ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

གཤེན་བསྟན་དར་རྒྱས་གླིང་དུ་ཉམས་ཁྲིད་ཀྱི་ཐུན་མཚམས་བསྐྱངས་པའི་གནས་བསྡུས།

གཤེན་བསྟན་དར་རྒྱས་གླིང་གི་ལོ་རེའི་འཆར་ཅན་གྱི་ཉམས་ལེན་དུས་ཚིགས་ཏེ་ ༢༠༡༩ ལོའི་དབྱར་ཁྲིད་ཆེན་མོ་མཇུག་གྲུབ་པ་དང་། དེ་རྗེས་ཕྱོགས་མཐའ་ཁག་ནས་ཕེབས་པའི་སློབ་མ་རྣམས་ལ་༧སྐྱབས་རྗེ་མཁན་ཆེན་ལུང་རྟོགས་བསྟན་པ་གཡུང་དྲུང་རིན་པོ་ཆེ་མཆོག་དང་། མཁན་པོ་དགེ་བཤེས་དགེ་ལེགས་སྦྱིན་པ་རིན་པོ་ཆེ་རྣམ་གཉིས་ཀྱིས་སྙན་རྒྱུད་འབྲིང་པོ་སོར་བཞག་གི་ལེའུ་ཚན་ནས་དབུ་བཙུགས་ཏེ་ཁྲིད་གདམས་བཀའ་དྲིན་ཆེ་བ་བསྩལ། དེ་ཡང་ཕྱི་ཟླ་ ༠༨ ཚེས་ ༢༥ ནས་ཚེས་ ༣༠ བར་མཆོག་རིན་པོ་ཆེ་རྣམ་གཉིས་ནས་དམིགས་བསལ་ཉམས་ཁྲིད་ཀྱི་ཕྱག་ལེན་བསྐྱངས་ཏེ། ཞོགས་དགོང་གཉིས་དང་སྔ་ཕྱི་དྲོ་གཉིས་བཅས་ཉིན་རེའི་དུས་ཚིགས་བཞི་རེར་སྙན་རྒྱུད་བླ་མ་རྣམས་ཀྱིས་རྗེས་སུ་བཞག་པའི་གདམས་ངག་ལེའུ་ཚན་རེ་རེ་བཞིན་ཁྲིད་སྒོམ་སྤེལ་མ་གནང་བ་མ་ཟད། ཞོར་དུ་སྦྱིན་བཞིའི་ཕྱག་ལེན་རྣམས་ཀྱང་མ་ཆགས་པར་སྒོ་གསུམ་དགེ་ལ་སྦྱོར་བའི་མིག་ལྟོས་མཛད་པ་དང་། མཇུག་ཏུ་དགེ་སློབ་ཐུན་མོང་གིས་བླ་ཆེན་དྲན་པ་ནམ་མཁའ་དང་། སྙན་རྒྱུད་ཀྱི་བཀའ་སྲུང་ཡེ་ཤེས་དབལ་མོ་གཉིས་ལ་གཏང་རག་ཚོགས་མཆོད་ཕུལ་ཏེ་བསྟན་འགྲོའི་ལེགས་ཚོགས་བསྒྲུབས་པའི་གནས་བསྡུས་དང་།

ཞོར་འཕྲོས་སུ་མཚམས་སྦྱོར་མདོར་བསྡུས་ཞུ་བར་འདོད།

སྐབས་འདིའི་ཁྲིད་རིམ་གྱི་གཞི་མ་ཉམས་རྒྱུད་འབྲིང་པོ་སོར་བཞག་ལ་གནང་བ་དང་། འབྲིང་པོ་སོར་བཞག་ནི་བརྒྱུད་པ་བཞི་ཡི་སྐྱ་བར་ནས་བཤར་ཞིང་ཉམས་ལེན་གྱི་མཐིལ་རང་གི་རྒྱུད་ཐོག་ཏུ་ཕབ་པའི་རྫོགས་ཆེན་འཇའ་ལུས་པ་གང་ཟག་ཉི་ཤུ་རྩ་བཞི་དང་། སྤྲུལ་སྐུ་དྲིན་ཅན་གཉིས་གཙོས་བརྒྱུད་རིམ་བླ་མ་རྣམས་ཀྱིས་ཉམས་མྱོང་གི་གནད་བསྡུས་པའི་ཉམས་རྒྱུད་རྒྱས་འབྲིང་བསྡུས་གསུམ་ཡོད་པ་ལས་འབྲིང་པོ་སོ་རུ་བཞག་པའི་ཉམས་ལེན་གྱི་གནད་འདུས་པ་ཞིག་ཡིན་པ་དང་། མ་ཟད་རྫོགས་པ་ཆེན་པོའི་ལུས་ཡོངས་རྫོགས་སྟོན་པའི་གཞུང་ཆེན་བླ་མེད་སྡེ་བཞི་ལ་མ་བུ་གཉིས་སམ། རྩ་བ་དང་ཡན་ལག་གི་སྒོ་ནས་ཁྲིད་ཀྱི་སྡེ་ཚན་བཤད་སྲོལ་ཡོད་པ་ལས་འདི་ནི་སྙན་རྒྱུད་བཀའ་རྒྱུད་སྐོར་བཞིའི་བུ་རུ་གྲགས་པའམ།རྩ་བའི་ཡན་ལག་ཏུའང་བཞེད་ཀྱིན་ཡོད།

