མ་རེད། རང་གི་བློ་ལ་གང་འཆུད་པ་དང་། གང་བློ་ལ་འབབ་པ་དེ་ལ་སློབ་སྦྱོང་བྱེད། དེ་ཉམས་ལེན་བྱས་ན་དེ་ཚོད་ཀྱི་གྲུབ་འབྲས་རེ་འཐོབ་ཀྱི་ཡོད་རེད། དཔེར་ན་ཞི་གནས་རྐྱང་པ་ལ་བརྟེན་ན་མཐོ་རིས་ཀྱི་བདེ་བ་དོན་དུ་གཉེར་ཐུབ་ཀྱི་ཡོད་རེད། ཡིན་ན་ཡང་དེས་བདག་འཛིན་གྱི་གཉེན་པོ་བྱེད་མི་ཐུབ་པ་ཡིན་དུས་སླར་ཡང་ལས་ཉོན་དབང་གིས་འཁོར་བའི་གནས་སུ་སྐྱེ་བ་ཡང་ནས་ཡང་དུ་ལེན་ཀྱི་ཡོད་རེད།ཅེས་དང་།ཡང་སེམས་འཚོལ་གྱི་ཐབས་ལ་བརྟེན་ཏེ་སེམས་ལ་ངོས་བཟུང་དང་། གཟུགས་དབྱིབས་ཁ་དོག འགྲོ་འདུག་གནས་ས་སོགས་གང་ཡང་མི་རྙེད་པ་དང་། ཅིར་ཡང་མ་གྲུབ་པའི་གནས་ཆ་ཙམ་ངོས་བཟུང་ནས་དེ་ལ་མཉམ་པར་འཇོག་ཤེས་པ་དེ་ཙམ་རྫོགས་ཆེན་གྱི་སྒོམ་ཡིན་ཟེར་རྒྱུ་ཡོད་མ་རེད། འདི་ལ་འཁྲུལ་གཞི་མང་པོ་ཡོད་རེད། སྒོམ་རྒྱག་བཞིན་པའི་སྐབས་ཐོག་རང་ལ་དོགས་གནས་མང་པོ་ཡོང་དགོས་ཀྱི་ཡོད་རེད། ཅི་ཡང་འབྱུང་རྒྱུ་མེད་པར་ལུས་ཙོག་པུར་བསྡད་དེ་བྱིང་རྨུག་འཁྲོ་རྒོད་རྐྱང་རྐྱང་གིས་དུས་འདས་བསྡད་ན་དུས་ཚོད་ཁྲོག་བརླག་རེད་ལ་སྒོམ་ལ་ཡང་བོགས་བསྐྱེད་འགྲོ་རྒྱུ་མེད་རེད། དེ་འདྲ་རེད་མ་སོང་བ་བར་བྱེད་དེ། བླ་མའི་རྣལ་འབྱོར་འདོན། གསོལ་བ་འདེབས་ནས་རང་གིས་རང་ལ་གསལ་པོ་ཞིག་དང་། ཡིད་ཆེས་ཐག་ཆོད་པ་ཞིག་ངེས་པར་དུ་ཡོང་དགོས་རེད།ཅེས་དང་།ཡང་དབུ་མའི་ལུགས་ལྟར་འདི་སྣང་གི་བོན་ཐམས་ཅད་ཐ་སྙད་བཏགས་པ་ཙམ་ལས་ཡུལ་ངོས་ནས་གྲུབ་པ་མེད་པ་བདེན་ཡང་། བདེན་པ་མེད་པའམ། བདེན་པར་གྲུབ་པས་སྟོང་པ་དེ་ཙམ་ལ་མཉམ་པར་བཞག་པ་དེ་ལ་རྫོགས་ཆེན་སྒོམ་པ་ཡིན་ཟེར་ན་ད་དུང་ནོར་སོང་བ་རེད། རྫོགས་ཆེན་འདི་ལ་གྲུབ་མཐའ་དང་ཐེག་པ་འོག་མ་གང་གིས་ཀྱང་བློས་དཔྱད་འཇོག་བྱེད་ནས་གོ་བསྡུར་བྱ་ས་ཡོད་མ་རེད། འོན་ཀྱང་རིགས་པ་དེ་ཚོ་རྫོགས་ཆེན་གྱི་སེམས་འཚོལ་སྐབས་གྲོགས་སུ་འགྱུར་བ་རེད། ཡིན་ནའང་རིགས་པ་དེས་རྙེད་དོན་བདེན་པར་གྲུབ་པས་སྟོང་པ་དེ་ཙམ་ལ་ད་དུང་མཐའ་བཞི་རྒྱ་གྲོལ་གནས་ལུགས་ཀྱི་ངོ་བོའི་ཆ་དང་། ལྷུན་གྱིས་གྲུབ་པའི་ཡོན་ཏན་གྱི་རྫོགས་ཆ་གཉིས་ཀ་ཚང་མེད་སྟབས་རྫོགས་ཆེན་གྱི་ལྟ་བ་དང་རྩ་བ་ནས་གོ་བསྡུར་བྱ་ས་ཡོད་མ་རེད། སྒོམ་རྒྱག་དུས་དེ་ཚོའི་ཁྱད་པར་ཐ་སྙད་ཙམ་གྱི་རྗེས་སུ་མི་འབྲངས་པར་མྱོང་ཐོག་ནས་ར་འཕྲོད་པ་ཡོང་དགོས་རེད།ཅེས་པ་སོགས་དཀའ་གནད་མང་པོའི་ཐོག་ནས་གསེད་དཀྲོལ་གནང་། ད་དུང་ནན་ཏན་གྱིས་གསུངས་དོན།ངས་ཁྱེད་ཚོར་རྫོགས་ཆེན་གྱི་སློབ་ཁྲིད་བྱེད་པ་འདི་དངུལ་གྱི་ཆེད་དང་། རྩེད་མོ་ལྟ་བུ་རྩ་བ་ནས་མིན། ཁྱེད་ཚོས་རང་ངོ་རང་གིས་ཤེས་ནས་སེམས་རྒྱུད་ཀྱི་སྡུག་བསྔལ་དང་། ཉོན་མོངས་དེ་ཚོའི་སྨན་འདྲ་མོ་གང་དགོས་མྱོང་ཐོག་ལ་གོ་བརྡ་འཕྲོད་ནས་ཕན་ཞིག་ཨི་ཐོགས་ན་བསམ་པ་ཡིན། དེ་ཚོ་ཚང་མས་སེམས་ལ་ཡག་པོ་འཇོག་རོགས་གྱིས། གཡུག་མ་གཏོང་། ཉམས་ལེན་རྒྱུན་སྐྱོངས།ཞེས་པ་སོགས་ཕ་ངག་བུ་ལ་གདམས་པ་བཞིན་སློབ་མ་རྣམས་ལ་གདམས་ཁྲིད་གནད་སྨིན་མང་པོ་བཀའ་དྲིན་བསྩལད་ཏོ། །

མེ་ལོང་ཞེས་སུ་འབོད་པས་ཕྱི་ལོ་༢༠༡༧ཟླ་༠༨ཚེས་༢༥ཉིན།

(སྤྱིའི་གཟིགས་གྲངས། 51 དེ་རིང་། 1)

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
སྤྱི་ལོ་༢༠…
error: རྩོམ་འདི་བདག་དབང་ཅན་ཡིན།