ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

དཔེ་སྐྲུན་སྔོན་གླེང༌།

དཔེ་སྐྲུན་སྔོན་གླེང༌། བསྒྲགས་པ་སྐོར་གསུམ་ཞེས་བཀའ་རིན་པོ་ཆེ་འདི་ནི། རྒྱུད་ཐམས་ཅད་ཀྱི་རྒྱལ་པོ། ལུང་ཐམས་ཅད་ཀྱི་རྩེ་མོ། མན་ངག་ཐམས་ཅད་ཀྱི་ཉིང་ཁུའོ། །འདི་ཉིད་ལ་ནམ་མཁའི་སྒྲ་ཡིག་ཅན་ཞེས་ཐོག་མར་སྟོན་པ་ཀུན་ཏུ་བཟང་པོས་གཤེན་ལྷ་འོད་དཀར་ལ་ཐུགས་རྗེ་བྱིན་རླབས་ཀྱིས་བརྒྱུད། དེས་ཚད་མེད་འོད་ལྡན། དེས་ཡེ་གཤེན་གཙུག་ཕུད་ལ་བརྒྱུད་ཅིང་ཡེ་གཤེན་གཙུག་ཕུད་ཀྱིས་བསྒྲགས་པ་རྣམ་པ་སྐོར་གསུམ་དུ་ཕྱེས་ནས་ལྷ་ཀླུ་མི་ཡི་གཤེན་གསུམ་ལ་སོ་སོར་བརྒྱུད། དེས་སློབ་དཔོན་བླ་མ་རྣམ་བཞི་དང་། ལོ་པཎ་མཁས་པ་བཞི་ལ་རིམ་པར་བརྒྱུད། དེ་ནས་བསྒྲགས་པ་མདོར་བསྡུས་ཀྱི་སྒྲོན་མ་སྙ་ཆེན་ལི་ཤུ་སྟག་རིང་ལ་བརྒྱུད། དེས་ཡུམ་ཅོ་ཟ་བོན་མོ་ལས་སོགས་མཁས་པ་ཉི་ཤུ་ལ་བརྒྱུད་དོ། །དེ་ནས་ལས་ཀྱི་དབང་གིས་གཏེར་དུ་གཟིམས་སྐབས་བླ་མ་ལི་ཤུས་བཀའ་སྐྱོང་བྱ་ར་མ་གསུམ་ལ་གཉེར་གཏད་མཛད་དེ་ལྷོ་བྲག་ཁོམ་མཐིང་ལྷ་ཁང་དུ་སྦས་སོ། །དེ་ནས་སྨོན་ལམ་སྟོབས་ཀྱིས་གོང་ཕུའི་བླ་མ་བཞོད་སྟོན་དངོས་གྲུབ་གྲགས་པ་༼    ཀུན་མཁྱེན་ཉི་མས་ས་འབྲུག་ཕྱི་ལོ་ ༡༠༨༨ ལོར་གཏེར་བཞེས་པར་གསུངས་ཤིང་གཞོད་སྟོན་དངོས་གྲུབ་གྲགས་འབར་གསུངས་ཡོད།  ༽  ལ་བཀའི་བྱ་ར་མ་གསུམ་གྱིས་ལུང་བསྟན་ཏེ་ཁོང་གིས་གཏེར་ཞལ་ཕྱེས་པ་དང་། རིམ་གྱིས་ཐུགས་སློབ་རྣམས་ལ་བརྒྱུད། དེའི་ནང་ནས་སློབ་མའི་མཆོག་ཏུ་གྱུར་པ་དབལ་མོའི་ལུང་བསྟན་ཐོབ་པའི་རྒྱ་སྟོན་ཇོ་སྡེ་ནས་རྩ་བའི་བླ་མའི་བར་རིམ་དང་སྤུག་མ་ཅི་རིགས་ཀྱིས་བརྒྱུད་ཅིང་དར་རྒྱས་སུ་བྱུང་ཡོད་ནའང་སླར་ཡང་དུས་ཀྱི་རླུང་འཚུབ་དུ་མའི་བརྒྱུད་རིམ་ཁྲོད་བཀའ་ཡི་བྱ་ར་མ་གསུམ་དང་བསྟན་འཛིན་གྱི་སྐྱེས་ཆེན་རྣམས་ཀྱིས་གཅེས་སྲུང་བྱས་པའི་འབྲས་བུར་ད་ལྟ་ང་ཚོའི་བསོད་སྐལ་དུ་བཞུགས་ཐུབ་པ་བྱུང་བ་ཞིག་ཡིན་ནོ།། 

