ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

བཀའ་རམས་པའི་ལོ་རྒྱུས་སྙིང་བསྡུས།

བཀའ་རམས་པ་འགྲུ་རིགས་དྲང་སྲོང་ཚུལ་ཁྲིམས་དྲི་མེད་རྣམ་དག་ནི། ༡༩༩༠ལོར་ཁྱུང་པོ་སྟེང་ཆེན་རི་དམར་སྣ་རུ་སྐྱེས། ཆུང་དུས་སྨོན་རྒྱལ་བླ་བྲང་གི་འབྲོག་པར་ཕ་བུ་ལྷ་རྒྱལ་གྱིས་ཡི་གེ་འབྲི་ཀློག་ཐོག་མར་བསླབ། དེ་ནས་ལོ་བཅུ་གསུམ་བར་དུ་སྨོན་རྒྱལ་བླ་བྲང་དུ་འཚར་ལོང་བྱུང་ཞོར་ཡི་གེ་འབྲི་ཀློག་གཉིས་ལ་སྦྱང་པའི་གོ་སྐབས་ཡང་ཡང་ཐོབ། ཕྱི་ལོ་༢༠༠༣ལོར་ཁྱུང་པོ་སྟེང་ཆེན་དགོན་དུ་སྒྲུབ་གྲྭར་ཞུགས་ཤིང་། རྩ་བའི་བླ་མ་འོད་ཟེར་སྦྱིན་པ་ཕུན་ཚོགས་ཀྱི་མདུན་ནས་རབ་ཏུ་བྱུང་སྟེ་ཚུལ་མིང་ལ་ཐར་ལམ་རབ་གསལ་ཞེས་གནང་། སྒྲུབ་གྲྭ་ལོ་བཞིའི་རིང་དུ་རང་ལ་ལམ་སྟོན་གནང་མཁན་ཨ་དཀར་ཚེ་རིང་ལགས་ཀྱི་གཙོས་མཆེད་གྲོགས་རྣམས་པའི་ལྟ་སྐྱོང་འོག་མཁན་སློབ་དགེ་རྒན་རྣམ་པའི་མདུན་ནས་གཙོ་བོར་ཀུན་མཁྱེན་ཤར་རྫ་པའི་བཀའ་རྣམས་དང་གཞན་ཡང་བརྡ་དག་སྙན་གསུམ། འབྱུང་རྩིས། དཀྱིལ་འཁོར་སོགས་རིག་གནས་བཅས་ལ་ཐོས་བསམ་སློབ་གཉེར་བྱས་པ་དང་། བོན་སྔོན་འགྲོ་དང་དངོས་གཞི། རྩ་རླུང་། མུན་མཚམས་བཅས་མཐར་ཕྱིན་པར་བྱས་ཏེ་༢༠༠༧ལོར་དངོས་སུ་སྒྲུབ་གྲྭ་ནས་ཐོན། ལོ་དེར་གདན་ས་དཔལ་ལྡན་ཁྲི་བརྟན་ནོར་བུའི་རྩེ་རུ་འབྱོར་ཞིང་དེ་ནས་གདན་ས་དཔལ་གཤེན་བསྟན་སྨན་རིའི་གླིང་དགོན་དུ་མཇལ་བཅར་སྐབས་༸སྐྱབས་རྗེ་རྒྱལ་བ་སྨན་རི་བའི་མདུན་ནས་གྲྭ་སའི་ལུགས་ལྟར་རབ་བྱུང་ཞུས་ཏེ་གྲྭ་སའི་སྒྲིག་ཞུགས་བྱས། ཕྱི་ལོ་༢༠༠༧ལོར་དངོས་སུ་གདན་ས་ཁྲི་བརྟན་ནོར་བུའི་རྩེར་གཡུང་དྲུང་བོན་གྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་གི་བཤད་སྒྲུབ་འདུས་སྡེའི་སྒྲིག་ཁོངས་སུ་ཞུགས། གདན་ས་འདིའི་མཁན་སློབ་དགེ་རྒན་རྣམ་པའི་བཀའ་དྲིན་འོག་བསྡུས་རྟགས་ནས་རྫོགས་ཆེན་བར་འཛིན་གྲྭ་རིམ་པར་བརྒལ་ཏེ་མདོ་སྔགས་སེམས་གསུམ་གྱི་གཞུང་ལུགས་དང་། བརྡ་དག་སོགས་རིག་གནས་རྣམས་ཀྱི་སློབ་ཚན་གང་ཡོད་ཁག་ལ་སྒྲིག་གཞི་ལྟར་ཐོས་བསམ་སློབ་གཉེར་དང་རྒྱུགས་སྤྲོད་རྣམས་ཚད་ལོན་པར་བྱས། དམིགས་བསལ་དུ་ཕྱི་ལོ་༢༠༠༩ལོར་༸སྐྱབས་རྗེ་རྒྱལ་བ་སྨན་རི་བའི་བའི་མཁན་སློབ་ཉི་ཟླ་ཟུང་ལྷན་བཞུགས་མདུན་ནས་དྲང་སྲོང་གི་ཁྲིམས་ཐོབ་ནས་དྲང་སྲོང་གི་མིང་ཚུལ་ཁྲིམས་དྲི་མེད་རྣམ་དག་ཅེས་གནང་། ཕྱི་ལོ་༢༠༡༠ལོར་གདན་ས་ཆེན་མོ་དཔལ་ལྡན་ཁྲི་བརྟན་ནོར་བུའི་རྩེས་གོ་སྒྲིག་འོག་སྐྱབས་རྗེ་མཁན་སློབ་རྣམ་པ་ནས་དམིགས་བསལ་ལུང་རྒྱུན་དཀོན་རིགས་ཀྱི་ལུང་རྒྱུན་གནང་བ་རྣམས་ཆ་ཚང་ཐོབ། ཕྱི་ལོ་༢༠༡༦ལོར་བོད་ཀྱི་ཆོས་རྒྱུད་ཆེན་མོ་བཞི་དང་གཡུང་དྲུང་བོན་བཅས་ཀྱི་བགྲོ་གླེང་ལྷན་ཚོགས་ཐེངས་གཉིས་པའི་ཐོག་ཚོགས་བཅར་ཀྱི་གོ་སྐབས་ཐོབ། ཕྱི་ལོ་༢༠༡༩ལོར་༸སྐྱབས་རྗེ་ཡོངས་འཛིན་ཆེན་མོ་མཆོག་དང་སྐྱབས་རྗེ་མཁན་ཆེན་ལུང་རྟོགས་བསྟན་པ་གཡུང་དྲུང་རྣམ་པ་གཉིས་ནས་དམིགས་བསལ་རིག་འཛིན་བོན་འཁོར་སོགས་ཀྱི་བཀའ་དབང་བསྩལ་གནང་མཛད་པ་རྣམས་ཆ་ཚང་ཐོབ། ༢༠༢༡དང་༢༠༢༢ ། ༢༠༢༤བཅས་ལ་བོན་རིག་པའི་བགྲོ་གླེང་དུ་ཞུགས་ནས་རྩོམ་ཤོག་སྒྲོགས་སྦྱོང་བྱས།

