ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

དཀྱིལ་འཁོར་ཐིག་རྩ།

མཚན་མ་རྡུལ་ཚོན་ཐིག་ཚོན་གསལ་བྱེད་འཕྲུལ་གྱི་མེ་ལོང་བཞུགས།

དཔོན་གསས་རྣམས་དང་དཀྱིལ་འཁོར་ལྷ་རྣམས་ལ། །

སྒོ་གསུམ་ཕྱག་འཚལ་ཉེ་བར་སྐྱབས་སུ་མཆིའོ། །

དཀྱིལ་འཁོར་ཐིག་ཚོན་གསལ་བྱེད་མེ་ལོང་འདི། །

ལུང་དང་བླ་མས་གསུང་བཞིན་བཀོད་པར་བྱས། །

སྤྱིར་རྒྱལ་བ་འཕགས་པ་རྣམས་ཀྱིས། འགྲོ་བ་འདྲེན་པའི་ཐབས་སུ། བོན་སྒོ་བཞི་ཐིག་རྒྱུད་བསམ་གྱིས་མི་ཁྱབ་པར་གསུངས་པ་རྣམས་ཀྱི་ནང་ནས་ཀྱང་། ཐེག་པ་ཆེན་པོའི་འཇུག་སྒོ་རྫོགས་པའི་བྱང་ཆུབ་བསྒྲུབ་པའི་ཐབས་ལམ་ཁྱད་པར་ཅན། བསྐྱེད་རྫོགས་ཟབ་མོའི་དོན་གྱི་གཞི་རྩ། དཀྱིལ་འཁོར་གྱི་བྱེ་བྲག་གསུམ་དུ་བཤད་སྟེ། རང་བཞིན་དབྱིངས་ཀྱི་དཀྱིལ་འཁོར། ཏིང་འཛིན་རིག་པའི་དཀྱིལ་འཁོར། མཚན་མ་རྡུལ་ཚོན་གྱི་དཀྱིལ་འཁོར་དང་གསུམ་མོ། །

དང་པོ་ལ་རང་བཞིན་དབྱིངས་ཀྱི་དཀྱིལ་འཁོར་ནི། སེམས་ཉིད་གཤིས་ཀྱི་ངོ་བོ་རང་བཞིན་རྣམ་པར་དག་པའི་དབྱིངས་སམ། བོན་ཉིད་སྐྱེ་བ་མེད་པའི་དབྱིངས་ནས་སྐུ་དང་ཡེ་ཤེས་ལ་སོགས། འགག་མེད་ལྷུན་གྲུབ་ཁྱབ་བདལ་དུ་གནས་པ་དེ་ཉིད་ཡིན་ཏེ། རང་བཞིན་དཀྱིལ་འཁོར་དབྱིངས་ནས་ལྷུན་གྱིས་གྲུབ་པ་དང་། །ཞེས་གསུངས་པའི་ཕྱིར་རོ། །

གཉིས་པ་ཏིང་འཛིན་རིག་པའི་དཀྱིལ་འཁོར་ལམ་གྱི་གང་ཟག་སྐལ་ལྡན་སྦྱང་པའི་ལས་འཕྲོ་ཅན་རྣམས་ཀྱིས། སྟོང་པ་ནམ་མཁའི་དབྱིངས་ནས་ཕྱི་ནང་གསང་བའི་དཀྱིལ་འཁོར་ལྷ་ཚོགས་རྣམས། སྣང་ལ་རང་བཞིན་མེད་པར་བསྒོམ་པ་དེ་ཉིད་ཡིན་ཏེ། ཏིང་འཛིན་དཀྱིལ་འཁོར་མཁའ་ལ་ཡིད་ཀྱིས་བསྒོམ་པ་དང་། །ཞེས་གསུངས་པའི་ཕྱིར་རོ། །

    གསུམ་པ་མཚན་མ་རྡུལ་ཚོན་གྱི་དཀྱིལ་འཁོར་ནི། ས་ལ་མཎཌལ་ལ་ཐིག་ཚོན་གསལ་བར་བྲིས་པ་འདི་ཉིད་ཡིན་ཏེ། དེ་མཚོན་ཕྱི་རུ་མཚན་མ་རྡུལ་ཚོན་དཀྱིལ་འཁོར་ས་ལ་བྲིས་པ་དང་། །ཞེས་གསུང་པའི་ཕྱིར།

     དེ་ཡང་དང་པོ་མཚན་མ་རྡུལ་ཚོན་གྱི་དཀྱིལ་འཁོར་ཚུལ་བཞིན་ཤེས་པར་མ་བྱས་ན། ཏིང་འཛིན་རིག་པའི་དཀྱིལ་འཁོར་རྟོགས་པའི་ཐབས་མེད་པ། ཏིང་འཛིན་རིག་པའི་དཀྱིལ་འཁོར་མ་རྟོགས་ནས། རང་བཞིན་དབྱིངས་ཀྱི་དཀྱིལ་འཁོར་རྟོགས་པའི་ཐབས་མེད། དེ་ནས་མཚན་མ་རྡུལ་ཚོན་གྱི་དཀྱིལ་འཁོར་འདི་ནི་ཤིན་ཏུ་གལ་ཆེ་བར་བཤད་དོ། །

དེ་ལ་ཡང་དང་པོ་ཉེ་བར་ལག་ཏུ་བླངས་པ་ལ་བཞིར་གསུངས་ཏེ། བརྩེག་ཅིང་ཆག་ཆག་གདབ་པ་དང་། ཐིག་གདབ་པ་དང་། ཚོན་བཀྱེ་བ་དང་། ས་བོན་བཀོད་པ་དང་བཞིའོ། །དང་པོ་བརྩེག་ཅིང་ཆག་ཆག་གདབ་པ་ནི། རང་རང་ནས་འབྱུང་བ་བཞིན་དབྱིབས་རྣམས་ལེགས་པར་ཆག་ཚད་ལྡན་པར་བྱའོ། །

     གཉིས་པ་ཐིག་གདབ་པ་ནི། གདབ་ཅེས་པའི་དོན་ནི་གོང་ལྟར་རོ། །དབྱིངས་ཉིད་རྣམ་པར་དག་པའི་ཐིག་ཚོན་ནི། སྣང་སྲིད་སྣོད་བཅུད་ཀློང་དུ་གདབ་པར་བྱའོ། །མཁའ་གསལ་ཡེ་ཤེས་རིག་པའི་ཐིག་ཚོན་ནི། སེམས་ཉིད་བློ་རིག་ཡུལ་དུ་གདབ་པར་བྱའོ། །རྡུལ་ཚོན་ལས་རིམ་འགྱེད་པའི་ཐིག་ཚོན་ནི། རིན་ཆེན་གསེར་གྱི་ས་ལ་གདབ་པར་བྱ། །ཞེས་གསུངས་པ་ལྟར་དུ་ཤེས་པར་བྱ་ཞིང་གདབ་པར་བྱ། ཚོན་གྱི་ས་བོན་བཀོད་པ་རྣམས་འོག་ན་འབྱུང་བ་ལྟར་རོ། །

ཞོར་འབྱུང་སླང་འཇོག་དབུབ་གསུམ་བཤད་པ་ལ། ལྷ་གདན་གཡུང་དྲུང་འཁོར་ལོ་པད་མ་རིན་ཆེན་རྣམས་དང་། རིགས་རྣམ་འདོད་ཡོན་ཟླ་གམ་རླུང་རི་ལ་སོགས་རྣམས་ནི་འཇོག་པའི་སྡེ་ཡིན། གདན་དང་རྣམ་བུ་རང་སར་བཞག །ཅེས་གསུངས་པའི་ཕྱིར།

གདུང་ལྕམ་ཡ་གད་ཟ་ར་ཚག་དར་བུ་ཁད་དང་རྟ་བབ་ཁྱུང་གུར་ཁྱུང་མགོ་གདུགས་ཏོག་ལ་སོགས་རྣམས་ནི། ཕུབ་པའི་སྡེ་ཡིན་ཏེ། གདུང་ལྕམ་ཀ་བ་མཁའ་ལ་བཏེགས། །ཅེས་གསུངས་པའི་ཕྱིར་རོ། །

སྒོ་དང་བརྩེགས་པ་ལྕོགས་དང་ལྕགས་རི་སྐུ་གདུང་རྣམས་ནི་བསླང་བ་ཡིན་ཏེ། སྒོ་དང་བརྩེགས་པ་ལྕོགས་རྣམས་ནི། །ཕྱི་ནས་ནང་དུ་བསླང་ལ་བསྒོམ། །ཞེས་གསུངས་པའི་ཕྱིར་རོ། །

དེ་ལྟར་དཀྱིལ་འཁོར་གསུམ་དུ་བསྟན་ཀྱང་། གདུལ་བྱ་བཀྲིད་དྲང་གི་ཐབས་སུ་སོ་སོར་བསྟན་པ་ཙམ་དུ་ཟད་ཀྱིས། དོན་ལ་སོ་སོར་ཐ་དད་དུ་ཡོད་པ་མ་ཡིན་ཏེ། སོ་སོར་མ་ཡིན་གཅིག་གི་ངང་དུ་འདུས། །ཞེས་གསུངས་པའི་ཕྱིར་རོ། །འདི་ཡན་ཆད་དཀྱིལ་འཁོར་གསུམ་བཤད་པ་ནི་ཟུར་ཙམ་བསྟན་པའོ། །

གཡུང་དྲུང་ཀློང་རྒྱས་ཀྱི་ཐིག་ཚོན་ནི། མཐའ་ཐིག་བཞི་དང་ཚངས་ཐིག་བཞི་དམར་པོ་གདབ་པར་བྱ། དབུས་སུ་དྲངས་ཏེ་སོར་གཉིས་ཚད་དུ་རིམ་གསུམ་བསྐོར། ནང་མའི་སོ་ནས་ཐིག་བཞི་དཀར་པོ་གདབ་ལ། ནང་དུ་སོར་ཟུར་ཐོག་མ་བཞི་འཇལ་ལ་ཐིག་བཞི་དམར་པོ་གདབ་ལ། དཀར་དམར་བར་དུ་ཐིག་བཞི་བཞིར་དཀར་པོ་གདབ་ལ་བརྩིགས་པའི་ཚད། དེའི་ཕྱི་རིམ་ཐིག་བཞི་གདབ་ལ་གཡུ་གདུང་སྔོ། ཕོ་བྲང་སུམ་ཁུག་གཉིས་བབ་བྱ་ལ་དམར་ཐིག་བཞི་བཞི་གདབ། སོར་རེའི་ཚད་དུ་དཀར་ཐིག་རེ་རེས་བསྐྱོར་ལ། དེའི་ནང་ལྔ་ཁུག་བཞི་བྱས་ལ། དཀར་ཐིག་ཉེར་བཞི་བརྩེགས་པར་སླེབ་པར་གདབ། སོར་ཕྱེད་ཚད་དུ་དམར་ཐིག་རེ་རེ་བསྐྱོར། དེའི་ནང་དུ་དཀར་ཐིག་བཞི་བཞི་གདབ་ལ། དྲུག་ཅུ་ཕྲག་གཉིས་གཡུང་དྲུང་གདན་ཐིག་གོ། །དབུས་ཀྱི་སྐོར་ལྔ་དོད་པ་འབྱུང་ལྔ་བརྩིགས་པའི་ཚད། དེ་མིན་ནང་ནས་ཐིག་ཆ་གཅིག་སྟེང་རིན་ཆེན་འཕྲེང་བའོ། །དེའི་ནང་ལ་འཇམ་མའི་ཆག་ཆག་གདབ་ལ། 

ཚོན་གྱིས་བཀྱེ་ལུགས་ནི། དབུས་སུ་ནག་པོས་བཀང་། དཀར་སེར་དམར་ནག་ལྗང་གིས་བསྐོར། འོད་ལྔ་ཟེར་དྲུག་ཟེར་སྔོ་དམར་ནག་མཐིང་ལྗང་གིས་བསྐོར། དེའི་འོད་ལྔ་ཟེར་དྲུག་གོ། །ཕྱི་རིམ་ཕྱོགས་བཞི་ཟླ་ཚེས་སེར་པོ་བྱང་ཤར་པད་མ་དཀར། བྱང་ནུབ་པད་མ་ལྗང་། ལྷོ་ནུབ་པད་མ་དམར། ལྷོ་ཤར་པད་མ་སྔོ། གོང་རས་མཛེས་ཚོན་གཞི་མ་ནག་པོ་ལ། སྟེང་དུ་འོད་ཟེར་ཤིང་ལོའི་ཚུལ་དུ་བྲིས། ཕྱི་རིམ་རིན་ཆེན་ཚུལ་དུ་འཕྲེང་བ་དམར་ལྗང་སྤེལ་མ་བྲིས། བརྩིགས་གསེབ་ཀ་བ་བཅུ་དྲུག་སེར་པོ་ལ། ཀ་གདན་པད་མ་རྒྱས་པ་ལ། ཀ་གཞུ་ཟླ་བ་ཚེས་པའོ། །ཤར་ཕྱོགས་ཕྲ་ཐིག་གསེབ་ནས་སྒོ་གཅིག་དོད་པ་ནི། ཁ་བད་ཞབས་རྨིང་བརྩིགས་པའི་ཆ་ག སྒོ་ཉིད་གསེར་ལ་གཞི་མ་དངུལ། གཡས་སུ་ལྷ་བུ་གར་མཁན་དཀར། གཡོན་དུ་ལྷ་མོ་མཆོད་འབུལ་དམར། སྒོ་སྟོད་གསེར་གྱི་པ་ཏྲ་ལ། །སྒོ་སྨད་གཡུ་ཡི་ཆུ་རིས་སྔོ། རླུང་རི་ནག་པོ་རྡོ་རྗེ་མེ་རི་དམར་ལ་པད་མ་དང་། ཆུ་རི་སྔོ་ལ་འཁོར་ལོ་དང་། ས་རི་སེར་ལ་རིན་ཆེན་དང་། ནམ་མཁའ་དཀར་ལ་ཉི་ཟླ་གཟའ་སྐར་བྲིས། གཡུ་གདུང་སྔོ་པོ་འམ། ཡང་ན་ལྗང་ཁུ་བྱ། གདུང་ཆེན་དྲྭ་བ་སེར་ལ་དྲྭ་ཕྱེད་དམར། །གཡུང་དྲུང་ཤར་དཀར་བྱང་ལྗང་ནུབ་དམར་ལྷོ་སྔོ་དབུས་སེར་གྲུ་ཁུག་ནས་རིན་པོ་ཆེན་གཅལ་བཀྲམ་པའོ། །ཕྱི་རིམ་ཀ་བ་བརྩིགས་པ་རྩང་ཁང་ཇི་བཞིན་མཐའི་གདུང་སྔོན་པོ་བྱ། གཞའ་ཚོན་གྱི་གདུང་མ་དཀར་པོའི་སྟེང་དུ་རེ་ཁ་སེར་པོ་ལ། དཀར་སེར་བར་དུ་དམར་དང་ལྗང་གིས་བཀང་། ཟླ་གམ་བཞི་རི་རབ་རིན་པོ་ཆེའི་སྙིང་པོ་སེར་པོ་བྱ། ཕྱོགས་འོད་ཤར་དཀར་སྤྱི་དང་འདྲ། བང་རིམ་དཀར་ལྗང་དམར་སྔོ་སེར་པོ་མགུལ་སེར་ལ་བུམ་པ་དཀར། འཁོར་ལོ་དམར་ལ་གདུགས་སྔོ་ཏོག་སེར་བྱ་རུ་སྔོ། ཟླ་གམ་ཕྱོགས་འོད་རླུང་གི་འདིགགིས་འདེགས། ལྕགས་རི་ནག་ལ་མཆོད་རྟེན་དང་། ཟངས་རི་དམར་ལ་འདོད་ཡོན་རོལ་རྒྱན་རྣམས་བཀོད། ཕྱི་རིམ་ཁོར་ཡུག་ནང་ལ་མུན་པའི་ས། དེ་ལ་དཔྱང་སྒོ་བཞི་ཡང་དོད། སྒོ་ཐིག་བརྒྱད་ནི་དཀར་པོ་གདབ་པར་བྱ། ཞེས་གསུངས་སོ། །དཔྱང་སྒོའི་ཐིག་གོ།  །གྲུ་ཆད་ཕྱོགས་ལ་རིགས་རྟགས་བརྒྱན།

