ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

བཀའ་རམས་པ་ཚུལ་ཁྲིམས་དྲི་མེད་ཀྱི་དཔྱད་རྩོམ་དེབ་གསར་འགྲེམས་བརྡ།

པར་སྐྲུན་གསལ་བཤད།

བླ་མཚོ་མ་པང་གཡུ་མཚོ་ལས་གཏིང་ཟབ་ཅིང་། བླ་རི་གངས་དཀར་ཏི་སེ་ལས་དཔངས་མཐོ་བའི་བོད་ཀྱི་ཐུན་མོང་མ་ཡིན་པའི་ཤེས་རིག་གཅིག་གི་ལོ་རྒྱུས་འཆད་རྒྱུ་ཡོད་པ་དེ་ནི་ཐུན་མིན་ཞང་བོད་ཀྱི་ཕ་ནོར་ཏེ་གྲུབ་མཐའི་རྒྱལ་པོ་སངས་རྒྱས་གཡུང་དྲུང་བོན་གྱི་བསྟན་པ་རིན་པོ་ཆེ་འདི་ཉིད་ཡིན་ལ། དེ་ནི་ཧི་མ་ལ་ཡའི་རི་རྒྱུད་དུ་ས་ཁྱབ་རྡོ་ཁྱབ་ཏུ་དར་མྱོང་ཞིང་ད་བར་དུ་གནས་པའི་གཞི་ལམ་འབྲས་གསུམ་དག་གི་གཏེར་མཛོད་དང་། རིག་པའི་གཞུང་ལུགས་ཀུན་གྱི་མ་མ་ལྟ་བུ་གྱུར། དེ་ཡང་གཙོ་བོ་བཀའ་དང་བཀའ་བརྟེན་གཉིས་ཀྱི་ཁྱབ་ཁོངས་སུ་འདུས་པའི་ལོ་རྒྱུས་དང་རིག་གཞུང་། རྩོམ་རིག་དང་སྐད་བརྡ། མཚན་ཉིད་དང་རྩིས་རིག གསོ་རིག་དང་བཟོ་རིག་སོགས་རིག་གནས་སྣ་མང་འདུས་པའི་རྣམ་པ་ཅན་ཞིག་ཏུ་ངོས་འཛིན་བྱེད་ཀྱི་ཡོད། དེ་ལྟར་ནའང་བོན་གྱི་རིག་གནས་ནི་ལོ་རྒྱུས་ཡུན་རིང་ཞིང་དུས་རབས་ཀྱི་འགག་འཕྲང་མང་པོ་བརྒྱུད་ནས་བྱུང་བ་ཞིག་ཡིན་སྟབས་བསྟན་པ་འདིར་ཚད་མེད་པའི་གོད་ཆགས་ཆེན་པོ་ཐེབས་པ་ནི་ཀུན་གྱིས་མཁྱེན་དགོས་པར་སྨོས་སུ་མེད། དེས་ན་བསྟན་དང་འགྲོ་བའི་དོན་ཆེན་ཕྲག་ཏུ་བཞེས་པའི་༧ སྐྱབས་རྗེ་རྒྱལ་བ་སྨན་རི་བའི་མཁན་སློབ་ཉི་ཟླ་ཟུང་འབྲེལ་གཙོས་པའི་གཡུང་དྲུང་བོན་གྱི་བླ་སྤྲུལ་སྐྱེས་ཆེན་དུ་མས་རྒྱལ་བའི་གསུང་རབ་ཁག་དཔར་དུ་བསྐྲུན་ཏེ། རྒྱལ་ཁབ་དུ་མའི་དཔེ་མཛོད་ཁང་རྣམས་སུ་འགྲེམས་སྤེལ་མཛད་པས། མཁས་དབང་མང་པོས་ཞིབ་འཇུག་དང་བདག་གཅེས་གནང་བ་མ་ཟད་བཤད་སྒྲུབ་ཀྱི་བསྟན་པ་སྤེལ་བ་ལ་མེད་དུ་མི་རུང་བའི་དགོས་མཁོའི་ཆ་རྐྱེན་ཞིག་བྱུང་ཡོད།

