ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

<<ལྷ་མི་དགའ་བའི་མཆོད་དབྱངས། བསྐལ་པ་སྟོང་གི་གཟི་བརྗིད་>>ཅེས་པའི་བརྒྱ་སྟོན་ཤིས་རྩོམ་ཕྱོགས་བསྒྲིགས་འགྲེམས་བརྡ།

དཔར་སྐྲུན་སྔོན་གླེང་གི་གཏམ་དུ་བརྗོད་པ།

མདོ་སྔགས་ཟུང་འབྲེལ་ཐེག་ཆེན་གཡུང་དྲུང་བོན་གྱི་རྒྱུད་གསུམ་བསྟན་པའི་གསལ་བྱེད་སྨྲ་དབང་གངས་རིའི་ཚིག་མཛོད་ཆེན་མོས། རྒྱལ་སྲས་གཡུང་དྲུང་སེམས་དཔའི་མཛད་བཟང་ཚུལ་བཞིན་བསྐྱངས་ནས་སྐུ་ཡི་དགུང་གྲངས་བརྒྱ་བཞེས་པའི་དུས་ཁྱད་པར་ཅན་གྱི་གཤེན་ལོ་དེ། འོ་སྐོལ་གྱི་མགོ་སྐར་དུ་ཚེས་པ་ནི་ཚེ་རབས་དུ་མར་ཚོགས་བཟང་བསགས་པའི་ཉེར་ལེན་ཁོ་ན་ལས་འཕོས་པ་སྨོས་མེད་ཡིན་ཞིང་། དེ་ཡང་བོད་ཁ་བ་ཅན་ཞེས་ཡར་ལ་དར་དུས་སུམ་གཉིས་ས་ཡི་དཀྱིལ་འཁོར་བཟུང་བའི་གྲགས་པ་དཀར་ལ། མར་ལ་རྒུད་པའི་དུས་ངན་གྱི་གཉན་འཕྲང་རིང་མོ་བརྒྱུད་པ་མདོར་ན་དར་རྒུད་སྣ་ཚོགས་ཀྱི་ལམ་ནས། བོད་ཁ་བ་ཅན་གྱི་རིག་གཞུང་ཞེས་འཛམ་གླིང་ས་ཆེན་པོའི་སྒང་དུ་གྲགས་འགུལ་ཆེ་བའི་རིག་གནས་འདིའི་ཕྱི་མོ་ནི། གངས་ཅན་མེས་པོའི་ཆོས་རྒྱུད་གཡུང་དྲུང་བོན་གྱི་རིག་གནས་ཀྱི་བཀའ་དྲིན་ཡིན་པ་ཡོངས་སུ་གྲགས་ལ། འདི་ཉིད་དུས་ངན་གྱི་གཉན་འཕྲང་རིང་མོར་ཆད་ལ་ཁད་ནས་མཐུད་ཅིང་ལྷུང་ལ་ཁད་ནས་འཇུས་ཏེ། ད་ལྟ་འཆད་རྩོད་རྩོམ་གསུམ་དང་ཐོས་བསམ་སྒོམ་གསུམ་སོགས་ཀུན་གྱི་མིག་སྔར་ཁྲ་ལམ་མེར། གྲ་མ་ཉམས་ཤིང་གྲུ་མ་དྲུག་ནས་མཇལ་དུ་ཡོད་པ་འདི་ནི། རྗེ་བླ་མ་ཁོང་གི་ཐུགས་རྗེའི་བཀའ་དྲིན་རླབས་ཆེན་ལས་བྱུང་བ་གསལ་པོར་གྱུར་མོད། རྒྱུ་མཚན་དེའི་ཕྱིར་ན་མགོན་པོ་གང་ཉིད་སྐུ་ཡི་དགུང་གྲངས་བརྒྱར་ཕེབས་པའི་དུས་བཟང་དུ་བཀའ་དྲིན་གྱི་ཆ་ཙམ་མཚོན་ཕྱིར། འཛམ་གླིང་ཤར་ནུབ་ཁག་ཏུ་གནས་པའི་རང་ཅག་སློབ་འབངས་མཆིས་སོ་ཅོག་གིས་རང་གི་དད་མོས་བཀའ་དྲིན་དྲན་པའི་ཤིས་བརྗོད་འབུལ་སའི་ལེའུ་ཚན་ཞིག་གོ་སྒྲིག་ཞུས་ཏེ། འདི་ག་གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་ྋདཔལ་ལྡན་ཁྲི་བརྟན་ནོར་བུ་རྩེའི་བགྲེས་པོའི་འབེལ་གཏམ་རྩོམ་སྒྲིག་ཁང་ནས་ཡོངས་འཛིན་བརྒྱ་སྟོན་ཤིས་རྩོམ་གསལ་བརྡ་ཕུལ་བ་ལྟར། གཡུང་དྲུང་བོན་གྱི་སྐྱེས་ཆེན་ཁག་དང་། མཁན་པོ། དགེ་བཤེས། སྒྲུབ་ཐོན་པ། རྩོམ་པ་པོ། སྙན་ངག་པ་སོགས་མི་སྣ་མང་པོས་མ་བསྐུལ་དང་བླངས་ཀྱིས་ངེད་ཅག་རྩོམ་སྒྲིག་ཁང་དུ། སྨྲ་དབང་ཡོངས་འཛིན་ཆེན་མོའི་སྐུ་གསུང་ཐུགས་ཀྱི་མཛད་པ་དང་འབྲེལ་བའི་ཤིས་བརྗོད་དང་། རྟོགས་བརྗོད་སོགས་ཀྱི་མཚོན་པའི་རྩོམ་ཡིག་ཁྱོན་༡༤༣ཙམ་འབྱོར་བྱུང་། ང་ཚོས་སྤྱིར་བཏང་གིས་རྗེ་བླ་མ་མཆོག་དགུང་གྲངས་བརྒྱར་ཕེབས་ཀྱི་ཤིས་རྩོམ་ལེའུ་ཚན་ས་མིག་གསལ་བསྒྲགས་བྱས་པ་ལས། རྩོམ་པ་པོ་གྲགས་ཅན་ཁག་དང་མི་སྣ་སྒེར་པར་འབྲེལ་ནས་ཤིས་རྩོམ་འབྲི་རོགས་ཞེས་སྐུལ་མ་གང་ཡང་ཞུས་མེད།གང་བྲིས་པ་རྣམས་ཕྱོགས་མཐའི་རྩོམ་པ་པོ་སོ་སོས་དད་མོས་གུས་པའི་ངང་ནས་བསྐུར་ཡོང་བ་ཤ་སྟག་ཆགས་ཡོད། ཕྱོགས་མཐའི་རྩོམ་པ་པོ་རྣམས་ཀྱིས་བསྐུར་བའི་བརྒྱ་སྟོན་ཤིས་རྩོམ་ཁག་འདི་གའི་རྩོམ་སྒྲིག་ཁང་ནས་<<ལྷ་མི་དགའ་བའི་མཆོད་དབྱངས། བསྐལ་པ་སྟོང་གི་གཟི་བརྗིད་>>ཅེས་པའི་དཔེ་དེབ་ཀྱི་གཟུགས་སུ་བཀོད་ནས། ནང་གསེས་ཀྱི་ལེའུ་ཚན་ལ་<< ཤིས་སྨོན་གསེར་གྱི་ཡིག་འབྲུ>>ཞེས་པའི་ཚན་པ་དང་པོར་དགོན་སྡེ་ཁག་གི་བླ་མ་དང་མཁན་པོ་རྣམས་ཀྱིས་ཕུལ་བའི་ཤིས་རྩོམ་རྣམས་བཀོད་ཡོད་ལ། དེ་མཚམས་<<རིག་པ་སྨྲ་བའི་མཆོད་སྤྲིན་>>ཞེས་པའི་ཚན་པ་གཉིས་པར་དགེ་བཤེས་དང་མཁས་དབང་རྣམས་ཀྱི་ཤིས་རྩོམ་དག་བཀོད་ཡོད། ཚན་པ་ཐ་མ་<<དད་དམ་གཙང་མའི་བསྟོད་དབྱངས་>>ཞེས་པའི་ནང་དུ་སློབ་གཉེར་བ་དང་དད་ལྡན་ཚོས་ཕུལ་བའི་རྩོམ་ཡིག་བཅས་བཀོད་ཡོད། མདོར་ན་ད་ལན་ཤིས་རྩོམ་ཁག་ཁྱོན་ལེའུ་ཚན་གསུམ་དུ་བགོས་ནས་རྩོམ་སྒྲིག་བྱས་ཡོད་ཅིང་། འདིར་འཁོད་རྩོམ་ཡིག་ཁག་ཆུ་ཚད་བཟང་ངན་ལ་བལྟས་ཏེ་ང་ཚོས་འདེམས་སྒྲུག་བྱས་ཏེ་བཀོད་པ་ཞིག་མིན་ལ། གང་ཕུལ་བ་རྣམས་སོ་སོའི་དད་མོས་དམ་ཚིག་དང་མཆོད་པ་ཡིན་ཕྱིར་འདིར་འགོད་གང་ཐུབ་ཞུས་མོད། འོན་ཀྱང་རྩོམ་ཡིག་རེ་གཉིས་ནི་རྣམ་ཐར་དང་བསྟོད་རྩོམ་གང་ལའང་འཇོག་པར་དཀའ་བར་འདུག་པས་ཕྱིར་འཐེན་མ་ཞུས་ཐབས་མེད་བྱུང་བས་དེ་ལུགས་སུ་ཐུགས་ལ་འཇགས་པར་ཞུ། འདིར་ཤིས་རྩོམ་ཁག་གི་གོ་རིམ་སྒྲིག་སྟངས་ཀྱང་སྤྱིར་བཏང་དུམ་བུ་གསུམ་དུ་བགོས་པ་ལས། མཐའ་གཅིག་ཏུ་རྩོམ་པ་པོའི་མཁྱེན་རྟོགས་གོ་ས་ལ་ལྟོས་ཏེ་རིམ་པ་དབྱེ་བ་ཞིག་མིན་ལ། ལེའུ་ཚན་སོ་སོར་རྩོམ་ཡིག་འགོད་སྟངས་ཀྱང་སྟབས་གང་བདེར་བྱས་པས་དགོངས་འཇགས་ཞུ། ད་ཆ་བརྡ་འཕྲིན་གྱི་དུས་རབས་ཡིན་སྟབས་ང་ཚོར་རྩོམ་ཡིག་ཕལ་མོ་ཆེ་སྐད་འཕྲིན་WeChatདུ་འབྱོར་བྱུང་བས། གལ་ཏེ་ང་ཚོས་བརྗེད་ལུས་བྱུང་ནས་འགོད་མ་ཐུབ་པ་བྱུང་ཡོད་སྲིད་པས་སྙིང་ཐག་པ་ནས་དགོངས་དག་ཞུ། བརྒྱ་སྟོན་ཤིས་རྩོམ་ཕྱོགས་བསྒྲིགས<<ལྷ་མི་དགའ་བའི་མཆོད་དབྱངས། བསྐལ་པ་སྟོང་གི་གཟི་བརྗིད>>ཅེས་པའི་དཔེ་དེབ་འདིའི་དཔར་སྐྲུན་འགྲོ་གྲོན་ཡོངས་རྫོགས་<<སྐབས་བཞི་པའི་ཕྱི་གླིང་བོན་ཚོགས་>>ནས་བཏང་གནང་བར་བགྲེས་པོའི་འབེལ་གཏམ་རྩོམ་སྒྲིག་ལྷན་ཚོགས་ཀྱིས་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་མ་ཟད། ཕྱི་གླིང་བོན་ཚོགས་ཀྱི་མཛད་འཕྲིན་ཡར་ངོའི་ཟླ་ལྟར་འཕེལ་ཞིང་རྗེ་བླ་མ་མཆོག་གི་སྐུ་ཚེ་མི་ཤིགས་གཡུང་དྲུང་གི་ཁམས་སུ་ཡུན་ནས་ཡུན་དུ་བརྟན་པའི་སྨོན་འདུན་ཞུ་བ་ཡིན།

ཞང་ཞུང་དགེ་བཤེས་ཚུལ་ཁྲིམས་རབ་བརྟན་ནས་སྤྱི་ལོ་༢༠༢༥ཟླ་༡པོའི་ཚེས་༥ཉིན་གསོ་རིག་འབུམ་བཞིའི་སློབ་གྲྭ་ནས་ཕུལ།།།།

 

(སྤྱིའི་གཟིགས་གྲངས། 305 དེ་རིང་། 1)

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
དེ་རིང་སྟེ…
error: རྩོམ་འདི་བདག་དབང་ཅན་ཡིན།