ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

གདན་ས་ཁྲི་བརྟན་ནོར་བུའི་རྩེའི་སྐབས་བཅུ་གཉིས་པའི་དགེ་བཤེས་མཛད་སྒོ་ཉིན་ལྔ་པ།

 

 

 

 

དེ་རིང་སྟེ་ཕྱི་ལོ་ ༢༠༢༣ ལོའི་ཟླ་བ་ ༣ པའི་ཚེས་ ༣ ཉིན་གདན་ས་ཆེན་མོ་དཔལ་ལྡན་ཁྲི་བརྟན་ནོར་བུའི་རྩེའི་སྐབས་བཅུ་གཉིས་པའི་དགེ་བཤེས་མཛད་སྒོ་ཆེན་མོ་ཉིན་ལྔ་པར་སྔ་དྲོ་ཕྱག་ཚོད་ ༩ པའི་ཐོག་སྤོས་རྒྱས་སྣ་དྲངས་ཏེ་སྐྱབས་རྗེ་མཁན་ཆེན་ལུང་རྟོགས་བསྟན་པ་གཡུང་དྲུང་རིན་པོ་ཆེ་མཆོག་དང་། སྐྱབས་རྗེ་སློབ་དཔོན་ཚངས་པ་བསྟན་འཛིན་རིན་པོ་ཆེ། སྐྱབས་རྗེ་སྒྲུབ་གྲྭའི་མཁན་པོ་ཚུལ་ཁྲིམས་བསྟན་འཛིན་རིན་པོ་ཆེ། བཤད་སྒྲུབ་མཁན་སློབ་རྣམ་པ་བཅས་རིམ་པར་གཙུག་ལག་ཁང་གསར་པར་གདན་འདྲེན་ཞུས་རྗེས། བཀའ་རམས་པ་འགོ་བ་དྲང་སྲོང་སྙིང་རྗེ་འཕྲིན་ལས་མཐར་ཕྱིན་ལགས་དང་། བཀའ་རམས་པ་ཧོར་ཚང་དྲང་སྲོང་ཚོགས་གཉིས་དགེ་ལེགས་རྒྱ་མཚོ་ལགས། བཀའ་རམས་པ་མེ་ཉག་དྲང་སྲོང་ཚུལ་ཁྲིམས་ཡོན་ཏན་དཔལ་བཟང་ལགས། བཀའ་རམས་པ་ཀ་ཤུལ་དྲང་སྲོང་མཁྱེན་རབ་རྣམ་དག་རྒྱ་མཚོ་ལགས་རྣམ་པ་བཞི་ནས་སྔོན་འགྲོའི་བཤད་པ་གྱེར་ཞིང་། གཟབ་ཇ་དང་འབྲས་སིལ་འདེགས་འབུལ་ཞུས། ཉིན་གུང་ཕྱག་ཚོད་ ༡༢ ཐོག་བཀའ་རམས་པ་རྣམ་པ་བཞིས་གཏོང་སྒོ་ཆེན་མོ་བཏང་བ་དང་། ཕྱི་དྲོའི་ཕྱག་ཚོད་ ༣ པའི་ཐོག་བཀའ་རམས་པ་རྣམ་པ་བཞི་ནས་བཀྲ་ཤིས་གསོལ་ཞིང་བཀྲ་ཇ་དང་། བཞེས་བྲོ་འདེགས་འབུལ་ཞུས་པ་བཅས་ཀྱི་གསར་གནས་སུ། 

བཀའ་རམས་པ་འགོ་བ་དྲང་སྲོང་སྙིང་རྗེ་འཕྲིན་ལས་མཐར་ཕྱིན་ནི། ཕྱི་ལོ་ ༡༩༧༤ ལོར་སྐྱེས། ལོ་བཅུ་དྲུག་གི་དུས་སུ་ཤར་རྫའི་གཟུགས་སྐུ་དངོས་བྱོན་བླ་མ་ལུང་རིག་རྣམ་དག་རིན་པོ་ཆེའི་མདུན་ནས་སོ་ཐར་གྱི་སྡོམ་པ་ཞུས། ལོ་བཅུ་བདུན་གྱི་དུས་སུ་ཟླ་སྟོད་གསང་བའི་དབེན་ཁྲོད་དུ་སྔོན་འགྲོ་དངོས་གཞི་ལ་སོགས་ལ་སྦྱོང་པ་མཐར་ཕྱིན་པར་བྱས།  དེ་བཞིན་ཟབ་མོ་སྐུ་གསུམ་རང་ཤར་གྱི་རྩ་རླུང་འཇམ་བར་དྲག་གསུམ་དང་། བཅུད་ལེན། རྣལ་དབབ། ཐོད་རྒལ་ལ་སོགས་ལ་སྦྱོང་པ་བྱས།  ལོ་ཉེར་དགུ་ནས་བཟུང་མེ་སྟོན་གྱི་གདན་ས་མཐོང་གྲོལ་རི་ཁྲོད་དུ་ཟབ་མོ་སྐུ་གསུམ་རང་ཤར་གྱི་སྒྲུབ་གྲྭར་ལོ་གསུམ་ལྷག་བཞུགས། ལོ་སོ་གཉིས་ཕྱི་ལོ་ ༢༠༠༥ ལོར་བལ་ཡུལ་དུ་འབྱོར་ཏེ་གསང་གསུམ་བོན་གྱི་མཛོད་འཛིན་༧སྐྱབས་རྗེ་རྒྱལ་བ་སྨན་རི་བའི་ཡོངས་འཛིན་སྨྲ་བའི་དབང་པོ་མཆོག་གི་གསེར་ཞལ་མཇལ་བའི་སྐལ་བཟང་ཚེས།     དེ་ནས་རང་ལོ་སོ་གསུམ་ཐོག་གདན་ས་ཆེན་མོ་དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེར་བཤད་གྲྭའི་ནང་དུ་སྒྲིག་ལ་ཞུགས་ནས་ལོ་བཅུ་གསུམ་ཙམ་རིང་མདོ་སྔགས་སེམས་གསུམ་ཐུན་མོང་རིག་གནས་བཅས་ལ་ཐོས་བསམ་གནང་བ་དང་། བསྡུས་གྲྭ། རྟགས་རིགས། ཚད་མ། ཐེག་འགྲེལ། རྗེ་ཡི་ས་ལམ་གྱི་འགྲེལ་བ་བཅས་དམིགས་བསལ་ངག་རྒྱུགས་སུ་ཕུལ།  ཕྱི་ལོ་ ༢༠༠༦ ལོར་སྐྱབས་རྗེ་ཡོངས་འཛིན་རིན་པོ་ཆེ་གཙོས་གདན་ས་འདིའི་མཁན་སློབ་རྣམ་པའི་མདུན་ནས་དྲང་སྲོང་གི་ཁྲིམས་ཆེན་ཞུས། སློབ་གཉེར་བའི་རིང་ལ་དུང་ཆེན་འབུད་རྒྱུ་དང་ལེན་ལོ་གཅིག་རིང་དང་།  རྒྱ་གླིང་དང་ལེན་ལོ་གཅིག་རིང་། གྲྭ་ཚང་གི་མཆོད་དཔོན་ལོ་གཅིག་རིང་བཅས་དང་ལེན་གནང་། དེ་བཞིན་ལོ་གསུམ་རིང་གྲྭ་ཚང་གི་འཚོགས་ཆེན་དབུ་མཛད་ཀྱི་ཐུགས་འགན་བཞེས་པ་དང་སྐབས་དེ་རྣམས་སུ་རང་ངོས་ནས་འགྲོ་གྲོན་དུ་མ་བཏང་སྟེ་གྲྭ་ཚང་ལ་མཆོད་ཆས་སོགས་རྒྱུན་མཁོའི་རིགས་མང་པོ་བླུ་ཉོ་དང་བཟོ་བཅོས་སོགས་གང་ལེགས་གནང་ཡོད། བཤད་གྲྭ་བའི་སློབ་ཚན་རྫོགས་མཚམས་སླར་ཡང་ལོ་གསུམ་རིང་སྒྲུབ་གྲྭར་ཞུགས་ཏེ་ཕྱི་ལོ་ ༢༠༢༢ ལོར་སྒྲུབ་གྲྭ་ཐོན་ནས་གཤེན་གྱི་དགེ་སྦྱོར་བའི་ཕྱག་འཁྱེར་བཞེས་པ་དང་བཀའ་རམས་པའི་མཚན་རྟགས་གནང་། ཕྱི་ལོ་ ༢༠༢༣ ལོའི་སྟོན་པའི་དུས་ཆེན་ཉིན་རིག་གནས་རྒྱུགས་སྤྲོད་ཀྱི་ཤོག་ཁྲ་རྣམས་སྤྱན་འབུལ་ཞུས་ཏེ་བརྡ་སྤྲོད་ཀུན་བཤད་ཀྱི་མཚན་དུ་«བསམ་འཕེལ་དབང་རྒྱལ»ཞེས་བསྩལ། མདོར་ན་ལོ་བཅོ་བརྒྱད་རིང་བཤད་སྒྲུབ་གཉིས་ཀྱི་སྒྲིག་གཞི་གང་ཡོད་རྣམས་མཐར་ཕྱིན་ནས་འདི་ལོར་དངོས་སུ་བཀའ་རབ་འབྱམས་དགེ་བའི་བཤེས་གཉེན་ཆེན་མོའི་མཚན་རྟགས་བཞེས་བཞིན་པ་བཅས་ཀྱི་ལོ་རྒྱུས་མདོར་བསྡུས་སོ།།

བཀའ་རམས་པ་ཧོར་ཚང་དྲང་སྲོང་ཚོགས་གཉིས་དགེ་ལེགས་རྒྱ་མཚོ་ལགས་ནི། བླ་རི་སྤུ་རྒྱལ་གངས་དཀར་གྱི་ཉེ་འདབས་ཁྱུང་ཡུལ་ག་ཐ་རུ་ཡབ་ཧོར་ཚང་ག་གང་དང་། ཡུམ་གྱེར་དབྲ་ཟ་ལྷ་མོ་གཉིས་ལས་ཕྱི་ལོ་ ༡༩༨༤ ལོར་སྐྱེས། ཆུང་དུས་རང་གི་ཨ་མྱེ་གྱེར་དབྲ་སྟོན་པའི་དྲུང་དུ་ཡི་གེ་ཀློག་འདོན་སྦྱངས། རང་ལོ་བཅུ་དགུའི་ཐོག་ཤར་རྫའི་དགེ་སློང་ལུང་རིག་རྣམ་དག་དྲུང་ནས་རབ་ཏུ་བྱུང་། མེ་སྟོན་ལྷུན་གྲུབ་རྒྱལ་མཚན་གྱི་དྲུང་དུ་ཡབ་སྲས་ཀྱི་སྔོན་འགྲོ་ཞུས་ཤིང་གསོག་སྦྱོང་གནང་སྟེ་ཞོར་དུ་མཁས་དབང་ར་མ་དགེ་བཤེས་ཀུན་བཟང་རྒྱལ་མཚན་མདུན་ནས་ཡིག་བྲིས་སོགས་བསླབ། ལོ་དེར་གདན་ས་བཀྲ་ཤིས་སྨན་རིར་ཕྱིན་ནས་མཉམ་མེད་ཆེན་པོའི་སྐུ་གདུང་མཇལ་བ་དང་གྲྭ་སར་སྒྲིག་ཞུགས་བྱས། ཕྱི་ལོ་ ༢༠༠༥ ལོར་༧སྐྱབས་རྗེ་གཤེན་གསས་ནོར་བུ་དབང་རྒྱལ་མཇལ་བཅར་ཞུས་པ་དང་ལོ་དེར་བལ་ཡུལ་དུ་འབྱོར་ནས་ཞྭ་དཀར་བསྟན་པའི་གཙུག་རྒྱན་༧སྐྱབས་རྗེ་རྒྱལ་བ་སྨན་རིའི་ཁྲི་འཛིན་སོ་གསུམ་པ་ལུང་རྟོགས་བསྟན་པའི་ཉི་མ་མཆོག་དང་། ༧སྐྱབས་རྗེ་སྨན་རིའི་ཡོངས་འཛིན་སློབ་དཔོན་བསྟན་འཛིན་རྣམ་དག་རིན་པོ་ཆེ། ༧སྐྱབས་རྗེ་མཁན་ཆེན་ལུང་རྟོགས་བསྟན་པ་གཡུང་དྲུང་རིན་པོ་ཆེ་བཅས་བྱེས་ཀྱི་གདན་ས་གཉིས་ཀྱི་མཁན་སློབ་རྣམ་པའི་གསེར་ཞལ་དངོས་སུ་མཇལ། ལོ་དེར་གཡུང་དྲུང་བོན་གྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་གི་བཤད་གྲྭར་འཛུལ་ཞུགས་གནང་། ཕྱི་ལོ་ ༢༠༠༧ ལོར་༧སྐྱབས་རྗེ་ཡོངས་འཛིན་རིན་པོ་ཆེ་མཆོག་གི་མདུན་ནས་ལམ་རིམ་སུམ་བརྒྱ་པ་དང་། བོན་འཁོར་ཚིག་བཞི་བཅས་ཀྱི་ཁྲིད་ཐོབ། ཕྱི་ལོ་ ༢༠༡༠ ལོར་གཡུང་དྲུང་བོན་གྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་གི་འཚོགས་དང་། འཆད་ར། དམ་བཅའ། དཔེར་བརྗོད། དཔེ་ཁྲིད། བགྲོ་གླེང་སོགས་བསྟུད་མར་ལོ་ལྔའི་རིང་སྒེར་དོན་དུ་གང་ཡང་མ་ཆད་པའི་གཟེངས་བསྟོད་ཐོབ། ཕྱི་ལོ ༢༠༠༩ ལོར་༧སྐྱབས་རྗེ་མཁན་སློབ་རྣམ་གཉིས་ཞལ་འཛོམས་དྲུང་དུ་བསྙེན་རྫོགས་ཀྱི་སྡོམ་པ་ཞུས། ཕྱི་ལོ་ ༢༠༡༣ ལོར་༧སྐྱབས་རྗེ་སྨན་རིའི་ཁྲི་འཛིན་སོ་གསུམ་པ་ཆེན་པོའི་མདུན་ནས་ཡི་དམ་གསས་མཁར་མཆོག་ལྔ་དང་། མེ་རི། ཆོ་ག་བཅུ་གཉིས་སོགས་ཀྱི་བཀའ་དབང་ཟབ་མོ་ཐོབ། ཕྱི་ལོ་ ༢༠༡༢ ལོར་༧སྐྱབས་རྗེ་ཡོངས་འཛིན་སྨྲ་བའི་དབང་པོའི་མདུན་ནས་རྫོགས་པ་ཆེན་པོ་ཞང་ཞུང་སྙན་རྒྱུད་ཀྱི་བཀའ་ཁྲིད་ཆ་ཚང་ཐོབ་པ་དང་། དེ་རྗེས་བྱང་ཆུབ་སེམས་ཀྱི་གནད་དྲུག་དང་སྒྲོན་མ་དྲུག་སོགས་ཟབ་ཁྲིད་མང་དུ་ཐོབ། ཞོར་དུ་འཛིན་རིམ་འོག་མ་རྣམས་ལ་གཏོར་བཟོ་དང་གྱེར་དབྱངས་བཅས་ཀྱི་སློབ་ཁྲིད་ཀྱང་གནང་མྱོང་། ཕྱི་ལོ་ ༢༠༡༦ ལོར་༧སྐྱབས་རྗེ་ཡོངས་འཛིན་རིན་པོ་ཆེ་དང་། སྐྱབས་རྗེ་མཁན་ཆེན་ལུང་རྟོགས་བསྟན་པ་གཡུང་དྲུང་རིན་པོ་ཆེ་རྣམ་པ་གཉིས་ལས་མ་རྒྱུད་དབང་བཞི་དང་རིག་འཛིན་མཁའ་འགྲོའི་བོན་སྐོར་སོགས་ཀྱི་བཀའ་དབང་དུ་མ་ཐོབ། གཡུང་དྲུང་བོན་གྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་དུ་མདོ་སྔགས་སེམས་གསུམ་དང་ཐུན་མོང་རིག་གནས་བཅས་ལ་མི་ལོ་བཅུ་གསུམ་གྱི་རིང་སློབ་གཉེར་གནང་སྟེ་བཤད་གྲྭའི་སློབ་ཚན་རྫོགས་རྗེས་སླར་སྒྲུབ་གྲྭར་ཞུགས་ཏེ་བླ་མེད་རྫོགས་པ་ཆེན་པོའི་རྒྱུད་སྡེ་བཞི་ལ་གསན་བསམ་དང་ཐུན་སྒོམ་གནང་ཞིང་རྩ་རླུང་མུན་མཚམས་བཅས་མཇུག་གྲུབ་རྗེས་ཕྱི་ལོ་ ༢༠༢༢ ལོར་སྒྲུབ་གྲྭ་ཐོན་ནས་གཤེན་གྱི་དགེ་སྦྱོར་བའི་ཕྱག་འཁྱེར་བཞེས་པ་དང་བཀའ་རམས་པའི་མཚན་བཏགས། ཁོང་ནས་སྔ་ཕྱིར་རྒྱལ་བ་བྲུ་ཡི་རིང་ལུགས་འཛིན་པ་དབུ་མཛད་ཆེན་མོ་མགར་ར་འཆི་མེད་དང་། སྨན་རིའི་དབུ་མཛད་ཆེན་མོ་གཡུང་དྲུང་རིན་ཆེན། སྐྱབས་རྗེ་སྒྲུབ་གྲྭའི་མཁན་རིན་པོ་ཆེ་ཚུལ་ཁྲིམས་བསྟན་འཛིན་བཅས་ཀྱི་དྲུང་ནས་བོན་ལུགས་ཀྱི་ཆོ་ག་བཅའ་འདོན་ལ་ཞུན་བརྡར་མཛད་པ་དང་། ཕྱི་ལོ་ ༢༠༢༠ ལོར་ཁྲི་བརྟན་ནོར་བུ་རྩེའི་སྐབས་དགུ་པའི་བཙའ་སྐྱོང་ལྷན་ཚོགས་ཀྱི་ཚོགས་ཆེན་དབུ་མཛད་དུ་འདེམས་ཐོན་བྱུང་། ཕྱི་ལོ་ ༢༠༢༢ ལོར་སྐབས་དགུ་པའི་བཙའ་སྐྱོང་ལྷན་ཚོགས་ཀྱིས་ལས་འཆར་ལྟར<<གསང་སྔགས་ཀྱི་ཆ་ལག་ཉེར་མཁོའི་གསུང་པོད་>>དང་། <<དཔལ་གཤེན་བསྟན་སྨན་རིའི་བོན་སྤྱོད་ཚོགས་འདོན་མུ་ཏིག་ཕྲེང་རྒྱན་>>ཞེས་པ་གཉིས་དཔར་སྐྲུན་བསྡུ་སྒྲིག་གི་གཙོ་འགན་ཁུར། ཕྱི་ལོ་ ༢༠༢༣ ལོའི་སྟོན་པའི་དུས་ཆེན་ཉིན་རིག་གནས་རྒྱུགས་སྤྲོད་ཀྱི་ཤོག་ཁྲ་རྣམས་སྤྱན་འབུལ་ཞུས་པ་དང་བརྡ་སྤྲོད་ཀུན་བཤད་ཀྱི་མཚན་དུ་«དྲི་མེད་རང་གསལ་»ཞེས་གནང་། ད་ལན་དངོས་སུ་རབ་འབྱམས་དགེ་བའི་བཤེས་གཉེན་གྱི་མཚན་རྟགས་བཞེས་པའི་མཛད་སྒོ་འཚོག་བཞིན་པ་བཅས་ཀྱི་ལོ་རྒྱུས་མདོར་བསྡུས་སོ།།