དེ་བཞིན་འདི་ག་དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེའི་དཔེ་མཛོད་ཁང་གིས་ཕྱི་ལོ་ ༢༠༠༣ ནས་བཟུང་བོན་གྱི་གནའ་དཔེ་འཚོལ་བསྡུ་དང་པར་སྐྲུན་བྱ་དགོས་རྒྱུ་ནི་ཤིན་ཏུ་གལ་ཆེ་བར་བརྩིས་ཏེ་ཞང་བོད་མཁས་གྲུབ་གསེར་རིའི་ཕྲེང་བའི་རྣམ་དཔྱོད་ཀྱི་འོ་མཚོ་ལས་བཞུར་བའི་རྨད་བྱུང་ལེགས་བཤད་ཀྱི་པོ་ཏི་དུ་མ་དེབ་གཟུགས་ཀྱི་རྣམ་པ་རུ་བསྒྱུར་ནས་རྒྱ་ཆེའི་གཟིགས་པ་པོ་རྣམས་ཀྱི་སྤྱན་ལམ་དུ་ཕུལ་ཡོད་ལ། ལྷག་དོན་དུ་༧ སྐྱབས་རྗེ་མཁན་ཆེན་ལུང་རྟོགས་བསྟན་པ་གཡུང་དྲུང་རིན་པོ་ཆེས་དགོངས་བཞེད་ལྟར་མ་འོངས་ལས་འཆར་གྱི་ཁོངས་སུ་སློབ་ཐོན་པ་དང་སློབ་གཉེར་བ་རྣམས་ཀྱིས་གཞུང་འགྲེལ་གྱི་སྐོར་དང། དཔྱད་དེབ་རྣམས་རིམ་པས་འདི་ནས་པར་སྐྲུན་ཞུ་རྒྱུའི་འཆར་གཞི་ཡོད་པ་གཞིར་བཟུང་ད་ལན་དཔལ་ལྡན་ཁྲི་བརྟན་ནོར་བུའི་རྩེའི་བཀའ་རམས་པ་ཚུལ་ཁྲིམས་དྲི་མེད་ལགས་ཀྱིས་བརྩམས་གནང་བའིォགསང་སྔགས་ཟབ་མོ་སྤྱི་སྤུངས་ཁྲོ་བོའི་རྒྱུད་དྲུག་དང་འབྲེལ་བའི་དཔྱད་ཟིན་ཕྱོགས་བསྒྲིགས།サཞེས་པ་འདི་ཉིད་དཔེ་མཛོད་ཁང་ནས་པར་སྐྲུན་འགྲེམ་སྤེལ་ཞུས་ཡོད་པ་འདིས་བོད་ཀྱི་རིག་གནས་དང་ལོ་རྒྱུས་ཀྱི་སྟོང་ཆ་གང་འཚམས་ཤིག་ཁ་སྐོང་ཐུབ་རྒྱུའི་རེ་འདུན་དང་། རྣམ་དཀར་དགེ་བའི་ལེགས་ཚོགས་ཅི་མཆིས་སྐྱབས་རྗེ་མཁན་སློབ་རྣམ་པ་གཙོས་པའི་བསྟན་འཛིན་སྐྱེས་མཆོག་གང་ན་སུ་བཞུགས་པ་རྣམས་ཀྱི་སྐུ་ཚེའི་བར་ཆད་ཞི་ཞིང་མཛད་འཕྲིན་རྒྱས་པ་དང་། བཤད་སྒྲུབ་གྱི་བསྟན་པ་རིན་པོ་ཆེ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པ་དང་། ཡངས་པའི་འཇིག་རྟེན་གྱི་ཁམས་འདིར་ནད་མུག་འཁྲུགས་རྩོད་ཐམས་ཅད་མིང་མེད་དུ་ཞི་སྟེ་བདེ་སྐྱིད་དཔལ་ལ་རོལ་བའི་སྨོན་འདུན་དང་བཅས་དཔལ་ལྡན་ཁྲི་བརྟན་ནོར་བུའི་རྩེའི་དཔེ་མཛོད་ཁང་ནས་ཕྱི་ལོ་༢༠༢༤ ལོའི་ཟླ་༡༢པའི་ཚེས་༢ཉིན་ཕུལ།

 

 