ས་བོན་ཡིག་འབྲུ་བརྟོད་བཀོད་པ་ནི། པད་མ་དཀར་པོའི་སྟེང་དུ་ཨ་སེར་པོ་བཀོད། པད་མ་ལྗང་ཁུའི་སྟེང་དུ་ཨ་དཀར་པོར་བྲིས། པད་མ་དམར་པོའི་སྟེང་དུ་ཧ་དཀར་པོ་བཀོད། པད་མ་སྔོན་པོའི་སྟེང་དུ་འ་ལྗང་ཁུ་བཀོད། གཡུང་དྲུང་ལ་ནི་ཤར་ན་ཡཾ། བྱང་ན་རྃ། ནུབ་ན་ཁཾ། ལྷོ་སྲུཾ། དབུས་ན་ཨཱོྃ། སྒོ་བཞི་ལ་ནི་ཞ་བཞི་བཀོད། འོན་ཀྱང་བསྭོ་བཞི་བཀོད་ཀྱང་འགལ་བ་མེད་དོ། །

རྣམ་དག་པད་མའི་ཐིག་ཚོན་ནི། དང་པོ་ལ་མཐའ་ཐིག་བཞི་གདབ། དེ་ནས་ཚངས་པའི་ཐིག་བཞི་གདབ། དབུས་ན་དྲང་ལ་རིམ་བཞི་རུ་བསྐོར། གསུམ་པའི་སོ་ནས་ཐིག་བཞི་དམར་པོ་གདབ། དེ་ནས་སྤྱིའི་ཚང་ཐིག་ནི། འགྲུས་ཀྱི་ཐིག་བཞི་གདབ། འགྲུས་ཀྱི་རྒྱ་གྲམ་ཐིག་བཞི་དམར་པོ་གདབ། ཕྱི་རིམ་དཀར་ཐིག་ལྔ་ལྔ་གདབ། ནང་ཐིག་ཚངས་ཐིག་གཡས་གཡོན་གསུམ་གསུམ་མཉམ་པོར་བགོས་པ་ལ། ཕྱོགས་རེ་དཀར་ཐིག་གཉིས་གཉིས་གདབ། དཀར་ཐིག་གཡས་གཡོན་དམར་པོས་སྐྱོར་གསུམ་ཐིག་གདུང་ཆེན་བཅུ་ཡི་ནང། ཕོ་བྲང་སུམ་ཅུ་སོ་གཉིས་འབྱུང་། ཕྱིའི་ཕོ་བྲང་སོ་གཉིས་ལ། འགྲུས་ཐིག་ཚངས་ཐིག་ཚངས་པར་གདབ། དེ་དག་པད་མའི་འབྱེད་ཐིག་གོ། །དེ་ནས་དབུས་ཀྱི་ཕོ་བྲང་ནས། ཟླུམ་ཐིག་རིམ་པ་དྲུག་ཏུ་བསྐོར། ཕྱི་མ་རྣམས་ལ་བཞི་བཞི་བསྐོར། ཕྱོགས་བཞི་སྒོ་བཞི་རིགས་རྣམ་ནས། ལྕགས་རའི་བར་དུ་གྲུ་བཞི་བསྐྱེད། ཤར་ནུབ་ལྷོ་བྱང་བཅོ་ལྔ་གདབ། དེ་ལ་ཆ་ཕྲན་བཅུ་དྲུག་འབྱུང་། 

དེ་ནས་ཚོན་གྱིས་བཀྱེ་ལུགས་ནི། དབུས་ཀྱི་ལྟེ་བ་དཀར་པོ་ལ། །གསེར་གྱི་པད་མ་འདབ་བཞི་བྲིས། །དབང་གི་པད་མ་དམར་པོ་བརྒྱད། །ཡོན་ཏན་པད་མ་བཅུ་དྲུག་ལྗང་། །འཕྲིན་ལས་པད་མ་སོ་གཉིས་སྔོ། །མཛེས་པའི་པད་མ་ལྔ་བཅུ་གཉིས། །གོང་རས་རྣམས་ནི་ནག་པོ་བྱ། །གྲུ་ཆད་སེར་ལ་ཤིང་ལོ་བྲིས། །ཐིག་ཆེན་རྣམས་ནི་དཀར་པོ་ལ། །གཡུ་ཡི་གཡུང་དྲུང་བྲིས་པར་བྱ། །ཕོ་བྲང་སོ་གཉིས་ལྟེ་བ་དཀར། །ཕྱི་རིམ་པད་མ་འདབ་བཞི་ནི། །ཤར་གྱི་གླིང་དྲུག་དཀར་པོ་ལ། །དེ་བཞིན་བྱང་གི་གླིང་དྲུག་ལྗང་། །ནུབ་དམར་ལྷོ་གླིང་སྔོ། །ཕྱོགས་མཚམས་བཞི་ཡི་པད་མ་འདབ་ཕྱོགས་ཚོན་བྱ། ཕྱི་རིམ་བརྒྱད་བརྒྱད་སེར་པོ་སྟེ། །དེའི་ཕྱི་རིམ་བཅུ་དྲུག་ནི། །པད་འདབ་བཞི་བཞི་ཕྱོགས་ཚོན་བྱ། །གྲུ་ཆད་སེར་ལ་ཤིང་ལོ་བྲིས། །རིགས་རྣམས་ཕྱོགས་འོད་རིགས་རྟགས་བརྒྱན། །དེ་རྒྱབ་སྒོ་བཞི་ཕྱོགས་འོད་ནི། །དང་པོ་རིན་ཆེན་བརྩེགས་པའི་ཆ། །གཉིས་དང་གསུམ་དང་སྒོ་ལོག་དང་། །བཞི་ལྔ་སྒོ་དང་འགྲམ་ཁྱུད་ཕྱོགས་འོད་དོ། །དྲུག་པ་བརྩིགས་པས་བསྐོར་བར་བྱ། །བདུན་པ་ནམ་མཁའ་སྟོང་པ་སྔོ། །ཉི་ཟླ་སྐར་ཁུང་ལྡན་པར་བྱ། །གཡས་གཡོན་ཀ་བ་མཛེས་པར་བྱ། །བརྒྱད་ནི་བཅུ་གཅིག་དྲྭ་བ་ནི། །ལྗང་དམར་སྔོ་སེར་རིམ་པ་ལ། །འཁོར་ལོ་པད་མ་རིན་ཆེན་དང་། །གཡུང་དྲུང་རིགས་ཀྱིས་བརྒྱན་པར་བྱ། །བཅུ་གཉིས་དམར་ལ་དྲྭ་བས་བརྒྱན། །བཅུ་གསུམ་མཐིང་གུར་སྔོན་པོའི་སྟེང་། །གཡས་གཡོན་ཁྱུང་དང་ཤ་རས་བརྒྱན། །བཅུ་བཞི་བཅོ་ལྔ་གདུགས་ཏོག་ནི། །འཁོར་ལོ་དམར་ལ་ཆར་ཁེབས་སྔོ། །ཏོག་སེར་དར་དཔྱང་ལྡན་པར་བྱ། །བརྩིགས་པའི་ཕྱི་རིམ་འདོད་ཡོན་དམར། །དེ་ནས་ཡ་གད་དྲྭ་བ་སེར། །སྔོ་ལ་རིན་ཆེན་ཟ་ར་ཚག །ཕྱི་རིམ་གཞའ་ཚོན་དར་བུ་ཁད། །ཟླ་གམ་འཛམ་གླིང་ཕྱོགས་འོད་དང་། །ལྗོན་ཤིང་མེ་ཏོག་མཛེས་པར་བྱ། །མུ་ཁྱུད་སྔོ་ལ་གཡུང་དྲུང་ངོ། །ཟངས་རི་དམར་ལ་མཆོད་རྫས་བཀོད། །ལྕགས་རི་སྔོ་ལ་མཆོད་རྟེན་བཀོད། །ཕྱི་རིམ་གྲུ་ཆད་སེར་པོ་ལ། །བུམ་པ་ཤིང་ལོས་བརྒྱན་པར་བྱ། །

དེ་ནས་ས་བོན་འབྲུ་བཀོད་ནི། །དབུས་ཀྱི་ལྟེ་བ་མ་ཡིག་སེར། །ཕྱི་རིམ་ཕོ་བྲང་སོ་གཉིས་ཀྱི། །ལྟེ་བ་མ་ཡིག་རེ་རེ་བཀོད། །འདབ་བརྒྱད་རེ་ལ་ཧ་བརྒྱད་བྲིས། །སྒོ་བཞི་ལ་ནི་མ་རེ་བཀོད། །

རྣམ་རྒྱལ་འབྲིང་པོའི་ཐིག་ཚོན་ནི། ཐིག་བཀོད་ས་བཅད་ཟླུམ་པོ་རིམ་གཅིག་ཏུ། །མཆུ་འདོམ་རྔམ་ཆག་མཛེས་པར་ཆག་ཆག་གདབ། །བསྐོར་ཐིག་ཚངས་ཐིག་བཞི་གདབ། ཐིག་ཐག་ཚོར་བཞི་ཁྲི་ནས་ཟླུམ་པོར་བསྐོར། །མཐོ་མཛུབ་གང་རུང་གཅིག་ནས་བྱི་དོར་ནི། །མེ་ལོང་ཕྱིས་པ་བཞིན་དུ་འཇམ་པར་བྱ། །ཆག་གང་སོར་བཞི་ཕར་འདབ་མུན་པའོ། །བསྐོར་ཁྱི་བསྐོར་ནི་སྟོངས་སུ་ས་བཅད་དོ། །ཟླུམ་པོ་དལ་གྱི་ཤར་ནུབ་ཐིག་ཐག་རྐྱང་། །གཉིས་ཁུག་དབུས་ནས་ཕྱི་སོར་ཤར་དུ་བཟུངས། །བཞི་ཁུག་ཆ་གཅིག་བོར་ལ་ཕྱོགས་མཚམས་བཅད། །ཕྱོགས་མཚམས་འབྱེད་པའི་ཐིག་ནི་བཞི་གདབ། དབུས་དྲངས་སོར་གཉིས་ཚད་དུ་རིམ་གསུམ་བསྐོར། །ནང་མའི་སོ་ནས་ཟླུམ་ཐིག་གདབ། །ཟུར་ཐིག་མཐོ་གང་སོ་ནས་འགྲུས་བཞི་གདབ། །རྒྱ་གྲམ་སྟེང་ནས་ཐིག་བཞི་དམར་པོ་གདབ། །ཐིག་བར་དེ་ནི་འབྱུང་རིམ་གཅིག་ཁེངས་ཏེ། །དེ་ཡི་ཕྱོགས་རེར་དཀར་ཐིག་བཞི་བཞི་གདབ། །ཕྱི་རིམ་གཡུང་ཡི་གདུང་ཐིག་གདབ་པར་བྱ། །དམར་ཐིག་ནང་དུ་སུམ་ཁུག་གཉིས་བབ་བྱ། །དཀར་ཐིག་བཞི་གདབ་དམར་པོ་སོར་རེ་སྐྱོར། །གསུམ་ཐིག་གདུང་ཆེན་ནང་དུ་གླིང་དགུར་འབྱུང་། །ཕོ་བྲང་ཟུར་ནས་དཀར་ཐིག་འགྲུས་ཚངས་གདབ། །རྒྱ་གྲམ་སྟེང་ནས་ཚངས་ཐིག་ཚངས་པར་གདབ། །ཕྱི་རིམ་གླིང་བརྒྱད་སེམས་དཔའི་འབྱེད་ཐིག་གོ། །ཕོ་བྲང་བརྒྱད་ལ་རིགས་རྣམ་ཐིག་ཚངས་གདབ། །དབུས་ཀྱི་གདུང་ནང་ཚངས་ཐིག་གཡས་གཡོན་ནས། །སོར་བཞི་འཇལ་ནས་འགྲུས་ཀྱི་ཐིག་བཞི་གདབ། །འགྲུས་ཐིག་སྟེང་ནས་ཕོ་བྲང་ཐིག་བཞི་གདབ། །ཕྱི་རུ་དྲུག་ཁུག་ལྔ་བབ་བྱས། །བརྩིགས་ཐིག་དཀར་པོ་ཕྱོགས་རེར་ལྔ་ལྔ་གདབ། །ཕྱིའི་སྒོ་ཐིག་བརྒྱད་ཀྱང་དཀར་པོ་གདབ།  །གཙང་ཁང་ནང་དུ་ཤར་དུ་སྒོ་ཐིག་གཉིས།  །ཕོ་བྲང་དགུ་ལ་ཚངས་ཐིག་དབུས་དྲངས་ནས། །སོར་གསུམ་སོར་བཞི་ཚད་དུ་གཉིས་གཉིས་བསྐོར། །དེ་ལྟར་ཐིག་རྣམས་མ་ནོར་གསལ་བར་གདབ། །