བཀའ་རམས་པ་མེ་ཉག་དྲང་སྲོང་ཚུལ་ཁྲིམས་ཡོན་ཏན་དཔལ་བཟང་མཆོག་ནི། མེ་ཉག་ཚེར་མ་རོང་དུ་ཡབ་ཐར་ཐར་དང་ཡུམ་བསོད་ནམས་སྒྲོན་མ་གཉིས་ལས་སྤྱི་ལོ་ ༡༩༩༣ ཟླ་ ༥ ཚེས་ ༣༠ ཉིན་སྐྱེས། ཆུང་དུས་ཚེར་མ་རོང་གི་གྲོང་དུ་སློབ་ཆུང་འགྲིམས། སྤྱི་ལོ་ ༢༠༠༥ ལོར་ཟླ་ ༨ ཚེས་ ༢༥ ཉིན་བལ་ཡུལ་བོན་གྱི་གདན་ས་ཆེན་མོ་དཔལ་ལྡན་ཁྲི་བརྟན་ནོར་བུའི་རྩེ་རུ་འབྱོར་ཏེ་༧སྐྱབས་རྗེ་རྒྱལ་བ་སྨན་རིའི་སློབ་དཔོན་ཡོངས་འཛིན་བསྟན་འཛིན་རྣམ་དག་རིན་པོ་ཆེ་མཆོག་གི་གསེར་ཞལ་མཇལ། ༧སྐྱབས་རྗེ་ཡོངས་འཛིན་སྨྲ་བའི་དབང་པོ་མཆོག་གི་མདུན་དུ་གཙང་མ་གཙུག་ཕུད་ཀྱི་སྡོམ་པ་ཞུས་ཏེ་ཚུལ་མིང་དུ་ཚུལ་ཁྲིམས་དཔལ་བཟང་ཞེས་གནང་། སྐྱབས་རྗེ་སྒྲུབ་གྲྭའི་མཁན་པོ་ཚུལ་ཁྲིམས་བསྟན་འཛིན་མཆོག་གི་མདུན་ནས་རིག་གནས་ཀུན་གྱི་གཞི་མ་ཡི་གེ་འབྲི་ཀློག་སྦྱངས། སྤྱི་ལོ་ ༢༠༠༦ ལོར་གཡུང་དྲུང་བོན་གྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་གི་བཤད་གྲྭའི་སྒྲིག་ཁོངས་སུ་ཞུགས་ཤིང་མི་ལོ་བཅུ་གསུམ་རིང་སངས་རྒྱས་གཡུང་དྲུང་བོན་གྱི་མདོ་སྔགས་རྫོགས་གསུམ་དང་ཐུན་མོང་རིག་གནས་བཅས་ལ་ཐོས་བསམ་གནང་། སྤྱི་ལོ་ ༢༠༠༩ ལོའི་ཧོར་ཟླ་ ༡༢ ཚེས་ ༣༠ ཉིན་༧སྐྱབས་རྗེ་རྒྱལ་བའི་སྨན་རིའི་ཁྲི་འཛིན་སོ་གསུམ་པ་མཚན་བརྗོད་པར་དཀའ་བ་ལུང་རྟོགས་བསྟན་པའི་ཉི་མ་དཔལ་བཟང་པོ་མཆོག་དང་། གསང་གསུམ་བོན་གྱི་མཛོད་འཛིན་རྒྱུད་གསུམ་བསྟན་པའི་མངའ་བདག་༧སྐྱབས་རྗེ་ཡོངས་འཛིན་སྨྲ་བའི་དབང་པོ་རྣམ་གཉིས་ཀྱི་མདུན་དུ་དག་པ་དྲང་སྲོང་གི་ཁྲིམས་ཆེན་ཞུས་ཤིང་ཚུལ་མིང་དུ་དྲང་སྲོང་ཚུལ་ཁྲིམས་ཡོན་ཏན་དཔལ་བཟང་ཞེས་གནང་། བཤད་གྲྭ་བའི་སློབ་ཚན་རྫོགས་རྗེས་སླར་སྒྲུབ་གྲྭའི་སྒྲིག་ཁོངས་སུ་ཞུགས་ཏེ་རྫོགས་པ་ཆེན་པོའི་རྒྱུད་སྡེའི་མ་བུ་ཆ་ལག་རྣམས་ལ་གསན་བསམ་དང་ཉམས་ལེན་སྔོན་འགྲོ་བསགས་སྦྱོང་སོགས་ཚུལ་བཞིན་གནང་སྟེ། སྤྱི་ལོ་ ༢༠༢༢ ལོའི་ཧོར་ཟླ་བཅུ་གཉིས་པའམ་རྒྱལ་ཟླ་བའི་ཚེས་བཅོ་ལྔ་སྟོན་པའི་དུས་ཆེན་ཉིན་མཁན་ཆེན་ལུང་རྟོགས་བསྟན་པ་གཡུང་དྲུང་མཆོག་གི་མདུན་ནས་གཤེན་གྱི་དགེ་སྦྱོར་བའི་མཚན་རྟགས་དང་བཀའ་རམས་པའི་མཚན་རྟགས་བཞེས། གཞན་ཡང་༧སྐྱབས་རྗེ་རྒྱལ་བ་སྨན་རིའི་ཡོངས་འཛིན་སློབ་དཔོན་ཆེན་མོ་བསྟན་འཛིན་རྣམ་དག་རིན་པོ་ཆེ་མཆོག་གི་མདུན་ནས་མ་རྒྱུད་ཕྱི་ནང་གསང་གསུམ་གྱི་དབང་དང་རྫོགས་ཆེན་བསྒྲགས་པ་སྐོར་གསུམ་གྱི་བཀའ་ལུང་སོགས་ཐོབ་ཡོད། སྤྱི་ལོ་ ༢༠༢༣ ལོའི་སྟོན་པའི་དུས་ཆེན་ཉིན་རིག་གནས་རྒྱུགས་སྤྲོད་ཀྱི་ཤོག་ཁྲ་རྣམས་སྤྱན་འབུལ་ཞུས་ཏེ་བརྡ་སྤྲོད་ཀུན་བཤད་ཀྱི་མཚན་དུ་«འགྱུར་མེད་གཡུང་དྲུང་»ཞེས་བསྩལ། ད་ལན་གདན་ས་འདི་ནས་དངོས་སུ་བཀའ་རབ་འབྱམས་པ་དགེ་བའི་བཤེས་གཉེན་ཆེན་མོའི་མཚན་རྟགས་བཞེས་བཞིན་པ་བཅས་ཀྱི་ལོ་རྒྱུས་མདོར་བསྡུས་སོ།།

བཀའ་རམས་པ་ཀ་ཤུལ་དྲང་སྲོང་མཁྱེན་རབ་རྣམ་དག་རྒྱ་མཚོའམ་རྔ་རང་རིག་ལགས་ནི། ཨ་མདོ་རྔ་བའི་ཀ་ཤུལ་ཡུལ་ཚོའི་སྟག་ཀ་ཚང་ཞེས་པའི་དུད་ཁྱིམ་དཀྱུས་མ་ཞིག་ཏུ་སྐྱེས། ཆུང་དུས་ནས་སྣང་ཞིག་རྒྱལ་ཚབ་ཐམས་ཅད་མཁྱེན་པ་བསྟན་འཛིན་དབང་རྒྱལ་མཆོག་གི་སྐུ་མདུན་ནས་གཙང་མ་གཙུག་ཕུད་ཀྱི་སྡོམ་པ་བླངས་ཤིང་སྣང་ཞིག་དགོན་ཆེན་གྱི་འཚོགས་གྲལ་དུ་ཞུགས་ཏེ། དགེ་བའི་བཤེས་གཉེན་ཆེན་མོ་ཁྲི་ཟུར་ལུང་བ་བསྟན་འཛིན་མཆོག་དགེ་རྒན་དུ་བསྟེན་ནས་ཀ་ཁའི་སྦྱོར་ཀློག་ནས་བཟུང་ཐུན་མོང་རིག་གནས་བཅས་ལ་སྦྱངས་བ་མི་དམན་པར་བྱས། དེ་བཞིན་མདོ་སྨད་སྣང་ཞིག་དགོན་ཆེན་གྱི་བསྟན་པའི་བདག་པོ་སྣང་སྟོན་རྒྱལ་བའི་དབང་པོ་མཆོག་དང་། རྒྱལ་ཚབ་ཐམས་ཅད་མཁྱེན་པ་རྣམ་གཉིས་གཙོ་བོར་གྱུར་བའི་མཁན་སློབ་དགེ་བའི་བཤེས་གཉེན་དུ་མའི་མདུན་ནས་བོན་ཕྱི་ནང་གསང་གསུམ་གྱི་དབང་ལུང་མན་ངག་གི་གདམས་པ་མང་དུ་ཞུས། སྤྱི་ལོ་ ༢༠༠༦ ལོར་བལ་ཡུལ་དུ་འབྱོར་ནས་གཡུང་དྲུང་བོན་གྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་དུ་སྒྲིག་ཞུགས་བྱས། ༧སྐྱབས་རྗེ་ཡོངས་འཛིན་སྨྲ་བའི་དབང་པོ་མཆོག་དང་། སྐྱབས་རྗེ་སྒྲུབ་གྲྭའི་མཁན་པོ་ཚུལ་ཁྲིམས་བསྟན་འཛིན་རིན་པོ་ཆེ་རྣམ་གཉིས་ཀྱི་སྐུ་མདུན་ནས་མི་ལོ་བཅུ་བདུན་རིང་དུ་ནང་བསྟན་རིག་གཞུང་གཙོས་པའི་རིག་གནས་ཀུན་ལ་སློབ་སྦྱོང་བྱས། གཞན་ཡང་གདན་ས་ཆེན་མོ་དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེའི་དཔོན་སློབ་རིན་པོ་ཆེ་ཚངས་པ་བསྟན་འཛིན་མཆོག་དང་གདན་ས་འདི་གའི་མཁན་སློབ་དང་དགེ་བའི་བཤེས་གཉེན་དུ་མའི་མདུན་ནས་ཐུན་མོང་དང་ཐུན་མོང་མ་ཡིན་པའི་རིག་གནས་ཀུན་ལ་འབད་བརྩོན་ལྷོད་མེད་གནང་བ་མ་ཟད་ལོ་ངོ་དུ་མའི་རིང་ཡིག་རྒྱུགས་ཀྱི་ཨང་རིམ་རྩེ་ཕུད་ཀྱི་བྱ་དགའ་ཐེངས་མང་ཐོབ། སྤྱི་ལོ་ ༢༠༠༩ ལོར༧སྐྱབས་རྗེ་རྒྱལ་བ་སྨན་རི་བའི་ཁྲི་འཛིན་སོ་གསུམ་པ་ཆེན་པོ་མཆོག་བལ་ཡུལ་དུ་ཞབས་སོར་འཁོད་སྐབས་སྨན་རིའི་མཁན་སློབ་རྣམ་གཉིས་གཙོས་མཁན་སློབ་དུ་མའི་མདུན་ནས་དག་པ་དྲང་སྲོང་གི་ཁྲིམས་ཉིས་བརྒྱ་ལྔ་བཅུ་ཞུས་པ་མ་ཟད་ ༢༠༡༠ ལོར་བཤད་སྒྲུབ་འདུས་སྡེ་སྐབས་བཅུ་དྲུག་པས་བཀོད་སྒྲིག་འོག་༧སྐྱབས་རྗེ་ཡོངས་འཛིན་རིན་པོ་ཆེ་དང་། མཁན་རིན་པོ་ཆེ་ལུང་རྟོགས་བསྟན་པ་གཡུང་དྲུང་མཆོག དེ་བཞིན་དཔོན་སློབ་ཚངས་པ་བསྟན་འཛིན་རིན་པོ་ཆེ། སྒྲུབ་གྲྭའི་མཁན་པོ་ཚུལ་ཁྲིམས་བསྟན་འཛིན་རིན་པོ་ཆེ་སོགས་ཀྱིས་དམིགས་བསལ་བཀའ་ལུང་སྩལ་སྐབས་རྫོགས་ཆེན་གྱི་བོན་སྡེ་མི་འདྲ་བ་ལྔ་བཅུ་ང་གཉིས་ཙམ་གྱི་ལྗགས་ལུང་དང་། ༧སྐྱབས་རྗེ་ཡོངས་འཛིན་རིན་པོ་ཆེ་མཆོག་གི་གསུང་འབུམ་པོད་བཅུ་བཞི་ཆ་ཚང་གི་དཔེ་ལུང་ཞུ་བའི་སྐལ་བཟང་ཐོབ། དེ་བཞིན་སྐྱབས་རྗེ་མཁན་སློབ་རྣམ་གཉིས་གཙོ་བོར་གྱུར་བའི་གདན་ས་གཉིས་ཀྱི་མཁན་སློབ་རྣམ་པའི་མདུན་ནས་བོན་ཕྱི་ནང་གསང་གསུམ་གྱི་དབང་ལུང་མང་དུ་ཞུས། སྤྱི་ལོ་ ༢༠༡༨ ལོར་གཡུང་དྲུང་བོན་གྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་གི་སྒྲིག་བཀོད་ལྟར་བཤད་གྲྭའི་ཁྲིད་མཚམས་ཡོངས་སུ་རྫོགས་ནས་སླར་སྒྲུབ་གྲྭར་ཞུགས།  སྤྱི་ལོ་ ༢༠༢༡ ལོར་སྒོམ་གྲྭ་མཐར་ཕྱིན་ཏེ་གཤེན་གྱི་དགེ་སྦྱོར་བའི་ཕྱག་འཁྱེར་བཞེས་པ་དང་བཀའ་རམས་པའི་མཚན་བཏགས།  