སྔོན་དུ་གླེང་འདོད་པའི་སྐད་ཆ་འགའ།

རང་ལ་མཚོན་ན་གཞན་དང་མཚུངས་པར་དེབ་ཅིག་འདོན་ཐུབ་རྒྱུའི་རེ་བ་ལོས་ཡོད་ཀྱང་དངོས་སུ་འབྲི་ཐུབ་པའི་སྤོབས་པ་གང་ཡང་མེད། རང་ཉིད་འཛིན་གྲྭའི་དཔེ་ཁྲིད་རྫོགས་མཚམས་ནས་དངོས་སུ་དགེ་བཤེས་མ་ཐོན་བར་ལོ་གསུམ་ནང་དུ་དམིགས་བསལ་ཆེད་སྦྱོང་གི་སྡེ་ཚན་དུ་འཛུལ་ཞུགས་ཀྱི་གོ་སྐབས་བཟང་པོ་བྱུང་བ་མ་ཟད་ཆེད་སྦྱོང་གི་གཞུང་ནི་སྔར་ནས་འདུན་པ་ཡོད་པ་བཞིན་གསང་སྔགས་སྤྱི་སྤུངས་ཀྱི་རྒྱུད་ཟབ་མོ་སྤ་གཏེར་ལས་བྱུང་བའི་ཁྲོ་བོའི་རྒྱུད་དྲུག་འདི་གདམས་པ་ཡིན། གཞུང་འདི་གདམ་དགོས་པའི་རྒྱུ་མཚན་ཡང་དེ་སྔོན་གསང་སྔགས་ལོ་རིམ་དང་པོའི་སྐབས་གཞུང་ཁྲིད་ཀྱི་གཙོ་བོ་གསང་བ་སྔགས་ཀྱི་མཆན་བཀའ་འགྲེལ་གསལ་བྱེད་ཡིན་སྟབས་སྐབས་དེར་གསང་སྔགས་ལུགས་ཀྱི་ཐུན་མོང་མ་ཡིན་པའི་དཀའ་གནད་དུ་མ་ཞིག་གི་ཁུངས་གཙོ་བོ་རྒྱུད་དྲུག་འདི་ཉིད་ནས་དྲངས་མཛད་ཡོད་པའི་བཀའ་དྲིན་གྱིས་རྒྱུད་དྲུག་འདི་ལ་ལྟ་ཀློག་བྱ་རྒྱུའི་སྒོ་ཕྱེས་པ་ལྟ་བུ་ཞིག་བྱུང་ཞིང་། དེ་ནས་བཟུང་རྒྱུད་སྡེ་འདི་ཉིད་བག་ཙམ་རེ་ཀློག་ཨེ་ཐུབ་བྱས་པ་ཡིན། དེ་ནས་རིམ་པར་གསང་སྔགས་ཀྱི་རྒྱུད་སྡེ་གཞན་ཡང་ཀློག་སྐབས་གསང་སྔགས་ཨ་དཀར་ཐེག་པའི་ཐུན་མོང་མ་ཡིན་པའི་རྣམ་བཞག་གི་ཚུལ་བསྟན་པ་ལ་རྒྱུད་སྡེ་འདི་ཉིད་གཞུང་གཞན་རྣམས་ལས་ཀྱང་ཁྱད་དུ་འཕགས་པ་ཞིག་འདུག་པར་ཚོར་ཞིང་། དེའི་དབང་གིས་རྒྱུད་སྡེ་ཟབ་མོ་འདི་ལ་བརྟེན་ནས་རང་ཉིད་ལ་གསང་སྔགས་ཐེག་པ་ཆེན་པོའི་ལུགས་ཀྱི་ཐུན་མོང་མ་ཡིན་པའི་གཞི་ལམ་འབྲས་བུའི་ཚུལ་རྣམས་ལ་གོ་བ་ཕྲན་ཙམ་རེ་དང་བག་ཆགས་ཅུང་ཟད་ཙམ་ཞིག་འཇོག་ཐུབ་ན་སྙམ་པའི་རེ་བ་དང་མོས་པ་ལྷག་པར་བྱུང་བའི་རྐྱེན་གྱིས་མཐར་རང་ལ་ཆེད་སྦྱོང་གི་གོ་སྐབས་ཐོབ་པ་དང་ལྷན་དུ་གཞུང་འདི་ཉིད་དངོས་སུ་གདམས་པ་ཡིན།