སྤྱིར་ན་འདི་ལྟར་ཉམས་སུ་ལེན་པའི་གང་ཟག་ནི་བབ་ཆེན་དྲུག་དང་། མ་ཤོར་བ་བཞི། འཆོར་བའི་སྐྱོན་བཞི་བཅས་ཀྱི་ཚིག་དོན་ལ་གོ་བ་ཆགས་པ་དང་། གདམས་ངག་ཚིག་ཏུ་ཟིན་པ། ཚིག་དོན་དུ་གོ་བ། དོན་ཉམས་ལེན་ནུས་པ། ཉམས་རྗེས་མེད་དུ་གཏོང་ཐུབ་མཁན་ཞིག་ལ་ངོས་འཛིན་གནང་ཡོད་པ་ནི། ཉམས་ལེན་གྱི་ཚུལ་འཛིན་མཁན་གང་ཞིག་བཅོས་མིན་དང་། ཚད་ལྡན་ཡིན་མིན་གྱི་གཞི་འཛིན་སའི་ས་མཚམས་ལྟ་བུ་ཞིག་རེད། ཉམས་རྒྱུད་ཀྱི་གདམས་ངག་འདིའི་དཔེ་ནི་སྐྱེས་བུ་དབང་པོ་ཚང་ཞིང་སྐྱོན་མེད་པ་ཞིག་གི་ལུས་ལ། ཞྭ་ལྷམ་གོས་དང་སྐེ་རགས་བཅས་ཆས་གོས་ཚང་བ་དང་། ཁྱད་པར་རང་གི་ལུས་དང་། དཔྲལ་བའི་མིག ཁོག་པའི་སྙིང་བཅས་དབང་པོའི་དྭངས་མ་རྣམས་དང་དཔེ་དོན་སྦྱར་ཏེ་ལེའུ་ཚན་བདུན་གྱི་སྒོ་ནས་ལག་ལེན་དམར་ཁྲིད་གནང་བའི་གདམས་པ་གལ་ཆེན་ཞིག་ཡིན་ནོ། །