དེ་མིན་བོད་དང་བོན་གྱི་རིག་གནས་དཔྱད་གླེང་ཚོགས་འདུ་འགར་མཉམ་ཞུགས་བྱས་ཤིང་ཁོང་གི་རྩོམ་ཡིག་འགའ་རེ་རྒྱལ་ཕྱི་ནང་གི་དུས་དེབ་སོགས་སུ་ཡང་སྤེལ་ཡོད། སྤྱི་ལོ་ ༢༠༢༠ ལོར་གངས་ཅན་ཏི་སེ་རྒྱལ་སྤྱིའི་སློབ་གྲྭའི་དགེ་རྒན་བྱས། སྤྱི་ལོ་ ༢༠༢༢ ལོར་རྒྱལ་སྤྱིའི་བོད་རིག་པ་ཐེངས་བཅུ་དྲུག་པའི་སྟེང་དུ་རྩོམ་ཡིག་སྤེལ་བ་མ་ཟད་ཁོང་གི་རྩོམ་ཡིག་ལེགས་འདེམས་བྱུང་། ད་ཆར་ཞང་བོད་ཀྱི་དྲ་ཚིགས་ཆེན་མོ[རྒྱལ་གཤེན་བོན་སྒྲ]འི་ལག་བསྟར་རྩོམ་སྒྲིག་པ་དང་། [རྒྱལ་གཤེན་དཔེ་སྐྲུན་ཁང་]གི་བོད་ཡིག་དཔེ་ཚོགས་བསྐྱར་ཞིབ་པའི་འགན་གཅིག་ལྕོགས་སུ་འཁུར་བཞིན་ཡོད། སྤྱི་ལོ་ ༢༠༢༣ ལོའི་ཟླ་བ་ ༡ ཚེས་ ༥ དང་། ཧོར་ཟླ་ ༡༢ པའི་ཚེས་ ༡༥ སྟོན་མཆོག་བརྒྱ་པའི་མགོན་པོ་དེ་ཉིད་ཀྱི་འཁྲུངས་མཆོད་ཆེན་མོ་དང་འབྲེལ་༧སྐྱབས་རྗེ་མཁན་རིན་པོ་ཆེ་ལུང་རྟོགས་བསྟན་པ་གཡུང་དྲུང་མཆོག་དབུ་བཞུགས་ཐོག་མཁན་སློབ་རྣམ་པའི་མདུན་དུ་རིག་གནས་རྒྱུགས་སྤྲོད་ཀྱི་ཤོག་ཁྲ་རྣམས་སྤྱན་འབུལ་ཞུས་ཤིང་བརྡ་སྤྲོད་ཀུན་བཤད་ཀྱི་མཚན་དུ་«དབྱིངས་ཉིད་རང་གསལ་»ཞེས་བསྩལ། མདོར་ན་མི་ལོ་བཅུ་བདུན་རིང་སློབ་གཉེར་བྱས་པའི་འབྲས་རྟགས་སུ་ད་ལན་གདན་ས་ཆེན་དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེའི་མཁན་སློབ་དགེ་བའི་བཤེས་གཉེན་རྣམས་དང་གྲྭ་ཚང་འདུས་པ་རྒྱ་མཚོའི་དབུས་ནས་རབ་འབྱམས་དགེ་བའི་བཤེས་གཉེན་ཆེན་མོའི་མཚན་རྟགས་བཞེས་བཞིན་པ་དང་། དུས་ཚིགས་དེ་དང་བསྟུན་ནས[རྒྱལ་གཤེན་དཔེ་སྐྲུན]ཁང་དང<<Vajra Publication>>གཉིས་མཉམ་འབྲེལ་གྱིས་དཔར་བསྐྲུན་ཞུས་པའི་ཁོང་གི་དཔྱད་དེབ་དང་པོ་མདོ་སྔགས་རྒྱ་མཚོའི་གཞུང་དོན་ལས་འཕྲོས་པའི་དཔྱད་གླེང་ཞེས་པ་འགྲེམ་སྤེལ་ཞུས་པ་བཅས་ཀྱི་ལོ་རྒྱུས་མདོར་བསྡུས་སོ།།

མེ་ལོང་ཡེ་ཤེས་དྲ་བའི་གཙོ་སྒྲུབ་པས་ཕྱི་ལོ་ ༢༠༢༣ ཟླ་ ༣ ཚེས་ ༣ ཉིན་སྤེལ།

པར་པ་ཁྱུང་ཐོག་རྒོད།

(སྤྱིའི་གཟིགས་གྲངས། 888 དེ་རིང་། 1)

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
དཔེ་སྐྲུན་…
error: རྩོམ་འདི་བདག་དབང་ཅན་ཡིན།