ཆེད་སྦྱོང་གི་དུས་ཡུན་ལོ་གསུམ་གྱི་ནང་ལོ་རེར་རྒྱུད་གཉིས་རེར་ཆེད་གཉེར་གྱིས་བལྟས་ཤིང་རྒྱུད་གཉིས་རེ་དེའི་ཐོག་བྲིས་རྒྱུགས་དང་བཤད་རྒྱུགས་གཉིས་རེ་བཅས་སྒྲིགས་གཞི་ལྟར་ཞུས་པ་ཡིན་ཡང་རང་ངོས་ནས་ལོ་གསུམ་དེའི་ནང་ཐོག་མར་རྒྱུད་འདི་ཉིད་དབུ་ནས་མཇུག་བར་ཡང་ནས་བསྐྱར་དུ་བཀླགས་ཏེ་དང་པོ་ཚིག་དོན་གྱི་གོ་བ་རྙེད་ཐབས་བྱས། དེ་ནས་གོ་བ་ཅུང་ཟད་རེ་རྙེད་པ་བྱུང་ཚེ་གཞུང་རང་ཉིད་ཀྱི་བསྟན་དོན་དེ་དག་གོང་འོག་གུང་དུ་བསྒྲིགས་ཏེ་འདི་ཡིན་དེ་མིན་གྱི་དཔྱད་པ་རེ་ཨེ་འབྱོར་བལྟས། དཔྱད་པ་ཅུང་ཟད་རེ་ཐུབ་པ་དེ་དག་རེ་རེ་བཞིན་དུ་ཟིན་ཐོར་བཀོད། ཟིན་ཐོ་འགོད་ཀྱིན་འགོད་ཀྱིན་རིམ་པར་བརྗོད་བྱ་རེ་རེའི་ཐོག་རྩོམ་ཡིག་གི་དུམ་མཚམས་རེ་གྲུབ་ཐུབ་པ་བྱུང་། རྩོམ་ཡིག་དུམ་བུ་རེ་གྲུབ་པ་དེ་དག་ཀྱང་རྒྱུད་ཉིད་ཡང་ཡང་ལྟ་ཀློག་བྱས་པ་ལ་བརྟེན་ནས་སྔ་ཕྱིར་གོ་བ་མི་འདྲ་བར་བྱུང་རིམ་བཞིན་བསྒྱུར་བཅོས་བཏང་ཞོར་བརྗོད་དོན་ཡང་སྔར་ལས་ཕུན་སུམ་ཇེ་འཚོགས་སུ་གྱུར། དེ་ལྟར་ག་ལེར་ག་ལེར་རྩོམ་ཡིག་གཅིག་གཉིས་གསུམ་དུ་གྲུབ་པ་དེ་དག་མཐར་ཕྱོགས་སུ་བསྡོམས་པའི་སྐབས་མཚམས་འདིར་འདི་ལྟར་གྱི་དེབ་གཅིག་གི་ཚད་དུ་ལོན་པ་བྱུང་བས་གཞི་ནས་དེབ་གཅིག་བསྐྲུན་རྒྱུའི་འདུན་པ་བྱུང་བ་མ་ཟད། ད་ལན་དུས་ཁྱད་པར་ཅན་རང་གི་འདི་ཕྱི་གཉིས་ཀྱི་སྐྱབས་གནས་རྒྱུད་གསུམ་བསྟན་པའི་འདུས་སོ་དྲིན་ཆེན་རྩ་བའི་བླ་མ་རྒྱལ་བ་སྨན་རི་བའི་ཡོངས་འཛིན་ཆེན་མོ་མཆོག་དགུང་གྲངས་བརྒྱ་ལ་ཕེབས་པའི་སྐལ་བཟང་གི་དུས་ཚིགས་འདིར་བླ་མ་དགྱེས་པའི་མཆོད་སྤྲིན་ཞིག་ཏུ་ཡོང་རེས་རྩོམ་དེབ་འདི་ཉིད་ལྷག་ཏུ་བཏོན་འདུན་བྱུང་ལ་སྐལ་བཟང་དེ་ཡང་དངོས་སུ་ཤར་སོང་།

དེ་ཡང་འདིར་འཁོད་པའི་རྩོམ་ཡིག་དེ་དག་ནི་རང་གི་ཆེད་སྦྱོང་བྱས་པའི་རིང་རྒྱུད་འདི་ཉིད་ཡང་ནས་ཡང་དུ་བཀླགས་ཏེ་རང་ནུས་ཅི་ཡོད་ཀྱིས་དཔྱད་པ་ཡང་ཡང་བྱས་པའི་རྙེད་དོན་གྱི་བསམ་འཆར་ཡིན་ལ། དེ་ནི་རང་ལ་ལྟོས་ན་མི་ལོ་ཧྲིལ་པོ་གསུམ་གྱི་ནང་འབད་བརྩོན་ལས་གྲུབ་པའི་གྲུབ་འབྲས་ཤིག་ཀྱང་ཡིན།