གཉིས་པ་ཚོན་གྱིས་བཀྱེ་ལུགས་གསལ་བར་བསྟན་པ་ནི། དབུས་ཀྱི་ལྟེ་བ་མཐིང་ལ་ཟེར་དྲུག་བསྐོར། །ཕྱི་རིམ་པད་མ་འདབ་བརྒྱད་གཉིས་གཉིས་ཕྱོགས་ཚོན་བྱ། །གོང་རས་བརྒྱད་ལ་མཛེས་ཚོན་བླང་། །གྲུ་ཆད་མཐིང་ལ་མེ་ཏོག་ཤིང་ལོ་བྲིས། །ཕྱི་རིམ་ཕྱོགས་ཚོན་འཁྱམས་ཁང་ལྟེ་བ་བྲིས། །ལྟེ་བ་ཁ་ཅིག་ལྷ་དང་སྦྱར་གསུངས་ཀྱང་། །ལྟེ་བ་ཕྱོགས་བཞི་ཕྱོགས་འོད་མཚམས་བཞི་སེར་པོ་བྱ། །ཕྱི་རིམ་པད་མ་འདབ་བརྒྱད་རིགས་རྣམ་ཕྱོགས་ཀྱི་འོད། །གྲུ་ཆད་སེར་ལ་མེ་ཏོག་ཤིང་ལོ་བྲིས། །གདུང་བརྩེགས་སྒོ་ལྔ་ཕག་སྒོ་ཀློང་རྒྱས་ལྟར། །ཀ་བ་སེར་ཏེ་ཕྱི་འཁྱམས་ལ་ནི་བརྒྱད། །གཙང་ཁང་ལ་བཞི་ཀ་གཞུ་དངུལ་ཏེ་སྔོ། །སྒོ་སྟེང་མཆོད་རྟེན་ལ་ནི་རིམ་བཞིན་ཕྱོགས་འོད་འབར། །བང་རིམ་དཀར་ལྗང་དམར་སྔོ་བཞི་ཡིས་བརྒྱན། །མགུལ་ཆུ་སེར་ལ་བྲེ་དང་བུམ་པ་དཀར། །འཁོར་ལོ་དམར་ལ་བྱ་རུ་ཆར་ཁེབ་སྔོ། །ཏོག་བཞི་སེར་ལ་དར་རྒྱན་གཞའ་ཚོན་འོད། །ཟླ་གམ་ཕྱོགས་འོད་ཟངས་ལྕགས་དམར་དང་སྔོ། །རླུང་གིས་འདེགས་ཤིང་ཤིང་ལོ་མཛེས་པར་བྱ། །ཟངས་རི་མཆོད་རྟེན་བཅུ། མུན་པའི་སྒོ་བཞི་ཁ་དོག་རང་སར་བཞག །དེ་དག་མ་ནོར་ལྷག་ཆད་མེད་པ་ལ། །ས་བོན་ཡིག་འབྲུ་དབུས་སུ་བསྭོ་ཡིག་ལྗང་སྟེང་ཁྱུང་། །གཡས་གཡོན་ཡེ་ལམ་ཟུང་གཉིས་བཀོད། །གཙང་ཁང་ཤར་ལྷོ་བསྭོ་ཡིག་དམར་ནག་ལ། །ཕྱི་འཁྱམས་པད་མ་འདབ་བརྒྱད་ཤར་དབུས་སཾ་ཡིག་སེར། །བྱང་ཤར་སྲི་དམར་བྱང་དབུ་ཨ་ཡིག་དཀར། །བྱང་ནུབ་ཧྲི་སེར་ནུབ་དབུས་ཕུ་ཡི་སེར། །ལྷོ་ནུབ་ཏྲམ་སྔོ་ལྷོ་དབུས་ཀྵ་ཡིག་སེར། །ལྷོ་ཤར་དབུས་ཀྵ་ཡིག་དམར་སེར་ལ། །སྒོ་བཞི་རིམ་བཞིན་ཀྲི་ཁྲི་ཏར་དར་བཞི། །དེ་ལྟར་གསལ་བར་གདན་དང་ས་བོན་བཀོད། །

ཀུན་གསལ་རྒྱས་པའི་ཐིག་ཚོན་ནི། ཐིག་གདབ་དང་པོའི་ས་བཅད་ལ། །མཐའ་ཐིག་བཞི་དང་ཚངས་ཐིག་བཞི། །འགྲུས་ཐིག་བཞི་དང་ཆ་ཆེན་བརྒྱད། །དེ་ལ་འགྲུས་ཐིག་གདབ་ལུགས་ནི། །རྨིང་ཐིག་དབུས་ཀྱིས་འདུས་ཐིག་བར། །གསུམ་ཆེན་བཅད་ནས་འགྲུས་བཞི་གདབ། །འགྲུས་ཐིག་སྟེང་དུ་ཐིག་བཞི་གདབ། །དེའི་ནང་དུ་ཆ་ཆེན་ཚངས། །ཕྱི་རིམ་ཕྱོགས་རེ་གཉིས་གཉིས་གདབ། །དེ་ལ་རྣམ་བུ་གསུམ་གསུམ་འབྱུང་།།ནང་དུ་ཆ་ཆེན་འབྱེད་ཐིག་ནི། །འགྲུས་ཐིག་ཚངས་ཐིག་ཚན་གཉིས་གདབ། །དེ་ལ་ཆ་ཆེན་བརྒྱད་དུ་འབྱུང་། །ཆ་ཕྲན་བཅུ་དྲུག་གསེབ་ལ། །འགྲུས་ཚངས་གསུམ་རེ་གདབ་པར་བྱ། །དེ་ལ་བཤགས་ཐིག་གདབ་ལུགས་ནི། །མཐའ་ཐིག་བཞི་ལ་ཆ་གཉིས་དང་། །དེ་ནི་ཟངས་ལྕགས་ར་བའི་མིན་ཚད། །དེའི་ནང་མ་ཕྱི་གླིང་བཞག །དེའི་ནང་གིས་ཐིག་ཆ་ལ། །བཞི་ཆ་བཅད་ལ་ཐིག་བཞི་གདབ། །དེ་ནི་སྐྱེད་མོས་ཚལ་ཆེན་ཐིག །དེའི་ནང་གི་ཐིག་བར་ལ། །ཕྱོགས་རེ་རེ་བཤགས་ཐིག་བཞི་བཞི་གདབ། །དེ་ནས་ནང་གི་ཚངས་ཐིག་དབུས་ནས་ནི། །ཆ་ཕྲན་བཞི་པའི་ཕན་ཆད་ལ། །དྲུག་གམ་བདུན་དུ་བསྐོར་བར་བྱ། །དེ་ནས་ནང་གི་ཆ་ཕྲན་ལ། །དེ་ལ་བཤགས་ཐིག་བཞི་བཞི་ནི། །བར་དུ་ཆ་ཕྲན་གཉིས་གཉིས་བཞག །ཆ་ཕྲན་གཉིས་གཉིས་བཤགས་པར་བྱ། །དེ་ནས་ནང་སྒོ་བཅུ་གཉིས་ཐིག་གདབ་ནི། །ནང་ཐིག་ཚངས་ཐིག་གཡས་གཡོན་ནས། །ཆ་ཕྲན་རེ་ལ་དྲུག་དྲུག་གདབ། །དེ་ནས་ཕྱིའི་སྒོ་ཐིག་རིགས་རྣམ་ནས། །ལྕགས་རི་བར་དུ་གྲུ་བཞི་བཅད། །ཤར་ལྷོ་ནུབ་བྱང་བཅོ་ལྔ་གདབ། །དེ་ལ་ཆ་ཕྲན་བཅུ་དྲུག་ཕྱེད། །ཆ་ཕྲན་འབྱེད་ཐིག་གོང་དང་མཚུངས། །

དེ་ནས་ཚོན་གྱིས་འབྱེད་ལུགས་ནི། །དབུས་ཀྱི་ལྟེ་བ་དཀར་པོ་ལ། །འོད་ལྔ་ཟེར་དྲུག་བསྐོར་བར་བྱ། །སྐུའི་པད་མ་སེར་པོ་བཞི། །གསུང་གི་པད་མ་དམར་པོ་བརྒྱད། །ཐུགས་ཀྱི་པད་མ་སྔོན་པོ་བཅུ་དྲུག ཡོན་ཏན་པད་མ་ལྗང་ཁུ་སོ་གཉིས་དང་། །འཕྲིན་ལས་སྣ་ཚོགས་ལྔ་བཅུ་གཉིས། །གོང་རས་རྣམས་ནི་ནག་པོ་བྱ། །གྲུ་ཆད་སེར་ལ་རིན་ཆེན་བཀོད། །རིགས་རྣམ་ཕྱོགས་འོད་རིམ་གསུམ་མཚུངས། །དེ་ལ་རིགས་རྟགས་བཞི་ཡིས་བརྒྱན། །དེ་རྒྱབ་སྒོ་བཞི་ཕྱོགས་ཀྱི་མདོག །འབྱུང་ལྔ་རིན་ཆེན་བརྩེགས་པའི་ཆ། །སྔོ་ལ་ཡ་གད་ནམ་མཁའི་མདོག །ནག་ལ་དྲྭ་བ་དྲྭ་ཕྱེད་དང་། །དམར་ལ་གཞའ་ཚོན་དར་བུ་ཁད། །སེར་ལ་རིན་ཆེན་སྐྱེད་མོས་ཚལ། །འཁྱམས་ཀྱི་སྒོ་བཞི་སེར་པོ་བྱ། །དེ་ལ་ལྷ་གདན་པད་མ་ནི། །འཁྱམས་ཁང་ཕྱི་ནང་བར་གསུམ་ལ། །ནང་མ་འདབ་བཞི་བརྒྱ་རུ་འགྱུར། །བརྒྱད་ནི་ནང་གི་སྒོ་འགྲམ་བརྒྱད་ལ་བརྟེན། །བར་མ་པད་མ་འདབ་བརྒྱད་དེ་སུམ་བརྒྱ་དང་། །ཉེར་བཞི་འགྱུར་ཏེ་བཞི་བཅུ་གོང་དང་མཚུངས། །མཐའ་ལ་གྲངས་མེད་བྲིས་པའོ། །པད་མ་རྣམས་ཀྱི་ལྟེ་བ་དཀར། །ནང་མ་འདབ་བཞི་སེར་པོ་བྱ། །ཕྱི་རིམ་འདབ་བརྒྱད་མཛེས་ཚོན་བསྣམས། །གཉིས་གཉིས་ཕྱོགས་ཚོན་བྱ། ནང་སྒོ་བཅུ་གཉིས་འབྲི་ཚུལ་ནི། །གཡས་གཡོན་དང་པོ་སྒོ་ཞེང་ཚད། །གཉིས་དང་གསུམ་ནི་འགྲམ་དང་འཁྱུད། །བཞི་ལྔ་བརྩེགས་པ་ནམ་མཁའ་སྟོང་དྲུག་ཀ་བ་མཛེས་པར་བྲིས། །སྒོ་གོང་དང་རྟ་བབ་བང་རིམ་བཞི། །དཀར་ལྗང་དམར་སྔོ་མགུལ་ཆུ་སེར། །བུམ་པ་བྲེ་དཀར་འཁོར་ལོ་དམར། །བྱུ་རུ་ཆར་ཁེབ་སྔོན་པོ་ལ། །ཏོག་སེར་བྱ་གྲི་དར་དཔྱང་ལྡན། །ཕྱིའི་སྒོ་ཕུག་ནང་མ་སླེབ། །དེ་ནས་ཕྱི་སྒོ་བྲི་ཚུལ་ནི། །དང་པོ་རིན་ཆེན་བརྩེགས་པའི་ཆ། །གཉིས་དང་གསུམ་ནི་སྒོ་ལོག་དང་། །བཞི་ལྔ་འགྲམ་འཁྱུད་ཕྱོགས་ཀྱི་འོད། །དྲུག་པ་བརྩེགས་པས་བསྐོར་བར་བྱ། །མུན་པ་ནམ་མཁའ་སྟོང་པ་སྔོ། །བརྒྱད་ནས་བཅུ་གཉིས་རྟ་བབ་ནི། །དཀར་ལྗང་དམར་སྔོ་རིམ་པ་ལ། །གཡུང་དྲུང་འཁོར་ལོ་པད་མ་དང་། །རིན་ཆེན་རིགས་ཀྱིས་བརྒྱན་པར་བྱ། །བཅུ་གཉིས་དཀར་ལ་དྲྭ་བ་དམར་ལྗང་བརྒྱན། །བཅུ་གསུམ་མཐིང་གུར་སྔོན་པོའི་སྟེང་། །གཡས་གཡོན་ཁྱུང་དང་ཤ་རས་བརྒྱན། །བཅུ་བཞི་བཅོ་ལྔ་གདུགས་ཚད་ནི། །ནང་མ་རྣམས་དང་མཚུངས་པར་བྱ། །ཕྱི་ཡི་གླིང་བཞི་སེར་པོའམ། །ཕྱོགས་འོད་བྱ་ལ་རིན་ཆེན་བསྐོར། །ཟངས་ལྕགས་སྒོ་བཞི་ཕྱོགས་འོད་དེ། །ཟངས་རི་དམར་ལ་མཆོད་རྫས་བྲི། །ལྕགས་རི་སྔོ་ལ་གཡུང་དྲུང་ངོ། །

དེ་ལྟར་རྒྱས་པའི་དཀྱིལ་འཁོར་ལ། །ས་བོན་འབྲུ་བཀོད་དབུས་སུ་ཨཱོྃ། །ཕྱོགས་བཞི་ས་ཧ་ནི་རི་བཞི། བརྒྱད་ལ་མ་བ་མ་དེ་དང་། །མ་ཧི་མོ་ཧ་བརྒྱད་དུ་བཀོད། །ཕྱི་རིམ་གཉིས་ལ་མ་གཉིས་བཀོད། །ཕྱི་རིམ་ཨ་ཡིག་རེ་རེ་བཀོད། །

མུ་ཏྲ་ལྷའི་ཐིག་ཚོན་ནི། དང་ལ་མཐའ་ཐིག་བཞི་དང་ཚངས་ཐིག་བཞི་གདབ། དབུས་ནས་དྲངས་ལ་རིམ་གསུམ་བསྐོར། །ནང་མའི་སོ་ནས་ཐིག་བཞི་གདབ། །དེ་ནས་ཕྱི་ཡི་ཚངས་ཐིག་ནས། །འགྲུས་ཀྱི་ཐིག་བཞི་གདབ་པར་བྱ། །འགྲུས་ཐིག་སྟེང་ནས་ཐིག་བཞི་དམར། །ཕྱི་རིམ་དཀར་ཐིག་ལྔ་ལྔ་གདབ། །ནང་དུ་སོར་གཅིག་སོར་གཉིས་ཚད། །དེ་ལ་ཐིག་བཞི་དམར་པོ་གདབ། །མཆོད་རྟེན་ཕྱི་མ་དབུས་འབྱུང་ངོ། །ནང་གི་ཚངས་ཐིག་གཡས་གཡོན་ནས། །བརྒྱད་ཁུག་བདུན་བབ་བྱས་ལ། དམར་པོ་ཐིག་བདུན་གདབ་པར་བྱ། །དེ་ལ་ཆ་ཆེན་བཅུ་དྲུག་འབྱུང་། །ཆ་ཆེན་རེ་རེའི་ནང་བར་ལ། །དཀར་ཐིག་ལྔ་ལྔ་གདབ་པར་བྱ། །དེ་ལ་ཆ་ཕྲན་དྲུག་དྲུག་འབྱུང་། །ཕྱི་ཡི་སྒོ་བཞི་རིགས་རྣམས་ནི། །ལྕགས་རི་བར་དུ་གྲུ་བཞིར་བཅད། །ཤར་ནུབ་ལྷོ་བྱང་བཅོ་ལྔ་གདབ། །དེ་ལ་ཆ་ཕྲན་བཅུ་དྲུག་འབྱུང་། །

