ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

<<མེ་ལོང་ཡེ་ཤེས་>>དྲ་ཚིགས་གསར་པའི་བརྡ་ཁྱབ།

བརྡ་འཕྲིན་གྱི་དུས་རབས་འདི་དང་བསྟུན་ནས་དྲ་རྒྱའི་བརྒྱུད་ལམ་དང་། གླེང་སྟེགས་སྣ་ཚོགས་ཀྱི་ཐབས་ལམ་བརྒྱུད་ཤེས་བྱ་རིག་གནས་དང་། ཆོས་ལུགས་གྲུབ་མཐའ། མི་རིགས་སློབ་གསོ་སོགས་ཁྱབ་སྤེལ་བྱེད་བཞིན་ཡོད་པ་ལྟར། ད་སྔོན་ངེད་ཚོས་ཀྱང་མི་རབས་གསར་པ་རྣམས་དང་། ཞིབ་འཇུག་མི་སྣ་རྣམས་ལ་དགོས་མཁོའི་ཆ་རྐྱེན་དུ་དམིགས་ནས་མེ་ལོང་ཡེ་ཤེས་དྲ་རྒྱ་གཉེར་སྐྱོང་བྱས་ནས་ད་བར་མི་ལོ་ཧྲིལ་པོ་གསུམ་ལྷག་འགྲོ་བཞིན་ཡོད་པ་དང་། དེའི་རིང་མཁྱེན་ལྡན་རྩོམ་པ་པོ་རྣམས་ཀྱིས་ཐུགས་སྣང་དང་རྒྱབ་སྐྱོར་གང་ལེགས་གནང་བའི་བདག་རྐྱེན་ལ་བརྟེན་ནས་དྲ་རྩོམ་ཁ་གྲངས་དྲུག་བརྒྱ་ལྷག་བརྒྱུད་སྤེལ་ཞུ་ཐུབ་པར་བྱུང་སྟེ། མི་རིགས་དང་། སྐད་ཡིག ཆོས་ལུགས་དང་རིག་གནས། སྐྱེས་ཆེན་དམ་པ་རྣམས་ཀྱི་མཛད་འཕྲིན་གཙོས་པའི་ཤེས་བྱ་མི་ཉུང་བ་ཞིག་གི་རིན་ཐང་ངོ་སྤྲོད་དང་། ཡིག་ཚགས་གསོག་ཉར་ཞུ་རྒྱུ་བྱུང་བ་ནི་དོན་དུ་གཉེར་བའི་ལེགས་ཚོགས་དང་དགེ་མཚན་ཞིག་ཏུ་བརྩི་འོས།

དེ་ཡང་འགོ་བཙུགས་པ་ནི་བྱ་བ་གཉེར་བའི་རྨང་གཞི་དང་། དུས་ཚོད་བཏང་བ་ནི་ཉམས་མྱོང་གསོག་པའི་གོ་སྐབས། ཡར་ཐོན་བྱུང་བ་ནི་གསོན་ཤུགས་འཕེལ་བའི་ནུས་པ་ཞིག་ཏུ་ངོས་འཛིན་དགོས་པས་ངེད་ཚོས་ཀྱང་དེ་ལྟར་ལྟོས་འཇོག་གི་སྒོ་ནས་མདུན་སྐྱོད་ཀྱི་ལམ་བུ་བརྒྱུད་དེ་དྲ་བའི་རིག་གནས་ལ་ཚོར་ཤེས་དང་གོ་རྟོགས། གོང་འཕེལ་གྱི་ཐབས་ལམ་བཅས་ལ་འབད་བརྩོན་ཞུ་བཞིན་ཡོད་པ་ལྟར་<<མེ་ལོང་ཡེ་ཤེས་>>ཀྱི་དྲ་ཚིགས་གསར་པ་འདི་ཡང་ཡར་ཐོན་གྱི་རྣམ་པ་ཞིག་ཏུ་ངོས་འཛིན་ཆོག 