སྤྱིར་རྒྱུད་དྲུག་རང་གི་བསྟན་དོན་རྒྱ་ཆེ་ཞིང་གཏིང་དུ་ཟབ་པས་རྒྱུད་འདིའི་བསྟན་དོན་ཧྲིལ་པོའི་ཐོག་རྩོམ་ཡིག་འབྲི་དགོས་ན་བདག་ལྟ་བུའི་བློ་ཡི་ནུས་པས་ག་ལ་ལྕོགས། དེས་ན་འདིར་རྒྱ་མཚོའི་ནང་ནས་ཆུ་ཐིག་ཙམ་ཞིག་ཏུ་གཙོ་བོ་གསང་སྔགས་ཐེག་པ་ཆེན་པོའི་གཞི་ལམ་འབྲས་བུ་གསུམ་གྱི་ཚུལ་དང་དེ་འབྲེལ་གནད་དོན་ཕྱོགས་འགའ་ཞིག་གི་ཐད་རྒྱུད་རང་ཉིད་ལས་ཇི་ལྟར་བསྟན་པ་དཔྱད་གཞིར་གཙོ་བོར་བཟུང་ནས་རྩལ་འདོན་གང་ཐུབ་ཞུས་པའི་ཁུལ་གྱིས་ད་ལན་འདིར་རྩོམ་ཡིག་སྡེ་ཚན་བཅུ་བདུན་ཙམ་ཞིག་དངོས་སུ་བཀོད་ཡོད།

ངས་རྩོམ་ཡིག་འདི་དག་བྲིས་སྐབས་གལ་ཆེ་ཤོས་ཤིག་ནི་རྒྱུད་རང་གི་ཚིག་སོར་བཞག་གི་གོ་བ་གང་འབབ་དང་། རྒྱུད་རང་གི་བསྟན་དོན་གོང་འོག་གང་མཐུན་ལ་གཙོ་བོར་བསྟུན་པ་ལས་གསུང་སྒྲོས་དང་འགྲེལ་བ་གང་ཡང་རུང་བ་ཞིག་དང་མཐུན་ཐབས་གཙོ་བོར་བྱས་མེད། དེ་བཞིན་རྒྱུད་རང་གི་ཚིག་དོན་གྱི་གོ་བ་གསལ་པོ་ཡོང་ཐབས་དང་། རྒྱུད་རང་གི་སྐབས་དོན་རྣམས་གསལ་འདོན་ཡོང་ཐབས་གཙོ་བོར་བྱས་པ་ལས་གཞུང་དུ་མ་ནས་ལུང་འདྲེན་རྒྱུ་གཙོ་བོར་བྱས་མེད། མདོར་བསྡུས་ན་རྒྱུད་འདི་ཉིད་ཀྱི་ཐུན་མོང་མ་ཡིན་པའི་བསྟན་དོན་གང་ཡོད་པ་དེ་ཉིད་རྒྱུད་རང་གི་དགོངས་པ་ཇི་བཞིན་ཞིག་གསལ་འདོན་ཡོང་ཐབས་དམིགས་ཡུལ་གཙོ་བོར་བཟུང་ནས་བྲིས་པ་ཤ་སྟག་ཡིན།

དེ་ལྟར་བྲིས་པའི་རྒྱུད་རིམ་ནང་རྒྱུད་འདི་ཉིད་ནས་ཚིག་ཙམ་དུ་བྱུང་ཡང་དེ་ཉིད་ཀྱི་དོན་གསལ་ཁ་མ་བྱུང་བ་ལ་ཡེ་ཁྲི་མཐའ་སེལ་ལྟ་བུ་གཞུང་གཞན་ནས་གསལ་ཁ་ཅན་དུ་འབྱུང་བཞིན་འདུག་པ་དག་རང་གིས་གང་མཐོང་སྐབས་བབས་སུ་བརྗོད་དོན་དང་འབྲེལ་ནས་དྲངས་ཡོད།