དེ་ལ་ཚོན་གྱིས་བཀྱེ་ལུགས་ནི། ཚངས་ཐིག་གཡས་གཡོན་ནས། ཆ་ཆེན་གསུམ་པའི་ཚུན། །བསྐོར་ཐིག་རིམ་པ་གཉིས་སུ་བསྐོར། །དབུས་ཀྱི་བུམ་པ་སེར་པོར་བྱ། །བུམ་གདན་འདབ་བཞི་ཕྱོགས་ཚོན་བྱ། །ཕྱི་རིམ་ཆ་ཕྲན་བཞི་བཞི་ལ། །བང་རིམ་བཞི་བཞི་ཕྱོགས་འོད་དེ། །གྲུ་ཆད་རྣམས་ནི་སེར་པོར་བྱ། །དེ་ནས་ཆ་ཆེན་གཉིས་པ་ལས། །རིགས་རྣམས་ཕྱོགས་འོད་རིགས་རྟགས་བརྒྱན། །སྒོ་བཞི་ཕྱོགས་འོད་མཛེས་ཚོན་བྱ། །དང་པོ་རིན་ཆེན་བརྩིགས་པའི་ཆ། །གཉིས་དང་གསུམ་དང་སྒོ་ལོག་དང་། །བཞི་ལྔ་འགྲམ་འཁྱུད་ཕྱོགས་ཀྱི་འོད། །དྲུག་པ་བརྩིགས་པའི་བསྐོར་བར་བྱ། །བདུན་པ་ནམ་མཁའ་སྟོང་པ་སྔོ། །ཕྱིའི་ཆ་ལ་བསླང་བར་བྱ། །གཡས་གཡོན་ཀ་བ་མཛེས་པར་བྱ། །བརྩིགས་པའི་ཕྱིར་རིམ་འདོད་ཡོན་དམར། །ཕྱི་ཡི་ཡ་གད་དྲྭ་བ་སེར། །ཕྱི་རིམ་གཞའ་ཚོན་དར་བུ་ཁད། །དེ་ལ་ཆ་ཆེན་གསུམ་པ་ལ། །བརྒྱད་ནས་བཅུ་གཅིག་རྟ་བབ་ནི། །ལྗང་དམར་སྔོ་སེར་རིམ་པ་ལ། །འཁོར་ལོ་རིན་ཆེན་པད་མ་དང་། །གཡུང་དྲུང་རིགས་ཀྱི་བརྒྱན་པར་བྱ། །བཅུ་གསུམ་མཐིང་གུར་སྔོན་པོའི་སྟེང་། །གཡས་གཡོན་ཁྱུང་དང་ཤ་ར་ནི། །བཅུ་བཞི་བཅོ་ལྔ་གདུགས་སེར་ནི། །ཕྱི་ཡི་མཆོད་རྟེན་སྟེང་དུ་བྲི། །གཡས་གཡོན་ཕྱོགས་འོད་ལ། །རིན་པོ་ཆེ་ཡི་ལྗོན་ཤིང་དང་། །ལྷ་ཡི་བུ་དང་སེང་གེ་དང་། །གཡུ་འབྲུག་ཆུ་སྲིན་ལ་སོགས་བྲིས། །དེ་ནས་ཆ་ཆེན་བཞི་པ་ལ། །མཆོད་རྟེན་གསུམ་གསུམ་བྲི་བ་སྟེ། །ཆ་ཕྲན་རེ་རེ་རྐྱང་པ་ལ། །བང་རིམ་དཀར་ལྗང་དམར་སྔོ་བཞི། །མགུར་ཆུ་འོག་མའི་ཆ་ལ་སླང་། །ཆ་ཕྲན་གཉིས་ལ་བུམ་པ་དཀར། །བྲེ་སྲོག་འཁོར་ལོ་གདུགས་ཏོག་རྣམས། །ཕྱི་ཡི་མཆོད་རྟེན་གཉིས་གཉིས་བར། །དར་དཔྱང་ལྡན་པར་བྲི། དེ་བཞིན་ཆ་ཆེན་ལྔ་ལ་བཞི། །དྲུག་ལ་ལྔ་སྟེ་བདུན་ལ་དྲུག །བརྒྱད་ལ་བདུན་ཏེ་ཕྱོགས་རེ་ལ། །ཉི་ཤུ་རྩ་ལྔ་རྩ་ལྔ་སྟེ། །བརྒྱད་པོའི་འབྲི་ལུགས་གཅིག་ཏུ་འབྱུང་། །ཟུར་བཞི་གྲུ་ཆད་སེར་པོར་ཏེ། །གཞི་མ་རྣམས་ནི་ནག་པོ་བྱ། །རིགས་རྣམས་ཕྱོགས་འོད་རིགས་རྟགས་བརྒྱན། །སྒོ་དང་བརྩིགས་པའི་ཕྱི་གླིང་སོགས། །སྔ་མ་བཞིན་དུ་མཛེས་པར་བྲིས། །ཟངས་རི་དམར་ལ་མཆོད་རྫས་དང་། །མུ་ཁྱུད་སྔོ་ལ་མཆོད་རྟེན། །ཕྱི་རིམ་གྲུ་ཆད་སེར་པོ་ལ། །བུམ་པ་ཤིང་ལོས་བརྒྱན་པར་བྱ། །

རྒྱལ་འདུས་ཨ་གསལ་ཐིག་ཚོན་ནི། མཐའ་ཐིག་བཞི་དང་ཚངས་ཐིག་བཞི་གདབ། དབུས་དྲངས་སོར་གཉིས་ཚད་དུ་རིམ་གསུམ་བསྐོར། །བསྐོར་ཐིག་བར་མའི་སོ་ནས་ཐིག་བཞི་དམར། །ཕྱི་ཡི་ཚངས་ཐིག་སོ་ནས་གྲུ་བཞིར་གདབ། །རྒྱ་གྲམ་སྟེང་ན་ཕོ་བྲང་ཐིག་བཞི་དམར། །ཕྱི་རིམ་ཕྱོགས་རེ་དཀར་ཐིག་བཞི་བཞི་གདབ། །ཕོ་བྲང་དུ་ཟླུམ་ཐིག་རིམ་གསུམ་བསྐོར།

དེ་ནས་ཚོན་གྱི་བཀྱེ་ཐབས་ནི། དབུས་ཀྱི་ལྟེ་བ་དཀར་པོ་འོད་ལྔས་བསྐོར།  །ཕྱི་རིམ་ཕྱོགས་བཞི་པད་མ་ཕྱོགས་ཚོན་བྱ། །མཚམས་བཞི་སེར་ལ་གོང་རས་མཛེས་ཚོན་བྱ། །གྲུ་ཆད་ཕྱོགས་འོད་ཕྱི་རིམ་འབྱུང་བརྩེག་སྟེ། །འདོད་ཡོན་དམར་ལ་ཡ་གད་ནམ་མཁའི་མདོག །དྲྭ་ཕྱེད་སྔོ་ལ་གཞའ་ཚོན་དར་བུ་ཁད། །སྒོ་བཞི་ཕྱོགས་འོད་ཀ་བ་མཛེས་ཚོན་བྲི། །སྒོ་སྟེང་རྟ་བབ་དཀར་ལྗང་དམར་སྔོ་སེར། །ཁྱུང་གུར་ཁྱུང་མགོ་གདུགས་ཏོག་དར་དཔྱང་ལྡན། །འཛམ་གླིང་ཕྱོགས་འོད་རླུང་གིས་འདེགས། །ཟངས་རི་ལྕགས་རི་དམར་སྔོ་མེ་རི་ཆུ་འབྲུག་བྱ། །ཕྱི་རིམ་གྲུ་ཆད་དཀར་ལ་གཡུང་དྲུང་བྲི། །

དེ་ནས་ས་བོན་ཡིག་འབྲུ་བཀོད་པ་ནི། དབུས་སུ་ཨཱོྃ་རིང་གཡས་གཡོན་གཉིས་ལ་མ་རེ་བཀོད། ལྷོ་དང་བྱང་ཨ་ཐུང་གཉིས། ཤར་དང་མཚམས་ལ་དཀར་དང་ས་ལེ་འོད། །ནུབ་དང་མཚམས་ལ་ཨ་ཡཾ་ཨཱོྃ་འདུ་བྲིས། སྒོ་བཞི་ལ་མ་བཞི་བཀོད་པར་བྱ།

དབལ་གསས་ལས་རིམ་ཐིག་ཚོན་ནི། མཐའ་ཐིག་བཞི་དང་ཚངས་ཐིག་བཞི་གདབ། དབུས་ནས་དྲངས་སོར་བཞིའི་ཚད་དུ་རིམ་གསུམ་བསྐོར། བསྐོར་ཐིག་བར་མའི་སོ་ནས་ཐིག་བཞི་དམར། །ཚངས་ཐིག་གཡས་གཡོན་སོར་བཞི་འཇལ་ལ་སྒོ་ཡི་ཐིག་བཞི་གདབ། །སྒོ་ཐིག་སོ་ནས་འགྲུས་ཀྱི་ཐིག་བཞི་གདབ། །གཡས་གཡོན་སོར་བཞི། རྒྱ་གྲམ་སྟེང་ནས་ཕོ་བྲང་ཐིག་བཞི་དམར། །ཕོ་བྲང་ནང་དུ་ཐོད་འགྲམ་ཐིག་བཞི་གདབ། །ཕྱི་རིམ་སུམ་ཁུག་གཉིས་བབ་དམར་ཐིག་གདབ། །བར་དུ་དཀར་ཐིག་ཕྱེ་མ་ཆེ་བར་གཤག །སྒོ་ཐིག་གཡས་གཡོན་གསུམ་པ་མཉམ་པོར་བགོ། །ཡང་ན་ནང་དུ་ཕོ་བྲང་སུམ་ཁུག་གཉིས་བབ་བྱ་ལ་གདུང་ཐིག་གདབ། །ཕྱོགས་རེ་དམར་ཐིག་གཉིས་གཉིས་ཐིག་བརྒྱད་གདབ། །གཡས་གཡོན་ཕྱི་མ་རྐྱང་དུ་བཞག་ལ་གདུང་ཐིག་ནང་། །སོར་གཅིག་ཚད་ལ་དཀར་ཐིག་རེ་རེ་བསྐྱོར། །དམར་ཐིག་རྐྱང་དུ་ཕྱི་ཡི་གཡས་གཡོན་ནས། །ཟླུམ་ཐིག་རིམ་པ་གཉིས་སུ་བསྐོར་བར་བྱ། །དབུས་ཀྱི་གདུང་ནང་ཟླུམ་ཐིག་རིམ་གསུམ་བསྐོར། །

ད་ནི་ཚོན་གྱི་བཀྱེ་ཐབས་ནི། དབུས་ཀྱི་གྲུ་སུམ་མཐིང་ནག་ཟླ་གམ་དམར་པོ་ཟླ་གམ་དམར་ལ་མེ་རི་བྲིས། །དེ་རྒྱབ་དཀར་ཟླུམ་དམར་སེར་ཉི་ཟླའི་གདན། །ཕྱི་རིམ་ཟུར་བཞི་གྲུ་ཆད་ལྗང་ཁུ་སྟེ། །གདུང་བཞི་མཐིང་ཀ་ལ་སྲིན་པོའི་མགོ་གཟུགས་བྲི། དེ་རྒྱབ་འཁོར་ལོ་རྩིབས་བཞི་ཕྱོགས་ཚོན་བྱ། །གོང་རས་སེར་ཏེ་འཁོར་ལོ་རྩིབ་བརྒྱད་དམར། །གོང་རས་མཛེས་ཚོན་གྲུ་ཆད་སེར་པོ་བྱ། །ཕྱི་རིམ་ནག་ལ་ཐོད་འགྲམ་འབྱུང་བརྩེག་སྟེ། །སྒོ་བཞི་ཕྱོགས་འོད་རུས་སྦལ་ཀ་གདན་ཏེ། །སྲིན་པོ་ཀ་བ་ཀྱོག་དང་ཀ་གཞུ་སྒེག །བརྩིག་པའི་ཕྱི་རིམ་འདོད་ཡོན་དྲྭ་བ་ཕྱོགས། །ཡ་གད་སྔོ་ལ་དྲྭ་ཕྱེད་ཟ་ར་ཚག །ཕྱི་རིམ་སྣ་ཚོགས་སྤེལ་མ་དར་བུ་ཁད། །དེ་ནས་བར་འཁྱམས་དམར་པོ་བྲི། །སྒོ་སྟེང་རྟ་བབ་དཀར་ལྗང་དམར་སྔོ་སེར། །ཁྱུང་གུར་ཁྱུང་མགོ་གདུགས་ཏོག་དར་དཔྱང་ལྡན།  །ཟླ་གམ་འཛམ་གླིང་ཕྱོགས་འོད་རླུང་གིས་འདེགས།  །ཟངས་ལྕགས་དམར་སྔོ་མེ་རི་ཆུ་འབྲུག་བྱ།  །ཕྱི་རིམ་གྲུ་ཆད་ཕྱོགས་འོད་རིགས་རྟགས་བརྒྱན། །

དེ་ལ་ས་བོན་ཡིག་འབྲུ་བཀོད་པ་ནི། མཐིང་ནག་གྲུ་གསུམ་ལ་ཨ་མ་ཟུང་གསུམ་བཀོད། འཁོར་ལོ་བཞི་ལ་ཨ་མ་ཟུང་བཞི་བཀོད། །འཁོར་ལོ་བརྒྱད་ལ་རམ་བརྒྱད་བྲི་བར་བྱ། །སྒོ་བཞི་ལ་ཛ་བཞི་བཀོད་པར་བྱ། བར་འཁྱམས་ལ་མ་ཛ་བཧྱོ་དགུ་དགུ་བྲིས། ཕྱི་རིམ་ལ་ཧ་བཅུ་ཞ་བཞི་བཀོད་པར་བྱ།

ཞི་བ་གཡུང་དྲུང་ཡོངས་རྫོགས་ཐིག་ཚོན་ནི། མཐའ་ཐིག་བཞི་དང་ཚངས་ཐིག་བཞི་གདབ། དབུས་སུ་དྲངས་ཏེ་སོར་གཉིས་ཚད་ལ་རིམ་གསུམ་བསྐོར། །བསྐོར་ཐིག་བར་མའི་སོ་ནས་ཐིག་བཞི་དམར། །ཚངས་ཐིག་གཡས་གཡོན་སྒོ་ཡི་ཐིག་བཞི་གདབ། །སྒོ་ཐིག་སོ་ནས་འགྲུས་ཀྱི་ཐིག་བཞི་གདབ། །འགྲུས་ཐིག་སྟེང་ནས་ཕོ་བྲང་ཐིག་བཞི་དམར། །ཕྱི་རིམ་བཞི་ཁུག་གསུམ་བབ་དམར་ཐིག་གདབ། །ཕྱི་མ་གསུམ་པོ་དཀར་ཐིག་རེ་རེ་ནི། །གསུམ་གཉིས་ནང་ལ་གསུམ་ཆ་ཕྱིར་བོར་བཤག །ཕོ་བྲང་ནང་དུ་སུམ་ཁུག་གཉིས་བོར་བཀོད། །དམར་ཐིག་བཞི་གདབ་དཀར་ཐིག་རེ་རེ་སྐྱོར། །གསུམ་ཐིག་གདུང་ཆེན་ནང་དུ་གླིང་དགུ་འབྱུང་། །ཕྱི་གླིང་བརྒྱད་ལ་འགྲུས་ཚངས་ཚན་གཉིས་གདབ། །དེ་དག་པད་མ་རྣམས་ཀྱི་འབྱེད་ཐིག་གོ། །གླིང་བསྐོར་དགུ་ལ་ཟླུམ་ཐིག་གཉིས་གཉིས་བསྐོར། །