ཐེམ་བྱང་ལྟར་འདི་ལ་སྐོར་གསུམ་ཡོད་པའི་སྟེང་ལྷ་ཡུལ་དུ་བསྒྲགས་པའི་སྐོར་ལ་བོན་སྐོར་ཉི་ཤུ་རྩ་གཅིག་དང་། བར་མི་ཡུལ་དུ་བསྒྲགས་པའི་སྐོར་ལ་རྫོགས་ཆེན་སྡེ་བཅུ། འོག་ཀླུ་ཡུལ་དུ་བསྒྲགས་པའི་སྐོར་ལ་མན་ངག་གཉིས་དང་ཞོར་བྱུང་བཀའ་ལུང་མན་ངག་བསྟན་སྲུང་སྐུལ་པ་དང་བཅས་པ་འདུས་པའི་བཀའ་ཡི་སྒྲོམ་བུ་འདི་ཉིད་པོད་སྟོད་སྨད་གཉིས་སུ་ཕྱེས་ཤིང་པོད་སྟོད་ལ་ལེའུ་ཚན་ཉི་ཤུ་རྩ་གཅིག་དང་། པོད་སྨད་ལ་ལེའུ་ཚན་ཉི་ཤུ་རྩ་གསུམ་དུ་བསྡུས་ནས་བལྟ་བདེ་ཁུར་ཆོག་གི་དེབ་གཟུགས་སུ་དཔར་སྐྲུན་ཞུས་པ་ལགས་སོ།།

སྐབས་འདིར་འདི་ཉིད་དཔར་སྐྲུན་ཞུས་པའི་དགོས་དོན་གཙོ་བོར་བཤད་ན། འདི་ནི་ཁ་བ་གངས་ཅན་པ་རྣམས་ཀྱིས་མཁྱེན་རབ་གཏེར་གྱི་སྒྲོན་མེ་འདོན་སའི་རིག་གཞུང་གི་མར་ཁུ་དང་། ཡབ་མེས་སྐྱེས་ཆེན་དམ་པའི་ཚེ་སྲོག་གི་དམུ་ཐག་འཇུ་སའི་རྡོ་རྗེའི་རྟོད་ཕུར། རི་བྲག་དང་རྫ་གསེབ་ཏུ་གཤེགས་པའི་རྣལ་འབྱོར་བ་རྣམས་ཀྱིས་ཐུགས་དམ་སེམས་པ་བརླན་སའི་དྭངས་གསལ་གྱི་མཚོ་ཆེན། འཇིག་རྟེན་བྱ་བཏང་རྣམས་ཀྱིས་འཁྲུལ་པའི་ཕུགས་ཐག་གཅོད་པའི་སོ་མེད་ཀྱི་སྟ་རེ་ངོ་དམར། སྡུག་བསྔལ་གྱི་གཡང་དུ་གཟར་བའི་རིགས་དྲུག་གི་སེམས་ཅན་རྣམས་ཀྱི་ངལ་གསོའི་བདེ་བ་འབྱིན་སའི་འབབ་སྟེགས། དུག་ལྔའི་འདམ་དུ་བྱིང་ཞིང་སྐྱེ་ཤིའི་མུ་རུ་ལྷུང་བའི་འགྲོ་བ་དམུ་རྒོད་རྣམས་ལ་དགེ་སྡིག་གི་ལམ་སྣེ་སྟོན་པའི་མེ་ལོང་སོགས་མདོར་ན་ཡིད་བཞིན་ནོར་བུ་རིན་པོ་ཆེ་ལྟར་དཀའ་ལ་དཀོན་པ་དང་གཅེས་ལ་བཙལ་བར་དཀའ་བའི་བོན་སྡེ་ཞིག་ཡིན་པར་བརྟེན་ངེད་ཚོས་འདི་ཉིད་དཔར་སྐྲུན་ལེགས་བསྒྲིགས་དང་ཁྱབ་སྤེལ་བྱེད་རྒྱུའི་གོ་སྐབས་དང་དུ་བླངས་པ་ཞིག་དང་། ད་དུང་གསུང་རབ་ཀྱི་དགོངས་དོན་ལ་དཔྱོད་ཤེས་ཀྱི་མིག་ལྡང་བའི་སྤྱི་ཚོགས་ཀྱི་བརྒྱུད་རིམ་ཁྲོད་ནས་འདི་ཉིད་བག་ལ་ཞ་བ་དང་རིན་ཐང་གི་ངོ་བོ་མཚོན་མི་ཐུབ་པར་གྱུར་ན་ཕོངས་སེམས་དང་བཅས་ཏེ་རྒྱུ་ཚེགས་གྲོན་གསུམ་གྱིས་འབད་པས་བསྐྲུན་ཏེ་གྲུབ་པ་ཞིག་ཡིན། འདིའང་དཔེ་མཛོད་ཁང་གིས་༸  སྐྱབས་རྗེ་ཡོངས་འཛིན་སྨྲ་བའི་དབང་པོ་རིན་པོ་ཆེ་མཆོག་དང་། མཁན་རིན་པོ་ཆེ་ལུང་རྟོགས་བསྟན་པ་གཡུང་དྲུང་རྣམ་གཉིས་ཀྱི་བཀའ་དགོངས་གཞིར་བཟུང་ནས་དཔར་སྐྲུན་ཞུ་ཐུབ་པ་བྱུང་བ་ཞིག་རེད། མཆན་རྣམས་གཞུང་དང་འདྲེས་དོག་གིས་གུག་རྟགས་  ༼    ༽.  འདིའི་ནང་བཞག་སྟེ་ཡིག་གཟུགས་ཆུང་ངུ་བྱས་ཤིང་། དངོས་ཡོད་ཆད་པ་ཁག་གུག་རྟགས་[ ]འདིའི་ནང་བཞག་སྟེ་ཁ་བསྐང་བར་བྱས་ཡོད། ཚིག་ལ་དོག་པ་བྱུང་རིགས་བཅོས་ཁུལ་བྱས་ཏེ་གུག་རྟགས་ ༼     ༽  འདིའི་ནང་བཞག་ཡོད། ཞུ་དག་སྐབས་གཙོ་བོ་མ་དཔེ་ཇི་བཞིན་གང་ཐུབ་དང་འཕྲད་སོགས་སྤྱི་འགྲོས་དང་བསྟུན་ཡོད་ལ་དམིགས་གསལ་འགའ་ཞིག་ཡིག་རྙིང་གི་ངོ་བོ་མཚོན་ཕྱིར་རང་སོར་བཞག་ཡོད། དེ་ཕྱིར་དགེ་བའི་ལེགས་ཚོགས་གང་མཆིས་ ༸    སྐྱབས་རྗེ་སྨན་རིའི་མཁན་སློབ་རྣམ་གཉིས་གཙོས་བསྟན་འཛིན་གྱི་སྐྱེས་བུ་རྣམས་ཀྱི་སྐུ་ཚེ་ཡུན་ནས་ཡུན་དུ་བརྟན་ཞིང་མཛད་འཕྲིན་སྣང་བ་དཀར་པོ་དུས་གསུམ་དུ་ནུབ་པ་མེད་པར་སྲིད་ཞིའི་ཏོག་ཏུ་མངོན་པར་མཛེས་པའི་རྒྱན་དུ་གྱུར་ཅིག་ཅེས་སྨོན་འདུན་དང་བཅས།

དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེའི་དཔེ་མཛོད་ཁང་ནས།།

(སྤྱིའི་གཟིགས་གྲངས། 512 དེ་རིང་། 1)

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

2 Responses

  1. སེ་རས་འཆད་ཁ། ལགས་ཀྱིས:

    ཐོག་མཐའ་བར་གསུམ་བྱ་བ་ལམ་ལྷོངས་ཡོང་བའི་སྨོན་ལམ་ཞུ།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
དེ་ཡང་མཆོད…
error: རྩོམ་འདི་བདག་དབང་ཅན་ཡིན།