༡ དེ་ཡང་གནས་པ་གཞིའི་སྟོང་ཐུན་དང་གཅིག དོན་གནས་ལུགས་ཀྱི་སྟོང་ཐུན་དང་གཉིས། ཐིག་ལེ་ཉག་གཅིག་གི་སྟོང་ཐུན་དང་གསུམ། ཡེ་ཤེས་ཀྱི་ཉི་མ་ལ་ཤར་ནུབ་མེད་པའི་སྟོང་ཐུན་དང་བཞི། བྱ་བྲལ་མཐའ་ལས་འདས་པའི་སྟོང་ཐུན་དང་ལྔ་ནི། ཀླད་ཀྱི་ཞྭ་ལྟར་འདྲ་བའི་གདམས་པ་རུ་བསྟན། ༢ སངས་རྒྱས་དགུའི་དགོངས་ཉམས་ཀྱིས། བདེར་གཤེགས་ཀྱི་དགོངས་པ་མཐའ་ལས་འདས་པར་བསྟན་པ་དང་། དགའ་དགུ་བསླུ་དྲུག་གི་དཔེ་མཚོན་དགུས་སྤྱིའི་ཁོག་དབུབ་པ། དོན་གྱི་སྟོན་ཐབས་བཅུ་ཡིས་མན་ངག་གི་གཟེར་གཞུག་པ། ལ་བཟླ་ལྔའི་ཕྱི་ནང་གི་ཐག་བཅད་པ། དོན་དྲུག་གི་ཐེག་པ་གོང་འོག་གི་གདར་ཤ་བཅད་པ། གདམས་ངག་དགུས་ཡིད་ཆེས་ཁོང་དུ་གཞུག་པ། དབུ་རྒྱན་བཞིས་ལྟ་སྒོམ་ངོས་བཟུང་བ་དཔེ་དོན་སྐབས་དང་སྦྱར་ནས་སྡེ་ཚན་དང་སྦྱར་ཏེ་བཤད་པ་ནི། བླ་མ་བཅུའི་ཚིག་རྒྱུད་དང་བཅས་པ། ཉེས་དམིགས་དཔེས་མཚོན་པ་ཡན་ཆོད། ལེ་བརྒན་དར་གྱི་སྐུད་པ་ལ་ཤེལ་འཕྲེང་བརྒྱུད་པ་ལྟར་བཤད་པ་འདི་ནི། ཡེ་ཤེས་སྐྱེ་བ་ཚིག་གི་བརྒྱུད་པ་ཞེས་བྱ་སྟེ། འབྲུ་རྣལ་ཚིག་ཕྱིར་དོན་བཤད་པ། མཚོ་ལ་སྦྲང་ཆར་བབས་པ་དང་འདྲ་ཞེས་བྱ་སྟེ། འདི་ཡན་ཆོད་ལུས་ཀྱི་གོས་དང་འདྲ་བའི་གདམས་པ་ཡིན་གསུངས། ༣ ཕྱི་ནང་གསང་བའི་ངོ་སྤྲོད་ལྔའི་གདམས་པ་ནི། རྐང་གི་ལྷམ་དང་འདྲ་བའི་གདམས་པ། ༤ སྒྲོ་འདོགས་གཅོད་པ་དོན་རྒྱུད་བཅུ་ནི། རང་གི་ལུས་དང་འདྲ་བའི་གདམས་པ། ༥ བླ་མའི་ཉམས་ཀྱི་མན་ངག་བཅུ་ནི། འཆིང་བའི་སྐེ་རགས་དང་འདྲ་བའི་གདམས་པ། ༦ ཡིད་ཆེས་གྲུབ་པ་བསྙེམས་པའི་གདམས་པ་བཅུ་ནི། ཁོག་པའི་སྙིང་དང་འདྲ་བའི་གདམས་པ། ༧ རྟོགས་པའི་སངས་རྒྱས་ཁ་མིག་རྣ་བ་ཅན་དུ་འདོད་པ་དང་། སྤྱན་གསུམ་དག་པས་བལྟས་པས། མིག་གི་དབང་པོ་ལ་སངས་རྒྱས་རྗེན་ཅེར་རེ་མཐོང་བར་འདོད་པ་ནི། དཔྲལ་བའི་མིག་དང་འདྲ་བའི་གདམས་པ་ཡིན་གསུངས་པ་ལྟར་ཚིག་གི་འབྲུ་དོན་རེས་དོན་གྱི་གནད་མདུད་བཀྲལ་ཞིང་ཉམས་ལེན་གྱི་མཐིལ་བསྟན་པ་དང་། ཉམས་མྱོང་མན་ངག་རྣམས་འོད་ཀྱི་གོང་བུར་དྲིལ་ཞིང་ཚིག་གི་ཉག་མ་རེའི་ཐག་པར་བསྟར་ལ་བརྒྱུད་ཅིང་བཏང་བཞག་ལ་བཀས་རྒྱས་བཏབ་པ་སྟེ།སྙན་རྒྱུད་རྒྱས་འབྲིང་བསྡུས་གསུམ་གང་བཤད་ཀྱང་། གཞུང་ཚིག་མི་སྤེལ། མི་ཚིག་གིས་མི་བསླད། ཡིད་བཅོས་ཀྱིས་འཆལ་དུ་མི་གཞུག གཟེར་གསུམ་དང་མི་འགལ་བར་བཤད།ཅེས་ཟབ་གདམས་རྣམས་གར་ཐོད་ཐོད་དུ་དྲངས་ནས་ཡིད་བཅོས་དང་། ཞེ་འདོད་ཀྱི་ལྟ་བ་རུ་བསྲེ་བ་དང་། ལོག་པར་འདྲེན་མི་ཉན་པའི་བསླབ་གདམས་ཞིག་གོ། །

ཕྱི་ལོ་ ༢༠༡༩ ཟླ་ ༠༨ ཚེས་ ༣༠ ཉིན་མེ་ལོང་ཞེས་སུ་འབོད་པས་སོ། །

 

(སྤྱིའི་གཟིགས་གྲངས། 542 དེ་རིང་། 1)

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
དེ་ཡང་སངས་…
error: རྩོམ་འདི་བདག་དབང་ཅན་ཡིན།