སྤྱིར་རྒྱུད་འདི་ཉིད་དང་དམིགས་བསལ་དུ་འབྲེལ་བའི་བསྟན་བཅོས་ད་ཡོད་མཐའ་བཞི་རང་གྲོལ་ཡེ་ཤེས་རྒྱལ་མཚན་གྱིས་མཛད་པའི་ཁྲོ་བོའི་རྒྱུད་དྲུག་གི་ས་བཅད་དང་། ལྕང་ལུང་གཡུང་དྲུང་བསྟན་རྒྱལ་གྱིས་མཛད་པའི་སྒྱུ་འཕྲུལ་དྲྭ་བ་གསས་མཁར་རིན་པོ་ཆེའི་སྤྱི་སྤུངས་གསང་བ་ཐུགས་ཀྱི་བརྣག་པ་གཡུང་དྲུང་གི་གསང་རྒྱུད་དྲུག་གི་དོན་གྱི་འགྲེལ་བ་ཡིད་བཞིན་གཏེར་མཛོད་དང་། སྐྱབས་རྗེ་ཡོངས་འཛིན་རིན་པོ་ཆེ་མཆོག་གིས་རྒྱུད་དྲུག་གི་སྤྱི་དོན་ཚུལ་དུ་མཛད་གནང་བའི་གཡུང་དྲུང་གསང་རྒྱུད་འབྱེད་པའི་ལྡེ་མིག་དང་། གསང་བ་སྔགས་ཀྱི་མཆན་བཀའ་འགྲེལ་གསལ་བྱེད་བཅས་ལ་ཟུར་བལྟས་བགྱིས་ཤིང་དམིགས་བསལ་རྒྱུད་དྲུག་དང་འབྲེལ་བ་མེད་ཀྱང་འདི་ཉིད་ལས་ལུང་འདྲེན་བྱས་ཡོད་པའི་སྔགས་ཀྱི་བསྟན་བཅོས་རྣམས་དང་དེ་མིན་པའི་རང་ལུགས་ཀྱི་གསང་སྔགས་དང་འབྲེལ་བའི་བཀའ་དང་བསྟན་བཅོས་དུ་མས་ཟུར་རྒྱན་བྱས་ཡོད་ཀྱང་འདིར་དེ་དག་ཞིབ་ཕྲར་གསལ་བཤད་མི་དགོས་པར་རྩོམ་གྱི་དངོས་གཞི་བཀླག་ན་དེ་ནས་མཁྱེན་ངེས།

དེ་ཡང་བདག་ལ་མཚོན་ན་རྒྱུད་ཀྱི་བསྟན་དོན་འདི་དང་དེ་ཞེས་གཏན་འབེབ་བྱ་བའི་གནས་ཚད་དང་སྤོབས་པ་གང་ཡང་མེད་པས་རྩོམ་ཡིག་འདི་དག་གི་ནང་དུ་ཡང་ཐག་གཅོད་ཀྱི་རང་བཞིན་མ་ཡིན་པར་དོགས་སློང་དང་དཔྱད་པའི་རང་བཞིན་གཙོ་བོར་བྱས་ནས་བྲིས་པ་ཡིན་ལ། ད་དུང་གནད་དོན་དུ་མའི་ཐད་ཕྱོགས་ཙམ་ལས་ཞིབ་ཕྲར་དཔྱད་མ་ཐུབ་པར་ལྷག་པ་ཡང་ཡོད་པས་དེ་རྣམས་ནི་མུ་མཐུད་ནས་དཔྱད་པ་བྱ་རྒྱུའི་འདུན་པ་བཅང་ཡོད། རྩོམ་ཡིག་འབྲི་སྟངས་ཡང་ནམ་རྒྱུན་ལྟར་གཞུང་དོན་ལ་དཔྱད་པའི་ཚུལ་གཙོ་བོར་བྱས་ནས་བྲིས་པ་ལས་ལུང་ཁུངས་དང་དཔྱད་མཆན་སོགས་དེང་རབས་ཞིབ་འཇུག་གི་རྣམ་པའི་ཐོག་ནས་བྲིས་པ་མིན་པས་གཙོ་བོ་ཀློག་པ་པོ་རྣམ་པས་དེ་ལྟར་ཐུགས་འཇོག་གནང་རོགས་ཞུ་རྒྱུ་ཡིན་ལ། རྩོམ་ཡིག་འདི་དག་ཕྱོགས་བསྒྲིགས་བྱས་རྗེས་སྐྱབས་རྗེ་དྲིན་ཆེན་རྩ་བའི་བླ་མ་སློབ་དཔོན་ཚངས་པ་བསྟན་འཛིན་རིན་པོ་ཆེ་མཆོག་ལ་སྤྱན་གཟིགས་སུ་ཕུལ་བས་སྤྱིར་ན་ཁོང་ལ་དཔེ་གཟིགས་དང་དཔེ་ཁྲིད་ཉམས་ལེན་སོགས་ཀྱི་བར་ནས་དུས་ཚོད་གསེར་ལས་དཀོན་པའི་ཚོད་དུ་ཡོད་ནའང་ཚར་གཅིག་གཟིགས་ནས་གནད་དོན་དུ་མ་ཞིག་གི་ཐོག་ལམ་སྟོན་གྱི་བཀའ་དྲིན་ཆེན་པོ་བསྐྱངས་གནང་བ་མ་ཟད་ད་དུང་ནང་དོན་འགའ་ཞིག་ཐད་ལ་སླར་ཡང་དཔྱད་པ་དགོས་པའི་དགོངས་ཚུལ་གནང་འདུག་པ་རྣམས་ལས་རེ་འགའ་ཞིག་ནི་གནས་སྐབས་རང་གི་བསམ་ཚུལ་རང་སོར་བཞག་པ་ལས་བསྒྱུར་བཅོས་གཏོང་མེད་ཅིང་ཕྱིས་སུ་གནད་དོན་དེ་དག་ལ་མུ་མཐུད་དེ་དཔྱད་པ་བྱ་རྒྱུའི་འདུན་པ་བཅང་ཡོད།