གཉིས་པ་ཚོན་གྱི་བཀྱེ་ཐབས་ནི། དབུས་ཀྱི་ལྟེ་བ་དཀར། པད་མ་དཀར་ལ་གོང་རས་མཛེས་ཚོན་བྱ། །གྲུ་ཆད་དཀར་ལ་གཡུང་དྲུང་རིགས་ཀྱིས་བརྒྱན། །ཤར་གླིང་ལྟེ་བ་དཀར་ལ་པདྨ་སེར། །གྲུ་ཆད་སེར་ལ་གཡུ་དྲུང་རིས་སུ་བྲིས། །བྱང་གི་ལྟེ་བ་དཀར་ལ་པདྨ་ལྗང་། །གྲུ་ཆད་ལྗང་ལ་གཡུང་དྲུང་རིགས་ཀྱིས་བརྒྱན། །ནུབ་ཀྱི་ལྟེ་བ་དཀར་ལ་པདྨ་དམར། །གྲུ་ཆད་དམར་ལ་གཡུང་དྲུང་རིགས་རྟགས་ཀྱིས་བརྒྱན། ལྷོ་ཡི་ལྟེ་བ་དཀར་པད་མ་ལྗང་གྲུ་ཆད་སྔོ་ལ་གཡུང་དྲུང་རིགས་ཀྱིས་བརྒྱན། ལྷོ་ཤར་ལྟེ་བ་རིན་ཆེན་པད་མ་ཕྱོགས། །གྲུ་ཆད་ཕྱོགས་ལ་མེ་ཏོག་བཀོད། །བྱང་ཤར་ལྟེ་བ་རིན་ཆེན་པད་མ་ཕྱོགས། །གྲུ་ཆད་ཕྱོགས་ལ་ཨུ་དུ་འབར་བ་བརྒྱན་པར་བྲིས། །བྱང་ནུབ་ལྟེ་བ་རིན་ཆེན་པད་མ་ཕྱོགས། །གྲུ་ཆད་ཕྱོགས་ལ་མཁའ་ལྡིང་གཤོག་ཐོག་བྲིས། །ལྷོ་ནུབ་ལྟེ་བ་རིན་ཆེན་པད་མ་ཕྱོགས། །གྲུ་ཆད་ཕྱོགས་ལ་མེ་ཏོག་ཨུ་དཔལ་བཀྲམ། །གདུང་བཞི་མཐིང་ལ་དྲེགས་པའི་མགོ་གཟུགས་བྲིས། །ཕྱི་རིམ་རྣམ་བུ་དམར་ལ་མེ་རི་བྲི། །དེ་རྒྱབ་ཕྱོགས་ལ་གཡུང་དྲུང་ཐོད་འགྲམ་སྤེལ། །སྒོ་བཞི་ཕྱོགས་འོད་འབྱུང་ལྔ་བརྩེགས་པས་བསྐོར། །འདོད་ཡོན་དམར་ལ་ཡ་གད་ཕྱོགས་འོད་འབར། །དྲྭ་ཕྱེད་སྔོ་ལ་སྣ་ཚོགས་དར་བུ་ཁད། །སྒོ་ཡི་གཡས་གཡོན་ཀ་བ་ལྡན་པར་བྲིས། །བང་རིམ་དཀར་ལྗང་དམར་སྔོ་མགུལ་ཆུ་སེར། །བྲེ་བུམ་འཁོར་ལོ་གདུགས་ཏོག་དར་དཔྱང་ལྡན། །ཟླ་གམ་ཕྱོགས་འོད་རླུང་གིས་འདེགས། །ཟངས་རི་མེ་འབར་ལྕགས་རི་ཆུ་འབྲུག་བྱ། །ཕྱི་རིམ་གྲུ་ཆད་ཕྱོགས་འོད་རིགས་རྟགས་བརྒྱན། །

གསུམ་པ་ས་བོན་ཡིག་འབྲུ་བཀོད་པ་ནི། དབུས་ཀྱི་ལྟེ་བ་ཨ་དཀར་ཕྱི་རིམ་དུ། བྱང་ཨ་ནུབ་ཕ་ལྷོ་བ་ཤར་གླིང་ལྟེ་བ་ཨཱོྃ་སེར་ཕྱི་རིམ་དུ། ལྷོ་ས་ཤར་ཤ་ནུབ་ར་བྱང་གི་ལྟེ་བ། ཨཱོྃ་ལྗང་ཕྱི་རིམ་དུ་ཤར་ཀ་བྱང་ཁ་ནུབ་ག་ལྷོ་ང་ནུབ་ཀྱི་ལྟེ་བ་ཨཱོྃ་དམར་སེར་ཕྱི་རུམ་དུ། བྱང་དུ་ཛ་ནུབ་ཙ་ལྷོ་ཚ་ཤར་དུ་ལྭ་ལྷོ་ཡི་ལྟེ་བ་ཨཱོྃ་སྔོ་ཕྱི་རིམ་དུ། ནུབ་ཆ་ལྷོ་ཅ་ཤར་དུ་ཉ་བྱང་ཇ་ལྷོ་ཤར་ལྟེ་བ་ཧཱུྃ་སེར་ཕྱི་རིམ་དུ། ནུབ་དྭ་ལྷོ་ཐ་ཤར་ན་བྱང་ཏ་བྱང་ཤར་ལྟེ་ཧཱུྃ་སྔོ་ལྗང་ཕྱི་རིམ་དུ། ཤར་ཞ་བྱང་ཡ་ནུབ་ཟ་ལྷོ་རུ་འ་བྱང་ནུབ་ལྟེ་བ་ཧཱུྃ་དམར་ལྗང་ཕྱི་རིམ་དུ། བྱང་ཧུ་ནུབ་ཧི་ལྷོ་ཧོ་ཤར་དུ་ཧེ་ལྷོ་ནུབ་ལྟེ་བ་ཧཱུྃ་སྔོ་ཕྱི་རིམ་དུ། བྱང་ཧ་ནུབ་འོག་ལྷོ་ཤར་ཤད་ཤར་དུ་ཚིག་མེ་རི་ལ་ཧ་ཡིག་གེ་ཉི་ཤུ་བྲིས། སྒོ་བཞི་ལ་ཞ་བཞི་བཀོད་པར་བྱ།

ཁྲོ་བོ་ངོ་མཚར་རྒྱས་པའི་ཐིག་ཚོན་ནི། མཐའ་ཐིག་བཞི་དང་ཚངས་ཐིག་བཞི་གདབ། དབུས་སུ་དྲངས་ནས་སོར་གཉིས་ཚད་དུ་རིམ་གསུམ་བསྐོར། །བསྐོར་ཐིག་བར་མའི་སོ་ནས་ཐོག་བཞི་དམར། །ཚངས་ཐིག་གཡས་གཡོན་སོར་བཞི་འཇལ་བའི་ཚད། །དེ་ནས་སྒོ་ཡི་ཐིག་བཞི་གདབ་པར་བྱ། །སྒོ་ཐིག་སོ་ནས་འགྲུས་བཞི་གདབ། །རྒྱ་གྲམ་སྟེང་ནས་ཕོ་བྲང་ཐིག་བཞི་དམར། །ཕོ་བྲང་ནང་དུ་བརྩིགས་པའི་ཐིག་བཞི་གདབ། །ཕྱི་རིམ་ཕྱོགས་རེ་དམར་ཐིག་ལྔ་ལྔ་གདབ། །སྒོ་བཞི་གཡས་གཡོན་གསུམ་མཉམ་པོར་བཀོད། ཕྱོགས་རེ་རེ་ལ་དམར་ཐིག་གཉིས་གཉིས་གདབ། དེ་ནས་དཀར་གྱི་འབྱོར་ཐིག་གདབ་པ་ནི། ཕྱི་ནང་དུ་བགྲང་བའི་ཕྱོགས་རེ་ལ་དམར་ཐིག་རྐྱང་པ་དགུ་དགུ་འདུག་གདབ་པ་ནི། བཞི་དང་བརྒྱད་ལ་དམར་པོ་རྐྱང་དུ་བཞག ཕྱི་མ་བདུན་དུ་ཕྱི་རུ་བསྟན་པར་བྱ། བརྒྱད་པ་ནང་དུ་བཞག་ལ་གདུང་ཐིག་ནང་། སོར་གཅིག་ཚད་དཀར་ཐིག་རེ་རེ་བསྐྱོར། དམར་ཐིག་རྐྱང་དུ་ཕྱིའི་སྦག་སོ་ན། ཟླུམ་ཐིག་རིམ་པ་གཉིས་སུ་བསྐོར་བར་བྱ། དབུས་ཀྱི་གདུང་ནང་ཟླུམ་ཐིག་རིམ་པ་གཅིག་ཏུ་བསྐོར་བར་བྱ། 

དེ་ནས་ཚོན་གྱི་བཀྱེ་ལུགས་ནི། དབུས་ཀྱི་ལྟེ་བ་གྲུ་གསུམ་མཐིང་ནག་གློ་འབུར་དཀར། །སྐུ་གསུང་ཐུགས་ཀྱི་བརྩིགས་པ་སྦྲག་པར་བྱ། །ཟླ་གམ་དམར་ལ་དབང་གི་མེ་རི་བྲི། །གྲུ་ཆད་ལྗང་ཁུ་པད་མ་དམར་ལྗང་བརྒྱན། །གདུང་བཞི་མཐིང་ལ་དྲེགས་པའི་མགོ་གཟུགས་བྲི། །དེ་རྒྱབ་འཁོར་ལོ་རྩིབ་བཞི་ཕྱོགས་ཚོན་བྱ། །གོང་རས་གསེར་ལ་ཧ་ལོ་མཛེས་པར་བརྒྱན། །གཞི་མ་སེར་ལ་ཟླ་གམ་བརྒྱད་ལ་གཞད་བཞེད་པ་མང་ཡོད་ཀྱང་། །མུ་མེན་དཀར་ལ་རྔ་གཤང་སེར་པོས་ཏེ། གཡུ་བུན་སྔོ་ཀུན་གྲགས་ལྗང་ཁུའོ། །བྱིན་ཆེན་སེར་རྐྱ་ནམ་མཁའ་སྔོ་སྐྱའོ། །ཐོག་མེད་ལྗང་ནག་ཐིག་ལེ་དཀར་པོའོ།  །གོང་རས་མཛེས་པར་བྲི། གཞི་མ་དམར་གྲུ་ཆད་ཕྱོགས་འོད་ཤིང་ལོ་མཛེས་པར་བྱ། ཕྱི་རིམ་རིན་ཆེན་སྣ་ལྔའི་འབྱུང་རྩིག་བྲི། སྒོ་བཞི་ཕྱོགས་མདོག་ཀླུ་དང་དྲི་ཟའི་ཐིམ་སྦྱོར་གནོད་སྦྱིན་གཤེན་རྗེའི་འགེན་རྐྱེས་ཅན། གཡས་གཡོན་སྲིན་པོ་ཀ་བ་རུས་སྦལ་ཁྲ་བོའི་ཀ་གདན། འདོད་ཡོན་དམར་ལ་ཡ་གད་ཕྱོགས་འོད་དེ། །དྲྭ་ཕྱེད་སྔོ་ལ་གཞའ་ཚོན་དར་བུ་ཁད། །སྒོ་སྟེང་མཆོད་རྟེན་ཁྲི་འཕང་བང་རིམ་བཞི། །རེ་རེ་ལ་ཡང་མཆོད་རྟེན་རྫོགས་པར་བྲི། །མགུལ་ཆུ་སེར་ལ་བུམ་པ་མཐིང་ཁ་སྟེ། །འཁོར་ལོ་དམར་ལ་བྱ་རུ་ཆར་ཁེབ་སྔོ། །ཏོག་བཞི་སེར་ལ་བྱ་ཁྲི་དར་དཔྱང་བརྒྱན། །ཕྱི་སྒོའི་ནང་དུ་ཡོངས་སུ་རྫོགས་པར་བྱ། །བར་འཁྱམས་དམར་ལ་འཁོར་ལོ་ཉེར་བདུན་བྲིས། །དེ་རྒྱབ་མེ་རི་གྱད་རྣམས་ཕྱོགས་འོད་འབར། །ཕྱི་རིམ་འབྱུང་ལྔ་བརྩིགས་པ་བྲི། །སྒོ་བཞི་ཕྱོགས་འོད་ཀ་བ་ནང་མ་བཞིན། །འདོད་ཡོན་དམར་ལ་ཡ་གད་ཕྱོགས་འོད་དེ། །མདའ་གཞུ་དྲྭ་བ་བྲེ་ཆུ་དར་བུ་ཁད། །ཟླ་གམ་འཛམ་གླིང་ཕྱོགས་འོད་རླུང་གིས་འདེགས། །ཅོག་བཞི་བང་རིམ་དཀར་ལྗང་དམར་སྔོ་བཞི། །མགུལ་ཆུ་སེར་ལ་བྲེ་བུམ་ཕྱོགས་འོད་དེ། །འཁོར་ལོ་དམར་ལ་བྱ་རུ་ཆར་ཁེབ་སྔོ། །ཏོག་བཞི་སེར་ལ་བྱ་ཁྲི་དར་དཔྱང་ལྡན། །ཟངས་རི་ལྕགས་དམར་སྔོ་མེ་རི་ཆུ་འཁྱུག་འབྲུག་བྱ། །ཕྱི་རིམ་གྲུ་ཆད་ཕྱོགས་འོད་རིགས་རྟགས་བརྒྱན། །

དེ་ལ་ས་བོན་ཡིག་འབྲུ་བཀོད་པ་ནི། །ཕོ་བྲང་ལ་ཨ་མ་ཟུང་གཅིག་བྲིས། །འཁོར་ལོ་བཞི་ལ་ཨ་མ་རེ་རེ་བྲིས། །ཟླ་གམ་བརྒྱད་ལ་ཧ་རམ་ཟུང་བརྒྱད་བྲི། །ནང་སྒོ་བཞི་ལ་ཧ་ཛ་ཟུང་བཞི་བྲི། །གློ་འབུར་དཀར་ལ་ཧ་བ་ཟུང་གཅིག་བཀོད། །བར་འཁྱམས་ལ་མ་ཛ་བཧྱོ་དགུ་བྲི། གྱད་རྣམས་ལ་ནི་ཧ་ཧ་ཉི་ཤུ་རེ། །ཕྱི་སྒོ་བཞི་ལ་ཞ་བཞི་བཀོད་པར་བྱ། །

