ཕྱི་ལོ་ ༢༠༢༤ ལོའི་གཤེན་གྱི་དགུ་གཏོར་ཆེན་མོ་འཚོགས་པའི་གནས་བསྡུས།
སྤྱི་ལོ་ ༢༠༢༤ ཟླ་ ༠༢ ཚེས་ ༠༦ ནས་བཟུང་གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་དཔལ་ལྡན་ཁྲི་བརྟན་ནོར་བུའི་རྩེར་གཤེན་གྱི་དགུ་གཏོར་ཆེན་མོ་འཚོགས་ནས་སྤྱི་ཚེས་༨ ཉིན་ཁྲོ་ཕུར་དགུ་གཏོར་གྱི་མདོས་རྒྱག་གནང་བ་རེད། ཁྲོ་ཕུར་དགུ་ཟློག་ཆེན་མོ་ནི་ལོ་རེའི་ལོ་མཇུག་གི་ཉི་ཤུ་དགུ་ལ་གཏོར་རྒྱག་བྱེད་པའི་བོན་ཆོས་ཀྱི་བྱེད་སྒོ་ཞིག་ཡིན། རྩ་བའི་དགུ་ཟློག་བྱེད་པའི་དམིགས་སྒོ་ནི་སྐྱེ་འགྲོ་བདེ་སྐྱིད་ཀྱི་ཆེད་དུ་སྟེ། རྒྱལ་ཁམས་ཀྱི་ནད་མུག་འཁྲུག་རྩོད་ཞི་བ་དང་། རྐྱེན་དང་བར་ཆོད་ཟློག་པ། བསམ་དོན་སྨོན་ལམ་འགྲུབ་པ། རང་གཞན་བདེ་སྐྱིད་ཀྱི་དཔལ་ལ་ལོངས་སུ་སྤྱོད་ཐུབ་པའི་མཐུན་རྐྱེན་དགེ་བའི་བསྐུལ་མ་ཞིག་དང་། ཁྱད་པར་དུ་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་ལ་བར་ཆོད་བྱེད་པའི་སྡང་དགྲ་གནོད་བགེགས་ཐམས་ཅད་ཞི་བདེའི་ས་རུ་འགོད་པར་བྱེད་པའི་ཐབས་ལམ་ཁྲོ་ཕུར་གྱི་ཆོ་གའི་སྒོ་ནས་བྱེད་སྒོ་སྤེལ་ཚུལ་ཞིག་ཡིན། དེ་ཡང་ཡི་དམ་ལྷ་དང་སྲུང་མ་དམིགས་པའི་རྟེན་དང་མཆོད་པའི་རྫས་ཕུན་སུམ་ཚོགས་པ་གྲབས་སུ་བྱེད་ནས་འདོད་གསོལ་གྱི་རེ་དོན་ཞུ་སྟེ་གནོད་བྱེད་མི་མཐུན་པའི་ཚོགས་རྣམས་མཐའ་རུ་བཀར་བའི་འཕྲིན་བཅོལ་དང་ལས་ཐབས་སྦྲགས་མའི་སྒོ་ནས་རང་གཞན་གྱི་རྣམ་རྟོག་སེལ་བའི་ལོ་དུས་ཀྱི་རིམ་གྲོ་གལ་ཆེན་ཞིག་གོ།
མེ་ལོང་ཡེ་ཤེས་དྲ་བའི་གཙོ་སྒྲུབ་པས ༢༠༢༤ ཟླ་ ༠༢ ཚེས་ ༠༨ ཉིན་སྤེལ།
པར་ལེན་པ་ཁྱུང་ཐོག་རྒོད།