ད་བར་རྒྱུད་དྲུག་འདི་ལྟ་ཀློག་བྱས་པའི་ཁྲོད་རང་གི་བསམ་པར་རྒྱུད་དྲུག་འདིའི་བསྟན་དོན་ཕྱོགས་འགའ་ཞིག་ནས་གླེང་བ་ཙམ་མ་ཡིན་པར་བསྟན་དོན་ཧྲིལ་པོའི་ཐོག་ཏུ་ཞིབ་ཅིང་ཕྲ་བའི་སྒོ་ནས་རང་གཞན་ཀུན་གྱིས་གླེང་སློང་ཤུགས་ཆེ་ཙམ་གནང་ཐུབ་ན་མ་འོངས་པར་རང་སྡེའི་ཁྲོད་ཐེག་པ་ཆེན་པོ་གསང་སྔགས་ཀྱི་དོན་འདི་ལ་འཆད་ཉན་སྒོམ་སྒྲུབ་གང་གི་ཐོག་ནས་ཀྱང་ཕན་ཐོགས་ཆེན་པོ་ཞིག་ཡོང་ངེས་པར་འདུག་སྙམ་པས་གསང་བ་སྔགས་ཀྱི་དོན་ལ་ལེགས་པར་འཇུག་འདོད་པ་དག་གིས་རྒྱུད་འདི་ལྟ་བུར་ཐོས་བསམ་ལེགས་པོ་ཞིག་འགྲོ་ཐུབ་དགོས་པ་ནི་ཧ་ཅང་གལ་ཆེ་བར་འདུག་ཅེས་རང་ངོས་ནས་བསམ་ཚུལ་ཙམ་ཞོར་དུ་ཞུས་པ་ཡིན།