དབལ་ཕུར་ནག་པོའི་ཐིག་ཚོན་ནི། མཐའ་ཐིག་ཚངས་ཐིག་གདབ་ནས་ནི། །དབུས་ནས་དྲངས་ལ་རིམ་བཞི་བསྐོར། །གསུམ་པའི་སོ་ནས་ཐིག་བཞི་དམར། །ནང་དུ་སོར་དྲུག་འཇལ་ནས་ནི། །ཡང་གཅིག་ཐིག་བཞི་དམར་པོ་གདབ། །བར་དེར་སུམ་ཁུག་གཉིས་བབ་བྱ། །དམར་ཐིག་གཉིས་རེ་གདབ་པར་བྱ། །ནང་ཆེ་བ་དཀར་ཐིག་གཤག ཕྱོགས་རེ་རྣམ་བུ་དྲུག་དྲུག་འབྱུུང་། དེའི་ནང་སོར་རེ་ཚད་དུ་རིམ་གཉིས་བསྐོར། ནང་མའི་སོ་ནས་ཐིག་བཞི་དམར། །སོར་བཞི་ནང་དུ་འཇལ་ནས་ནི། །ཕྱོགས་རེ་དམར་ཐིག་རེ་རེ་གདབ། །དཀར་ཐིག་རེ་རེས་གཤག་པར་བྱ། །དམར་ཐིག་ནང་དུ་སོར་རེའི་ཚད་དུ་དཀར་ཐིག་རེ་རེ་གདབ། །དབུས་སུ་སྣེ་བསྣོལ་རྒྱ་མདུད་ནི། །འགྲུས་ཐིག་དམར་པོ་བཞི་གདབ་ལ། །ནང་དུ་དཀར་པོས་སོར་རེའི་སྐྱོར་བར་བྱ། །ཤར་ལྷོ་ནུབ་བྱང་ཟུར་ཐིག་དམར། །ནང་དུ་དཀར་ཐིག་སོར་རེ་བསྐྱོར། །ཕྱི་རིམ་ཕྱོགས་བཞི་དམར་ཐིག་ནང་། །དཀར་ཐིག་སོར་རེ་བསྐྱོར་བར་བྱ། །དེ་ལྟར་མ་ནོར་བར་གསལ་བར་གདབ།

དེ་ལ་ཚོན་གྱིས་བཀྱེ་ལུགས་ནི། བསྐྱོར་ཐིག་རྣམས་ལ་མེ་རི་བྲིས། བྱང་ཤར་མེ་རི་མཐིང་ནག་ལ། ལྷོ་ནུབ་སེར་སྐྱ། ཤར་ཕྱོགས་དཀར་སེར། ལྷོ་སྨུག་ནག ནུབ་དམར་ནག བྱང་སེར་ནག ལྷོ་ཤར་སྔོ་དམར། ནུབ་བྱང་དམར་སེར། བྱང་ཤར་ལྗང་སེར། ཕོ་བྲང་བཅུ་ནི་རང་རང་གི་མེ་རི་ཕྱོགས་དང་མཚུངས་པར་བཞེད། ཕྱི་རིམ་རྣམ་བུ་རི་རབ་སྙིང་པོ་སེར། ཕྱོགས་བཞི་སྲིད་པའི་འབྲིང་ཕུར་བྲི། །དེའི་ཕྱི་རིམ་དབལ་རི་ལ་ཕྱོགས་མདོག་བྱ་ལ། མཚམས་བཞི་ལྕགས་ཀྱུ་དཀར་དམར་དང་། ཞགས་པ་དམར་ནག་ཐོ་བ་རྣམས། འགོ་བསྣོལ་མདའ་གཞུ་རྩེ་སྤྲོད། ལྷོ་ཤར་ནས་བཟུང་རིམ་བཞིན་བྲི། དེའི་ཕྱི་རིམ་དབལ་རི་ལ་ཕྱོགས་མདོག་བྱ་ལ་ཕྱོགས་བཞི་རུ་གཡུ་ཡི་ཆུ་མིག་ལྔ་ཡང་ཁོལ་མ་བྲི། ཕྱོགས་བཞི་ཟླ་གམ་ཕྱོགས་འོད་ཀྱི། །དབུས་སུ་གླིང་བཞི་ཕྱོགས་འོད་བྱ། །ཤར་གླིང་ཞི་བ་དཀར་ཟླུམ་སྟེ། །ལྷོ་གླིང་དྲག་པོའི་ཟུར་གསུམ་ནག །ནུབ་གླིང་ཟླ་གམ་དམར་པོ་སྟེ། །བྱང་གླིང་གྲུ་བཞི་རྒྱས་པ་སེར། །གླིང་བཞིའི་དབུས་ནས་རོལ་མཚོ་བཞི། །ཟླུམ་པོ་བྱ་ལ་སྔོན་པོས་བཀང་། །ཕྱི་རིམ་སྔོན་ཡང་ཟེར། དེ་རྒྱབ་འཁོར་ཡུག་ཕྱོགས་ཚོན་བྱ། །ཉི་ཟླ་སྐར་གསུམ་བྲི་བར་བྱ། །གྲུ་ཆད་དམར་ལ་ཁྲག་མཚོ་སྟེ།  །རིགས་རྣམས་ཕྱོགས་འོད་རིགས་རྟགས་བརྒྱན། །དེ་རྒྱབ་སྒོ་བཞི་ཕྱོགས་འོད་ལ། །འབྱུང་ལྔ་རིན་ཆེན་བརྩིགས་པ་ནི། །སྒོ་དང་བཅས་པར་བསྐོར་བར་བྱ། །འདོད་ཡོན་དམར་ལ་ཡ་གད་སྔོ། །ནག་ལ་དྲྭ་བ་དྲྭ་ཕྱེད་དང་། །དམར་ལ་གཞའ་ཚོན་དར་བུ་ཁད། །ཟླ་གམ་བཞི་ལ་ཤར་དུ་ནི། །ཐལ་ཁ་རྫི་བ་འཁྲུག་པ་སེར། །ལྗང་ནག་རླུང་ནག་འཁྱིལ་བ་ལྷོ། །འགྲིང་ཕུར་འདི་སྔོ་ཡང་ཟེར། འཁྱིལ་བ་ནུབ་བུ་ཡུག་འཐིབ་ཁ་སྔོ། བྱང་ཕྱོགས་སྐྱ་རིང་འོད་ཁང་དཀར། སྒོ་བཞི་གཡས་གཡོན་ཀ་བ་དང་། །སྒོ་སྟེང་རྟ་བབ་བང་རིམ་ནི། །དཀར་ལྗང་དམར་སྔོ་སེར་པོར་ཏེ། །ཁྱུང་གུར་ཁྱུང་མགོ་གདུགས་ཏོག་དང་། །བྱ་རུ་དར་དཔྱང་ལྡན་པར་བྱ། །འཁོར་ཡུག་བདུད་རི་ནག་པོ་ལ། །སྟག་སོ་རིས་སུ་བྲི་བར་བྱ། །ཟངས་རི་དམར་ལ་མེ་རི་བྲི། །ལྕགས་རི་སྔོ་ལ་ཆུ་རི་བྲི། །ཕྱི་རིམ་གྲུ་ཆད་ཕྱོགས་འོད་ལ། །རིགས་རྟགས་བཞི་ཡིས་བརྒྱན་པར་བྱ། །

དེ་ལ་ཡིག་འབྲུ་བཀོད་པ་ནི། དབུས་ཀྱི་གྲུ་གསུམ་བསྣོལ་མ་ལ། བྱང་ཤར་ཨེ་རམ་དང་ལྷོ་ནུབ་ཧེ་རམ་བཀོད། ཤར་དུ་ཁ་རམ་ལྷོ་རུ་ཏ་རམ། ནུབ་ཏུ་ཚ་རམ་བྱང་དུ་ཕ་རམ། ལྷོ་ཤར་བ་རམ་ལྷོ་ནུབ་གེ་རམ། ནུབ་བྱང་ཀ་རམ་བྱང་ཤར་ཏྲམ་རམ། སྒོ་བཞི་ལ་ཧི་ཧུ་ཧེ་ཧོ་བཞི་པོ་བྲིས། རི་རུ་རེ་རོ་བཞི་པོ་བྲི་བར་བྱ།

གེ་ཁོད་གསང་བ་དྲག་ཆེན་ཐིག་ཚོན་ནི།  མཐའ་ཐིག་ཚངས་ཐིག་བསྐོར་བར་བྱ། ཐིག་གདབ་བསྐོར་ཐིག་བར་མའི་སོ་ནས་ཐིག་བཞི་དམར། ཟླ་གམ་ཐིག་དང་ཚངས་ཐིག་བར་མའི་དཀྱིལ་དུ་གཤག བར་ཐིག་བཞི་དམར། དེ་ཡི་སོ་ནས་འགྲུས་ཀྱི་ཐིག་བཞི་གདབ། འགྲུས་སྟེང་ཕོ་བྲང་ཐིག་བཞི་དམར། ཕྱི་རིམ་ཐིག་ལྔ་རྣམ་བུ་དང་དྲུག ནང་དུ་རྣམ་ཐིག་བཞི་གདབ། དམར་ཐིག་ནང་དུ་རྐྱང་། ཕོ་བྲང་ནང་དུ་གསུམ་བགོས་ལ་གདུང་ཐིག་བཞི་གདབ། བར་མ་དཀར་ཐིག་སྐྱོར་ལ་གདུང་ཐིག་གོ། །དེ་རྒྱབ་རིགས་རྣམ་ཐིག་ནས། ཟླུམ་ཐིག་རིམ་པ་གཅིག་ཏུ་བསྐོར། གདུང་ནང་ཡང་གཅིག་ཟླུམ་པོར་བསྐོར། །དེ་ཡང་ནང་དུ་ཟུར་གསུམ་བསྣོལ་མ་བྱ། །དེ་ཡི་ནང་དུ་ཟླུམ་པོར་གསུམ་དུ་བསྐོར། །

དེ་ནས་ཚོན་གྱི་བཀྱེ་ལུགས་ནི། དབུས་ཀྱི་ལྟེ་བ་ནི་ཟླ་གམ་དམར་ནག་ཁ་སྤྲོད་བྲི། ཤར་དམར་ནུབ་ནག་དེ་རྒྱབ་ཉི་གདན་དམར་ལ་ཟླ་གདན་སེར། ཐོག་རིས་ཟུར་གསུམ་རྩེ་དམར་གཞི་མ་སྔོ། གོང་རས་དམར་སེར་མུ་ཁྱུད་ཕྱོགས་འོད་དེ་རྒྱབ་འཁོར་ལོ་རྩིབས་བརྒྱད་ནི། གོང་རས་དམར་ཕྱོགས་བཞི་ཕྱོགས་ཚོན། མཚམས་བཞི་བྱང་ཤར་སྔོ་བྱང་ནུབ་དམར་སེར། ལྷོ་ནུབ་ནག་པོ་ལྷོ་ཤར་སེར་སྐྱ། གཞི་མ་སེར། མུ་ཁྱུད་ནག་པོ་ལ་ཐོག་རིས་བྲི། གྲུ་ཆད་ཕྱོགས་ལ་རྣམ་བུ་དམར། སྒོ་བཞི་ཕྱོགས་ལ་འབྱུང་བརྩིགས་བསྐོར། འདོད་ཡོན་སེར་ལ་ཡ་གད་སྔོ། དྲྭ་བ་ནག་ལ་ཟ་ར་ཚག་དར་བུ་ཁད་ལ་སྣ་ཚོགས་བྲི། སྒོ་སྟེང་རྟ་བབ་དཀར་ལྗང་དམར་སྔོ་སེར། ཁྱུང་གུར་ཁྱུང་མགོ་གདུགས་ཏོག་དར་དཔྱང་ལྡན་ཞིང་ཟླ་གམ་ཕྱོགས་འོད་རླུང་གིས་འདེགས། ཟངས་ལྕགས་མེ་རི་ཆུ་འབྲུག་བྱ། ཕྱིའི་གྲུ་ཆད་ཕྱོགས་མཐུན་ནོ། །

ས་བོན་ཡིག་འབྲུ་བཀོད་པ་ནི།  དབུས་སུ་ཨེ་མཐིང་ནག་དང་མ་བཀོད། ཐོག་རིས་འཁོར་ལོ་རྩིབས་བརྒྱད་རྣམས་ཨེ་རེ་བཀོད།  སྒོ་བཞི་ལ་མ་བཞི་བཀོད་པར་བྱ། །

མེ་རི་གྱད་ཕུར་ཐིག་ཚོན་ནི། དང་པོ་མཐའ་ཐིག་ཚངས་ཐིག་བཞི་རུ་གདབ། །དབུས་ནས་དྲངས་ལ་སོར་གཉིས་དང་། །སོར་གསུམ་ཚད་དུ་རིམ་གསུམ་བསྐོར། །བསྐོར་ཐིག་བར་མའི་སོ་ནས་ཟླ་གམ་ཐིག་བཞི་དམར། །ཚངས་ཐིག་གཡས་གཡོན་སོར་བཞིའི་ཚད། །བཀྱལ་ལ་སྒོ་ཡི་ཐིག་གདབ། སྒོ་ཐིག་སོ་ནས་འགྲུས་ཀྱི་ཐིག་བཞི་གདབ། །འགྲུས་ཀྱི་རྒྱ་གྲམ་སྟེང་ན་ཕོ་བྲང་ཐིག་བཞི་དམར། །ནང་དུ་སྒོ་གཡས་གཡོན་གདུང་ཐིག་གདབ། གདུང་ཐིག་ནང་དུ་ཁ་བད་རམ། །གྲུ་བཞི་རིམ་པ་ཐིག་གཉིས་ཐིག་བཞི་གདབ། །གདུང་མདུད་སོ་ནས་ཟླུམ་རིམ་བསྐོར་ལ་གཡུང་དྲུང་ར་བ་ཁ་སད་དོ། །དེའི་ཕྱི་རིམ་ནང་མ་ཆེ་ལ་ཕྱི་མ་ཆུང་བ་རིམ་གཉིས་བསྐོར། །ནང་མ་ཆེ་བ་ལ། གྲུ་རྩེ་བསྣོལ་གྱི་ཐིག་གདབ་ནང་འཁོར་ལོའི་ལ་ཆོད་སླའོ། །ཕྱི་མ་ཆུང་མེ་རི་ཁ་བད་དོ། །ཕོ་བྲང་ཕྱི་བསྐོར་བརྒྱད་དུ་བགོ་ལ་ནང་མ་གཉིས་སྡོམ། ཕྱི་རུ་ཐིག་དྲུག་གདབ་པ་ནི། ཐིག་ཚངས་སོ། །