ལྷག་ཏུ་ལག་རྩལ་ནི་གློག་ཆས་ཀྱི་སྐམ་པ་ལྟ་བུ་ཡིན་གཤིས་འཕྲུལ་དྲའི་གཟུགས་བརྙན་དང་གཏོང་འཛིན་དོ་དམ་ཡང་དེ་དང་ཁ་བྲལ་ཐབས་མེད། དེས་ན་མེ་ལོང་ཡེ་ཤེས་ཀྱི་དྲ་ཚིགས་གསར་པ་འདི་ཡང་ངེད་ཚོས་དེང་རབས་དྲ་བའི་ཤེས་ཡོན་དང་ཁྲིམས་སྲོལ་ཁག་ལ་ཡུན་རིང་དཔྱད་ཞིབ་བྱས་རྗེས། དངོས་སུ་ལག་རྩལ་པ་དགེ་ཧི་མ་ལ་ཡའི་རྒྱལ་སྲས་(སྐད་འཕྲིན་གྱི་མིང་)ལགས་ཀྱིས་ཕྱར་བ་གྲུ་འདེགས་གནང་བའི་ཕྱག་རྗེས་ཤིག་ཏུ་ཆགས་ཡོད།

དྲ་རྒྱ་བེད་སྤྱོད་གཏོང་ཐབས་ནི་གཞན་མཚུངས་ལྟར་ཐོད་དང་ཟུར་གྱི་དཀར་ཆག་སྡེ་ཚན་སོ་སོའི་ཐོག་རྡེག་གནོན་བྱས་ཚེ་ནང་གསེས་བྱེ་བྲག་རྣམས་སོ་སོར་མཐོང་ཐུབ་པ་དང་། གང་ཞིག་ཀློག་འདོད་པ་རྣམས་ལ་ཡང་གཟིགས་ཞིབ་གནང་ཆོག དམིགས་བསལ་དྲ་བའི་མཚོན་རྟགས་དང་འགན་འཁྲིའམ་དམིགས་ཡུལ། དེ་བཞིན་སུ་ཞིག་གིས་གཉེར་སྐྱོང་བྱས་པའི་རྩོམ་སྒྲིག་པའི་སྡེ་ཚན་དང་། གང་ཞིག་ནས་དྲ་རྒྱ་གཉེར་བའི་ས་གནས་དང་འབྲེལ་ཐག ཁ་བྱང་བཅས་གསལ་པོ་ཡོད་པ་ནི་ཚད་ལྡན་གྱི་འགྲོ་ལུགས་ཤིག་རེད། 

ཤེས་དགོས་པའི་གནད་དོན། སྤྱིར་ན་དྲ་གནས་འདིའི་བརྒྱུད་ལམ་དུ་འགོད་འོས་མིན་རྩོམ་སྒྲིག་ལྷན་ཚོགས་ལ་དབང་ཚད་ཡོད་ཀྱང་། དྲ་སྟེགས་གཞན་དུ་བཀོད་པའི་ངོ་མཚར་བའི་ཤེས་བྱ་གསར་པ་དང་། ལོ་རྒྱུས་རྙིང་པ། བསྟན་པའི་བྱུང་རིམ་ཡང་དག་པ། རྣམ་ཐར་དྲང་བཞག་ཅན། དམིགས་བསལ་འོས་སྦྱོར་གྱི་རིགས་རྣམས་རྩོམ་སྒྲིག་པས་སྐབས་བསྟུན་བརྒྱུད་འགོད་བྱ་ངེས། ཡིན་ན་ཡང་རྩོམ་པ་པོས་མཐུན་སྦྱོར་གནང་བ་ཁག་ལས་གཞན་མ་རྩོམ་དྲ་གནས་གང་ཞིག་ནས་དྲངས་ཚེ་ཡོང་ཁུངས་གསལ་པོ་འགོད་རྒྱུ་ནི་དྲ་གནས་དེར་གུས་བརྩི་ཞུས་པ་ཞིག་དང་། རྩོམ་སྒྲིག་པས་རྐུ་བཤུ་མ་བྱས་པའི་རྟགས་སུ་ངོས་འཛིན་ཆོག་པ་ཡིན་ཕྱིར་ངེད་ཚོས་ཀྱང་རྩ་དོན་དེ་སྔར་རྒྱུན་བཞིན་སྲུང་བརྩི་ཞུ་རྒྱུ་ལགས། འོན་ཀྱང་བརྒྱུད་འགོད་བྱས་པའི་རྩོམ་ཡིག་གི་ནང་དོན་ཆ་ཚང་ངེད་ཚོས་ཁས་ལེན་ཞུས་པའི་དོན་ཞིག་མིན་པར་འབྲེལ་ཡོད་རྣམས་ལ་དགོས་མཁོའི་ཆ་རྐྱེན་བསྐྲུན་པ་ཞིག་ཏུ་ངོས་འཛིན་བྱ་འོས།