གཞན་ཡང་རྒྱུད་དྲུག་འདི་ལ་ད་བར་འཕྲུལ་པར་བཏབ་པའི་དེབ་གཟུགས་ཡིག་གཏག་ཅན་ཁ་ཤས་འདུག་པ་རྣམས་ཀྱི་ནང་དུ་ཚིག་མི་འདྲ་བ་དང་ཚིག་རྐང་མང་ཉུང་བྱུང་བ་འདུག་པས་དེ་དག་གི་སྐོར་སྟག་ཞིག་དགོན་དུ་བཞུགས་པའི་རྒྱུད་དྲུག་ལག་བྲིས་ཅན་ཞིག་དཔར་བཤུས་ཆ་ཚང་མཁོ་འདོན་གྱི་བཀའ་དྲིན་ཆེན་པོ་གནང་བྱུང་བ་དེ་དང་། སོག་སྤྲུལ་བརྟེན་འགྱུར་ཅན། ཀུན་གྲོལ་བཀའ་འགྱུར་ཅན། གསུང་རབ་སྒོ་མཛོད་རིན་པོ་ཆེའི་གླེགས་བམ་ཅན་རྣམས་ཕན་ཚུན་གོ་བསྡུར་བགྱིས་ཚེ་ཚིག་དོན་ཁ་ཤས་ཡིག་ནོར་གྱིས་གོ་བ་རྦད་དེ་ཁ་ཁར་གྱུར་པ་དང་། ཚིག་རྐང་ཆད་པ་དེ་འདྲ་ཡང་འདུག་པས་ཕྱིས་རྒྱུད་དྲུག་ལ་ཐུགས་སྣང་གནང་མཁན་ཚོས་རྒྱུད་དྲུག་གི་དཔེ་མི་འདྲ་བ་ཁག་ལ་ཐུགས་སྣང་གནང་སྟེ་གོ་བསྡུར་དགོས་རྒྱུ་ཧ་ཅང་གལ་ཆེན་དུ་མཐོང་ཞེས་ཀྱང་ཞོར་དུ་ཞུ་འདོད།

དེ་ལྟར་བྲིས་པའི་བདག་གི་དཔྱད་ཟིན་འདི་དག་ནང་དུ་རང་གིས་གོ་དོན་མ་ཁྲོལ་བ་དང་གོ་བ་ལོག་པར་སོང་བའི་དབང་གིས་འགྲེལ་བཤད་ཕྱིན་ཅི་ལོག་པའམ་དཔྱད་པ་གནད་ལ་མ་སོང་བ་མང་པོ་ཞིག་ཡོད་ངེས་པས་དེ་དག་ནི་རང་གིས་རྣམ་དཔྱོད་ཀྱིས་མ་འདངས་བ་དང་། རྒྱུན་དུ་དཔེ་ཀློག་གྲངས་ཉུང་ལ་དཔེ་བལྟས་རྒྱ་ཆུང་སོང་བའི་སྐྱོན་ཁོ་ན་ལ་གཞན་ཅི། དེས་ན་དེ་ལྟ་བུའི་སྐྱོན་ཆ་གང་ཡོད་པ་རྣམས་ནི་ཀློག་པ་པོ་རྣམས་ལ་བཟོད་གསོལ་ཞུ་རྒྱུ་དང་། ཡང་ཕྱོགས་གཞན་ཞིག་ནས་བསམ་ན་རང་གིས་མི་ལོ་གསུམ་གྱི་རིང་རྒྱུད་འདི་ཉིད་ཡང་ནས་བསྐྱར་དུ་བཀླགས་པ་དང་དཔྱད་པ་ཡང་ཡང་བྱས་པའི་འབྲས་བུའི་བསམ་ཚུལ་གང་རྙེད་པ་བྲིས་ཡོད་པས་རྩོམ་དེབ་འདི་ཉིད་ཀློག་མཁན་རྣམས་ལ་རང་གི་ལྟ་ཚུལ་འདི་ལྟར་བྱུང་ཞེས་བགྲོ་གླེང་ཞིག་བྱས་པ་དང་ཁྱད་པར་མེད་ཕྱིར་ང་དང་ང་ལྟ་བུའི་རྒྱུད་འདི་ཉིད་ལ་ཐུགས་སྣང་ཅན་དང་ལས་དང་པོ་བ་རྣམས་ལ་མཚོན་ན་ཕན་ཐོག་ཅུང་ཟད་རེ་མེད་པ་ཡང་ག་ལ་ཡིན་སྲིད་སྙམ་ཞིང་ཕལ་ཆེར་དེ་ཙམ་ཞིག་གིས་ཀྱང་རང་ངོས་ནས་རྩོམ་དེབ་འདི་སྤེལ་བའི་དགོས་པ་ཡང་གྲུབ་སོང་བ་ཡིན་སྙམ་བཞིན་ཡོད། ཅེས་རྩོམ་པ་པོས་༢༠༢༤ ༡༡ ༡༠ཉིན་བྲིས།

 

(སྤྱིའི་གཟིགས་གྲངས། 463 དེ་རིང་། 1)

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
འཇིག་རྟེན་…
error: རྩོམ་འདི་བདག་དབང་ཅན་ཡིན།