དང་པོ་ཚོན་གྱི་རིམ་པ་སྤྱི་དང་མཐུན། དབུས་ཀྱི་ཕོ་བྲང་ལ་གྲུ་བཞི་གསུམ་བརྩེགས་བྱ། དང་པོ་ནི་གསེར་བཙོ་མའི་ཁ་དོག །དེ་འོག་སུ་དཀར་ལྗང་གི་ཁ་དོག མཐའ་མ་ཕྱོགས་འོད་བྲི། དེ་ཡང་ཕྱི་རིམ་ཟླུམ་པོ་བསྐོར་གྱི་གཞི་མ་དཀར་པོ་ལ་གཡུང་དྲུང་ར་བ་སེར་པོ་དྲང་། གང་དུ་ཟླུམ་བཞི་དམར་པོས་དགངས། དེ་རྒྱབ་འཁོར་ལོ་རྩིབས་བརྒྱད་སེར་པོ་བྱ། གོང་རས་ནང་ནི་དམར་པོས་དགངས། དེ་རྒྱབ་ཟླུམ་པོ་བསྐོར་མེ་རི་ར་བ་དང་ལྡན་པར་བྱ། གདུང་བཞི་མཐིང་ལ་སྲིན་པོ་སུ་རྐོའི་འབུར་འབུར་བཀོད། གྲུ་ཆད་མཚོ་བཞི་ལྗང་ཁུ་བྱས། དེ་རྒྱབ་རྣམ་བུ་སྡོམ་པོ་སོ་ལ་བར་འཁྱམས་སེར་པོ་བྱ། དེའི་ཕྱོགས་གློ་འབུར་བཞི་དམར་པོ་བྱ། དེ་རྒྱབ་སྒོ་བཞི་ཕྱོགས་དང་མཐུན། འབྱུང་ལྔ་དཀར་ལྗང་དམར་སྔོ་སེར་པོ་རེ་ཀ་བ་སྒོ་ལོག་སྒོ་གོང་དང་བཅས་པ། དེ་རྒྱབ་ཕ་གུ་དམར་པོ། དེ་རྒྱབ་འདོད་སྣམ་སེར་པོ། དེ་རྒྱབ་ཡ་གད་སྔོན་པོ།  དེ་རྒྱབ་དྲྭ་རིས་སྔོ་ལ་དྲྭ་མིག་ལ་རིན་ཆེན་མཛེས་པས་དགངས། དེ་རྒྱབ་དྲྭ་ཕྱེད་ལྗང་ཁུ་ལ་གཞའ་ཚོན་གྱི་དར་བུ་ཁད་ཀྱིས་བརྒྱན། སྒོ་ཡི་གཡས་གཡོན་སྒོ་གྲིབ་ཀྱི་རྒྱབ་ཏུ་སྲིན་པོའི་ཀ་བ་དམར་ནག་ལ། རུས་སྦལ་ཁྲ་བོའི་ཀ་གདན། ཆུ་སྲིན་པིར་གྱི་ཀ་ཞུ་དང་བཅས་པ་བྲིས། དེ་ལྟར་སྒོ་གོང་ནས་བང་རིམ་ཚུན་ཁ་གསུམ་དུ་བགོས་ལ། ཆ་གཅིག་རྟ་བབ་རིམ་བཞི་དཀར་ལྗང་དམར་སྔོ་སེར། གཉིས་པ་བུམ་པ་སྐེ་བྲེ་དང་བཅས། གསུམ་པ་འཁོར་ལོ་གདུགས་ཏོག་ཁྱུང་མགོ་བཅས་པ་བྲི། དེ་ལ་སྤྲུལ་བའི་དར་དཔྱང་བརླབ་པར་བྲི། ཟླ་གམ་ཕྱོགས་འོད་ལ་རླུང་གི་འདེགས་པ་ཤིང་ལོ་བྲིས། ཟངས་ལྕགས་མེ་རི་ཆུ་འབྲུག་བྱ། གྲུ་ཆད་མཚོ་བཞི་ཕྱོགས་འོད་རིགས་རྟགས་ལྡན།

གཉིས་པ་ས་བོན་འབྲུ་བཀོད་པ། དབུས་སུ་ཨ་དེ་འོག་ཨཱོྃ་དེ་འོག་ཧྲི་དེའི་གཡས་སུ་ཁུམ་གཡོན་དུ་སྲུམ་ཟླ་གམ་བཞི་ལ་ཤར་ནུབ་གཉིས་སུ་ཧྲི་རམ་ཟུང་རེ། ལྷོ་བྱང་གཉིས་ལ་ཛ་རམ་གཉིས་རེ། འཁོར་ལོ་བརྒྱད་ལ་ཧྲི་རམ་ཟུང་རེ། གོང་རས་བརྒྱད་ལ་ཛ་རམ་གཉིས་རེ། གློ་འབུར་བཞི་ལ་བྷོ་བཞི། བར་འཁྱམས་གཡས་བཞི་ཀྵ་ཡིག་བཅུ་གཉིས། གཡོན་བཞི་ཕཊ་ཡིག་བཅུ་གཉིས། སྒོ་བཞི་ཆ་ཡིག་བཞི་རྣམས་བཀོད། 

གཉིས་པ་སྒྲུབ་ཁང་དབང་དྲག་པོའི་དཀྱིལ་འཁོར་ལ། དང་པོ་འགོ་དབབ་དུས་སུ་ཡུ་ཆང་དང་། གཙང་ཁྲག་ག་བུར་ཙན་དན་གྱི་ཆག་ཆག་གདབ། དབུས་ཀྱི་ཕོ་བྲང་གྲུ་གསུམ་ཐིག་གདབ། གཞན་རྣམས་གོང་ལྟར་གདབ་པར་བྱ། ཟླ་གམ་གཡས་སེར་གཡོན་དམར་མདུན་དཀར་པོ། དེའི་ཕྱི་རིམ་ཟླུམ་པོ་བསྐོར་བཞི་མ་དཀར་པོར་བྱ། ཉི་ཟླའི་ར་བས་བསྐོར། དེའི་ཕྱི་རིམ་འཁོར་ལོ་རྩིབས་བརྒྱད་སེར་པོར་ཕྱོགས་མཐུན་ལ། མཚམས་བཞི་སེར་པོས་དགངས། ཡང་ན་དམར་ལྗང་བརྒྱད་སུ་དུ་བྲི། གོང་རས་མཐིང་ངམ་ནག་པོས་དགང་། དེའི་ཕྱི་རིམ་ཟླུམ་བསྐོར་ལ་ཐོག་རིས་དམར་པོ་བྱ། དྲེགས་པ་སྲིན་པོའི་གདུང་བཞི་ལ། དམར་ནག་འབུར་ལེགས་པར་བྲི། དེ་རྒྱབ་བར་འཁྱམས་ཁྲག་མཚོ་དམར་པོ་བྱ། དེ་ལ་གློ་འབུར་ཕྱོགས་མཐུན་བཀོད། སྒོ་བརྩེགས་ལ་སོགས་གོང་ལྟར་རོ། །

དེ་ལ་ས་བོན་བཀོད་པ་ནི། དབུས་ཀྱི་གྲུ་གསུམ་ལ་ཨ་དཀར་དུ་སྲུཾ། ཨཱོྃ་ལྗང་ཧྲི་དམར། ཟླ་གམ་གསུམ་གྱི་གཡས་སུ་མུ་གཡོན་དུ་སྲུཾ་མདུན་དུ་ཧྲི་རཾ་དང་། གཡས་གཡོན་ཛ་རཾ་ཟུང་རེ་བྲི། འཁོར་ལོ་བརྒྱད་ལ་ཧྲི་རི་བརྒྱད། གཡོན་དུ་ཛ་རཾ་རེ་རེ་གློ་འབུར་བཞི་ལ་བཧྱོ་བཞི། བར་འཁྱམས་ཁྲག་མཚོ་བཧྱོ་ཉི་ཤུ་སྒོ་བཞི་ལ་ཆ་བཞི་བཀོད། ཡང་ན་བར་འཁྱམས་ལ་གོང་ལྟར་བཀོད་ཀྱང་རུང་། 

དྲན་པ་གསང་སྒྲུབ་ཀྱི་ཐིག་ཚོན་ནི། མཐའ་ཐིག་ཚངས་ཐིག་བསྐོར་ཐིག་གདབ། །བསྐོར་ཐིག་བར་མའི་སོ་ནས་ཐིག་བཞི་དམར། །ཕྱི་ཡི་ཚངས་ཐིག་སོ་ནས་འགྲུས་བཞི་གདབ། །འགྲུས་སྟེང་ཕོ་བྲང་ཐིག་བཞི་དམར། །ཕྱི་རུ་དཀར་ཐིག་བཞི་བཞི་གདབ། །ནང་དུ་རིམ་པ་བཞི་རུ་བསྐོར། །བསྐོར་ཐིག་ནང་དུ་འགྲུས་ཀྱི་ཐིག་བཞི་གདབ། །

དེ་ནས་ཚོན་གྱིས་བཀྱེ་ལུགས་ནི། །གྲུ་གསུམ་དམར་ནག་ཟླ་གམ་དམར། །དེ་རྒྱབ་འདབ་བཞི་ཕྱོགས་འོད་བྱ། །ཕྱི་རིམ་པད་མ་མཛེས་ཚོན་བྱ། །གོང་ལྟར་རྣམས་ནི་ནག་པོ་བྱ། །མུ་ཁྱུད་སྔོ་ལ་གཡུང་དྲུང་བྲི། །གྲུ་ཆད་ལྗང་ལ་ཤིང་ལོ་བྲི། །སྒོ་བཞི་ཕྱོགས་འོད་བརྩེགས་པ་ནི། །དཀར་ལྗང་དམར་སྔོ་སེར་པོས་བསྐོར། །སྒོ་གྲིབ་ནག་པོ་གཡས་གཡོན་ནས། །ཀ་བ་སེར་ལ་ཀ་གཞུ་སྔོ། །བརྩིགས་པའི་ཕྱི་རིམ་འདོད་ཡོན་དམར། །མཆོད་འབུལ་མེ་ཏོག་ལ་སོགས་བྲི། །དེ་རྒྱབ་ཡ་གད་སྔོན་པོ་ལ། །རིན་ཆེན་མཛེས་པའི་ཟ་ར་ཚག །དེ་རྒྱབ་སྣ་ཚོགས་དར་བུ་ཁད། །ཟླ་གམ་ཕྱོགས་འོད་རིགས་རྟགས་རླུང་རི་ལྗང་། །བང་རིམ་དཀར་ལྗང་དམར་སྔོ་སེར། །ཁྱུང་གུར་ཁྱུང་མགོ་གདུགས་ཏོག་ལྡན། །ཟངས་ལྕགས་མེ་རི་ཆུ་འབྲུག་བྱ། །གྲུ་ཆད་ཕྱོགས་འོད་རིགས་རྟགས་བརྒྱན། །

ས་བོན་དབུས་སུ་ཨ་མ་བཀོད། །ཟླ་གམ་གསུམ་ལ་ཨ་མ་གསུམ་དུ་བྲི། །པདྨ་བཞི་ལ་མ་བཞི་བཀོད། །པདྨ་བརྒྱད་ལ་ཧ་བརྒྱད་བཀོད། །སྒོ་མ་བཞི་ལ་མ་བཞི་བཀོད་པར་བྱ། །

ཚེ་དབང་གསང་སྒྲུབ་ཐིག་ཚོན་ནི། གོང་བཞིན་མཐའ་ཐིག་ཚངས་ཐིག་བཞི་བཞི་གདབ་ནས་ནི། དབུས་ནས་དྲངས་ཏེ་རིམ་བཞི་རུ་བསྐོར། གསུམ་པའི་སོ་ནས་ཐིག་བཞི་དམར། ཚངས་ཐིག་གཡས་གཡོན་སྒོ་ཡི་ཐིག་བཞི་གདབ། །སྒོ་ཐིག་སོ་ནས་འགྲུས་ཀྱི་ཐིག་བཞི་གདབ། །རྒྱ་གྲམ་སྟེང་ནས་ཕོ་བྲང་ཐིག་བཞི་དམར། །ཕྱི་རིམ་སུམ་ཁུག་གཉིས་བབ་དམར་ཐིག་གདབ། །བར་དུ་གསུམ་ཆ་ཕྱི་རུ་བོར། །གསུམ་གཉིས་ནང་དུ་དཀར་ཐིག་རེ་རེ་བཤགས། །ཕོ་བྲང་ནང་དུ་ལྷ་རྣམས་ཐིག་བཞི་གདབ། །དབུས་སུ་རིམ་པ་བཞི་རུ་བསྐོར། །

དེ་ལ་ཚོན་གྱི་བཀྱེ་ལུགས་ནི། དབུས་སུ་ལྟེ་བ་དཀར། དེ་རྒྱབ་འདབ་བཞི་ཕྱོགས་ཚོན་བྱ། དེ་རྒྱབ་འདབ་བརྒྱད་དམར། དེ་རྒྱབ་པདྨ་དམར་ལྗང་སྤེལ་མ་བཅུ་དྲུག་བྲི། གོང་རས་མཛེས་ཚོན་བྱ། གྲུ་ཆད་ལྗང་ལ་ཤིང་ལོ་བྲི། ལྷ་རྣམ་དཀར་ལ་རྒྱལ་མཚན་བྲི། །དེ་རྒྱབ་ཕྱོགས་འོད་རིགས་རྟགས་བརྒྱན། །སྒོ་བཞི་ཕྱོགས་འོད་འབྱུང་བརྩིགས་བསྐོར། །སྒོ་གྲིབ་གཡས་གཡོན་ཀ་བ་མཛེས་པར་བྲི། །བརྩིགས་པའི་ཕྱི་རིམ་འདོད་ཡོན་དམར་ལ་ཡ་གད་སྔོ། །ཕྱི་རིམ་རིན་ཆེན་ཟ་ར་ཚག །དེ་རྒྱབ་སྣ་ཚོགས་དར་བུ་ཁད་དུ་བྲི། །ཟླ་གམ་ཕྱོགས་འོད་རླུང་གིས་འདེགས་ལྗང་། བང་རིམ་དཀར་ལྗང་དམར་སྔོ་སེར། །ཁྱུང་གུར་ཁྱུང་མགོ་གདུགས་ཏོག་བརྒྱན། །བྱ་རུ་དར་དཔྱང་ལྡན་པར་བྲི། །མུ་ཁྱུད་སྔོ་ལ་གཡུང་དྲུང་བྲི། །ཟངས་རི་དམར་ལ་མེ་རི་བྲི། །ལྕགས་རི་སྔོ་ལ་ཆུ་འབྲུག་བྲི། །གྲུ་ཆད་ལྗང་ལ་རིགས་རྟགས་བརྒྱན། །