དྲ་ལམ་གྱི་རིག་གནས་ནི་འགྲོ་བ་མིའི་རིགས་ཀྱི་རྣམ་རིག་གི་སྒྱུ་རྩལ་དང་། ཚོར་འདུ་མཇལ་སའི་སྐར་ཁུང་ལྟ་བུའམ། ཕན་ཚུན་བསམ་བློ་བརྗེ་རེས་བྱ་སའི་སྟེགས་བུ་ཞིག་ཡིན་པས་ངེད་ཚོས་ཀྱང་མི་རིགས་རིག་གནས་དང་གནའ་བོའི་ལོ་རྒྱུས་རྣམས་ལ་ཆད་སྐྱོན་དང་། ཉམས་སྐྱོན་ཇི་ལྟར་བྱུང་བ་རྣམས་ཀྱི་སྟོང་ཆ་ཁ་བསྐང་ནས་འཐུས་སྒོ་ཇེ་ཚང་དང་། ཕུན་སུམ་ཇེ་འཚོགས་སུ་གཏོང་བའི་དམིགས་རྣམ་ལས་མ་འདས་པར་འབད་བརྩོན་ཞུ་ངེས་པ་ཡིན།

འདིར་འབོད་སྐུལ་ཞུ་རྒྱུར། ད་རེས་འདི་གར་ཁྱབ་སྤེལ་བྱས་པའི་<<མེ་ལོང་ཡེ་ཤེས་>>ཀྱི་དྲ་ཚིགས་གསར་པ་འདི་ཉིད་ཕྱི་ལོ་ (2019-01-01) ལོ་གསར་དང་བསྟུན་བེད་སྤྱོད་འགོ་ཚུགས་རྒྱུ་ཡིན་པས་འབྲེལ་ཡོད་གྲོགས་པོ་རྣམས་དང་། རྩོམ་པ་པོ་རྣམས་ཀྱིས་ཤེས་བྱ་རིག་གནས་གསར་པ་དང་། ཆོས་ལུགས་དང་ལོ་རྒྱུས་ཀྱི་བདེན་པའི་དེ་ཉིད་མཇལ་བའི་ལྗགས་རྩོམ་རྣམས་རིམ་པས་མཐུན་རྐྱེན་རམ་འདེགས་གནང་རེའི་སྐུལ་མ་ཞུ་བཞིན་ཡོད་པས་དགོངས་ལམ་དུ་མངའ་བ་མཁྱེན་མཁྱེན་ཞུ།

ཞེས་༧ཁྲི་བརྟན་ནོར་བུའི་རྩེའི་མེ་ལོང་ཡེ་ཤེས་དྲ་བའི་རྩོམ་སྒྲིག་ཁང་ནས་ཕྱི་ལོ་ ༢༠༡༨ ཟླ་ ༡༢ ཚེས་ ༢༥ ལ།

(སྤྱིའི་གཟིགས་གྲངས། 137 དེ་རིང་། 1)

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
སྤྱིར་མཁས་…
error: རྩོམ་འདི་བདག་དབང་ཅན་ཡིན།