མུན་སེལ་གྱི་ཐིག་ཚོན་ནི། མཐའ་ཐིག་ཚངས་ཐིག་གདབ་ནས་ནི། དབུས་སུ་དྲངས་ལ་རིམ་པ་ལྔ་རུ་བསྐོར། དབུས་སུ་ལྟེ་བ་དམར། དེ་རྒྱབ་པད་མ་འདབ་ལྔ་སེར། གཡས་སུ་བསྐོར་ལ་ཤར་དཀར་སེར་ལྗང་དམར་སྔོ། དེ་རྒྱབ་འདབ་བཅུ་ཕྱོགས་རྣམས་མཚོན། མཚམས་རྣམས་མཛེས་ཚོན་བྱ། དེ་རྒྱབ་པདྨ་ཉི་ཤུ་དེ་རྒྱབ་བརྒྱ་རྩ་བརྒྱད་ཨུདྤལ་ཚུལ་ལ་དུ་བྲི། གོང་རས་མཛེས་མཚོན་བྱ། དེ་ལ་ས་བོན་ཡིག་འབྲུ་བཀོད་པ་ལ། དབུས་སུ་ཨ་དང་ཤད་བྲི། དེ་རྒྱབ་དཀར་པོའི་སྟེང་དུ་ཨཱོྃ། སེར་པོའི་སྟེང་མ། ལྗང་ཁུའི་སྟེང་དུ་ཧཱུྃ། དམར་པོའི་སྟེང་དུ་རཾ། སྔོན་པོའི་སྟེང་དུ་ཛ། གོང་རས་གསུམ་ནང་དུ་གི་གུ་ན་རོས་བརྒྱན། དེ་རྒྱབ་པདྨ་སུམ་ཅུའི་སྟེང་དུ་ཀ་མད་སུམ་ཅུའི་བརྒྱན། གོང་རས་བར་མའི་སྟེང་དུ་ཡ་སྟ་ཞབས་ཀྱུ་ར་སྟས་བརྒྱན། གོང་རས་གསུམ་པའི་སྟེང་དུ་ཚག་ཤད་རྫོགས་པར་བྲི།

དབལ་གསས་ཁྱུང་ནག་གི་ཐིག་མཚོན་ནི། མཐའ་ཐིག་ཚངས་ཐིག་ཟླུམ་ཐིག་བསྐོར་ཐིག་སྒོ་ཐིག་འགྲུས་ཐིག་ཕོ་བྲང་ཐིག་བཞི་དམར། ཕྱི་རིམ་ཐིག་དཀར་བཞི་རྣམ་བུ་ལྔ། ཕོ་བྲང་ནང་དུ་སུམ་ཁུག་གཉིས་བབ་གདུང་ཐིག་གདབ། མུ་ཁྱུད་རིམ་པ་གསུམ་དུ་བསྐོར།

ཚོན་ནི་དབུས་སུ་ཕུར་ཁུང་ནང་དུ་སྣ་ལྔ་བླུགས། །ལྟེ་བ་དཀར་ལ་ཉི་གདན་དམར། །ཟླ་གདན་དཀར་ལ་མུ་ཁྱུད་ལྗང་། །ཕྱི་རིམ་འཁོར་ལོ་རྩིབས་བཞི་ཕྱོགས་ཚོན་བྱ། །གོང་རས་མཛེས་ལ་གཞི་མ་སེར། །གདུང་སྔོ་ཕྱི་རིམ་བརྒྱད་དམར། །གོང་རས་མཛེས་ལ་གཞི་མ་སེར། །གྲུ་ཆད་ཕྱི་རིམ་བརྩིགས་བཞི། སྒོ་བཞི་ཕྱོགས་ཚོན་བརྩིགས་པས་བསྐོར། །སྒོ་གྲིབ་ནག་ལ་ཀ་བ་སྨུག །འདོད་ཡོན་དམར་ལ་ཡ་གད་སེར། །ཟ་ར་ཚག་སྔོ་ལ་དར་བུ་ཁད་ནག ཟླ་གམ་ཕྱོགས་ལ་རྟ་བབ་དཀར་ལྗང་དམར་སྔོ་སེར། ཁྱུང་གུར་ཁྱུང་མགོ་ཏོག་ལྡན་ཟངས་ལྕགས་དམར་དང་སྔོ། གྲུ་ཆད་ཕྱོགས་ཚོན་རིགས་རྟགས་བརྒྱན་པའོ། །

ས་བོན་ཡིག་འབྲུ་ཞལ་ལ་ཤེས། དབུས་སུ་ཨ། འཁོར་ལོ་བཞི་ལ་ཁྲཾ་བཞི། རྒྱལ་རཾ་བརྒྱད་སྒོ་བཞི་ལ་ཛ་བཞི།

བོད་ཡུལ་མའི་ཐིག་ཚོན་ནི། མཐའ་ཐིག་ཚངས་ཐིག་ཚངས་པར་གདབ། དབུས་སུ་གུར་ཟླུམ་ཐིག་རིམ་པ་ལྔ་རུ་བསྐོར། དབུས་ཀྱི་ལྟེ་བ་དམར་ལ་འོད་ལྔས་བསྐོར། དེ་རྒྱབ་འདབས་བཞི་ཕྱོགས་ཚོན་བྱ། ཕྱི་རིམ་འདབ་བརྒྱད་ཚོན་རྫོགས་བྱ། དེ་རྒྱབ་འདབ་བཅོ་བརྒྱད་མཛེས་མཚོན་བྱ། གྲུ་ཆད་ཕྱོགས་འོད་རིགས་རྟགས་བརྒྱན། བཀྲ་ཤིས་རྟགས་བརྒྱད་ལ་སོགས་མཆོད་རྫས་སྣ་ཚོགས་བྲི། 

ས་བོན་དབུས་སུ་མ། འདབ་བཞིར་ཤར་དུ་ཧ། ནུབ་ཏུ་རྣི། བྱང་དུ་རི། ལྷོ་རུ་ས། ཕྱིའི་པད་འདབ་བཅོ་བརྒྱད་ལ་གཡུང་དྲུང་རིས་དང་ཨ་རེ་བྲི།

སྲིད་རྒྱལ་དྲེའུ་ནག་མོའི་ཐིག་ཚོན་ནི། མཐའ་ཐིག་བཞི་དང་ཚངས་ཐིག་གདབ། །བསྐོར་ཐིག་བར་མའི་སོ་ནས་ཐིག་བཞི་དམར། །ཚངས་ཐིག་གཡས་གཡོན་སོར་བཞི་འཇལ་སྒོའི་ཐིག་བཞི་གདབ། །སྒོ་ཐིག་གཡས་གཡོན་འགྲུས་ཀྱི་ཐིག་བཞི་གདབ། །རྒྱ་གྲམ་སྟེང་ནས་ཐོད་འགྲམ་ཐིག་བཞི་དམར། །ཕྱི་རིམ་ཐིག་དྲུག་སྣམ་བུ་དང་བདུན། ཚངས་ཐིག་ཕོ་བྲང་ཐིག་བར་ནས། །བཞི་ཁུག་གསུམ་བབ་དམར་པོ་རེ་རེ་གདབ། །བསྐོར་ཐིག་ནང་མའི་ནང་དུ་གྲུ་གསུམ་བྱ་ལ་འཁོར་ལོ་རྩིབས་དགུ་བྲི། །འཁོར་ལོ་རྣམས་ལ་ཁ་དོག་ལྷ་དང་སྦྱར། །ཡང་ན་གཙོ་མོའི་མདོག་ལྟར་གསུངས་པའང་ཡོད། །གོང་རས་མཛེས་ཚོན་བྱ། གྲུ་ཆད་ལྗང་ཁུ། དེ་རྒྱབ་རྣམ་བུ་ཕྱོགས་མཐུན་དེ་རྒྱབ་ཐོད་མཁར་ནག་པོ་བྱ། བརྩིགས་པ་ཡ་གད་དབལ་གསས་བཞིན།

ས་བོན་ཡིག་འབྲུ་བཀོད་པ་ནི། དབུས་སུ་མ་གཅིག་བྲི། ཟླ་གམ་གསུམ་ལ་ཛ་བྲིས། འཁོར་ལོའི་རྩིབས་རྣམས་ཀྱི་སྟེང་ལ་མ་ཛ་བཧྱོ་དགུ་རིམ་བཞིན་དུ་འབྲི།

བདུད་དྲ་བ་ནག་པོའི་ཐིག་ཚོན་ནི། སྟེགས་བུ་མདའ་གང་གྲུ་བཞི་ལ། མཐའ་ཐིག་ཚངས་ཐིག་གདབ། ནང་དུ་སོར་བཞི་འཇལ་ནས་ཐིག་བཞི་གདབ། དེའི་ནང་དུ་ཟླུམ་ཐིག་གཅིག་བསྐོར། དེའི་ནང་དུ་སོར་བཞི་འཇལ་ལ། ཟླུམ་པོར་བསྐོར། དེའི་ནང་དུ་གྲུ་གསུམ་ཐིག་གདབ། ཚོན་གྱིས་བཀྱེ་ལུགས་ནི། ལྟེ་བ་གྲུ་གསུམ་མཐིང་ནག་ཟླ་གམ་གསུམ་དམར་པོ་བྱ། དེ་རྒྱབ་རྩིབས་བརྒྱད་ནག་པོ་གཞི་མ་དམར་ལ་གྲུ་ཆད་སྔོ། ཕྱིའི་ལྕགས་ཀང་དྲྭ་དགུ་བརྩིགས་པ་བྲི་ལ། ནུབ་ཏུ་སྒོ་གཅིག་དོད་པའི་ནང་ཆ་དེ་ལ་གླག་ཤ་ནག་པོ་གནས། སྒོ་སྲུང་ལྕགས་བདུད་ནག་པོའི་གདན་ནོ། །

དབལ་ཁྱུང་དམར་པོའི་ཐིག་ཚོན་ནི། མཐའ་ཐིག་ཚངས་ཐིག་བཞི་རེ་གདབ། བསྐོར་ཐིག་གསུམ་དང་ཟླ་གམ་གྲུ་ཆད་རྒྱ་གྲམ་རྣམས་རིམ་བཞིན་བཞི་རེ་གདབ། འབྱུང་བརྩིགས་འདོད་ཡོན་སྤྱི་དང་མཐུན། ནང་དུ་རིམ་པ་གཉིས་སུ་བསྐོར། དབུས་སུ་གྲུ་གསུམ་མཐིང་ནག་ཟླ་གམ་གསུམ་དམར་པོ་བྱ། དེ་རྒྱབ་པདྨ་འདབ་བརྒྱད་ཕྱོགས་མདོག་མཚམས་བཞི་མཛེས། གྲུ་ཆད་ལྗང་ལ་ཤིང་ལོ་བྲི། དེ་མིན་སྤྱི་དང་མཐུན། ས་བོན་དབུས་སུ་དང་པདྨ་འདབ་བརྒྱད་ལ་ཁྲོཾ་རེ་བཀོད། ། 

ཀུན་རིག་ཐིག་ཚོན་ལོག་ལ་ཡོད། །གན་གདན་དང་རྣམ་བུ་རང་སར་བཞག །གདུང་ལྕམ་ཀ་བ་མཁའ་ལ་བཏིག་བཏེགས། །སྒོ་དང་བརྩིགས་པ་ཅོག་རྣམས་ནི། །ཕྱི་ནས་ནང་དུ་བསླང་བར་བྱ། །ཡ་གད་ཆུ་འབབ་ཐད་དུ་ལྡིང་། །འཕྱང་འཕྲུལ་ལྡ་ལྡི་ཟ་ར་ཚག །ཡ་གད་འོག་ནས་ཐུར་ལ་འཕྱང་། །དབུས་ཀྱི་ཅོག་བཞི་བསླང་ཙམ་ནས། །གཅིག་ཏུ་འདུས་ཤིང་དབྱིབས་སུ་ཟླུམ། །ཕྱི་འཁྱམས་ཅོག་བཞི་རང་སར་རྒྱས། །ཀློང་དབྱིངས་ཤེས་རབ་ཡ་གད་གདལ། །ཡེ་ཤེས་ལྔ་ཡི་ལྕོག་འོད་འབར། །འབུར་བཞི་ཟུར་བཞི་རེག་པས་སྐྱེད། །དར་བརྒྱད་འོད་ཟེར་ཚུལ་དུ་འཕྲོས། །མུ་ཁྱུང་སྤྲུལ་པས་བསམ་མི་ཁྱབ། །དེ་བཞིན་ཏིང་འཛིན་གསལ་བའི་ཡུལ། །ཞེས་དབང་ཆེན་ལས་གསུངས་སོ། །

དེ་ཡང་མཁའ་འགྲོ་གསང་མཛོད་ལས། དཀྱིལ་འཁོར་ཚད་ལྡན་འགྲུས་སྙོམས་ལ། །མཁས་པས་ལག་རིས་དོད་པར་བྲིས། །རྡུལ་ཚོན་ཁ་བ་བབས་པ་འདྲ། །རེ་ཁ་གྲི་སོ་བསླང་བ་འདྲ། །ཚོན་ཐལ་མ་སོང་མདུད་པ་ཡ་ཡོ་མ་ཡིན་དྲང་པོ་དང་། །ཚོན་ནི་འཐུག་པ་མ་ཡིན་སྲབ་པ་ཡིན། །སྙོམས་ལ་མཛེས་པར་ལག་ལེགས་པར་བྲི། །དེ་ལྟར་མཛེས་ལེགས་ལྡན་པ་ན། །ཡོན་ཏན་བསམ་གྱིས་མི་ཁྱབ་སྟེ། །ཕྱི་མ་ལྷ་ཡི་གཞལ་ཡས་ཁང་། །གལ་ཏེ་མི་ཡི་ལུས་བླངས་ནས། །མཁར་ཁྱིམ་གཞལ་ཡས་མང་པོའི་བདག་པོ་བྱེད། །དེ་ནས་གཞལ་ཡས་ཁང་ལ་གཟབ་པར་བྱ། །ཐིག་གདབ་ས་བཅད་གཞལ་ཡས་ཁང་། །ཉེན་སྐྱོན་ཡོན་ཏན་བཟློག་པར་ཤོག །ཅེས་གསུངས་པ་བཞིན་དུ་མཁས་པས་གཟབ་པར་བྲིས། ཕྱི་ནང་གསང་གསུམ་གྱི་ཐིག་ཚོན་གསལ་བྱེད་མེ་ལོང་འདི། མཁས་པ་གོང་མ་རྣམས་ཀྱི་བཀའ་ལུང་ལ་བརྟེན་ནས། གཤེན་གྱི་དྲང་སྲོང་ཤེས་རབ་རྒྱལ་མཚན་གྱིས་བཀྲ་ཤིས་སྨན་རིའི་ཁྲོད་དུ་སྦྱར་བའོ། །བཀྲ་ཤིས། །དགེའོ།། །།

(མ་རྩོམ་ཡོང་ཁུངས། གཤེན་ཚེ་འོད་རྒྱལ།)

80330cookie-checkདཀྱིལ་འཁོར་ཐིག་རྩ།
(སྤྱིའི་གཟིགས་གྲངས། 40 དེ་རིང་། 1)

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
རི་མོ་དག་ལ…