༢༠༢༡ལོར་གཞུང་ཆེན་ཆེད་སྦྱོང་འཛིན་གྲྭར་ཞུགས་ནས་ཆེད་སྦྱོང་གི་གཞུང་གཙོ་བོ་སྤ་གཏེར་གྱི་ཁྲོ་བོའི་རྒྱུད་དྲུག་ཐོག་ལོ་གསུམ་རིང་ཆེད་སྦྱོང་བྱས་ཏེ་རྒྱུགས་སྤྲོད་ཀྱི་རིམ་པ་རྣམས་མཐར་ཕྱིན་པར་བྱས་པའི་ཞོར་དུ། ༸སྐྱབས་རྗེ་དཔོན་སློབ་ཚངས་པ་བསྟན་འཛིན་རིན་པོ་ཆེའི་མདུན་ནས་རྫོགས་ཆེན་ཡང་རྩེ་ཀློང་ཆེན་དྲང་ངེས་གཉིས། ཡེ་ཁྲི་མཐའ་སེལ་བཅས་ཀྱི་བཀའ་ཁྲིད་ཐོབ་ཅིང་། སྐྱབས་རྗེ་སྒྲུབ་གྲྭའི་མཁན་རིན་པོ་ཆེ་ཚུལ་ཁྲིམས་བསྟན་འཛིན་མཆོག་གི་མདུན་ནས་རྫོགས་ཆེན་སྙན་རྒྱུད་ལས་ཕྱི་ལྟ་བ་སྤྱི་སྤྱོད། ནང་མན་ངག་དམར་ཁྲིད། ནང་མན་ངག་དམར་ཁྲིད། གསང་བ་རིག་པ་གཅེར་མཐོང་། བྲུ་རྒྱལ་བའི་ཕྱག་ཁྲིད་བཅས་སྙན་རྒྱུད་སྐོར་དང་། རྩོད་སྤོང་སྨྲ་སེང་དང་དེའི་མཆན་འགྲེལ། མན་ངག་ལུང་གི་ཚད་མའི་རྩ་འགྲེལ། ལོ་ཆེན་ཤ་རི་དབུ་ཆེན་གྱི་གཏན་ཚིག་ངེས་པའི་གལ་མདོ། པན་ཆེན་ལི་ཤིའི་ཚད་མ་གལ་མདོ་བཅས་རྫོགས་ཆེན་ཚད་མའི་བོན་སྡེ་རྣམས་ཀྱི་བཀའ་ཁྲིད་ལེགས་པར་ཐོབ། ཕྱི་ལོ་༢༠༢༣ལོར་གཞུང་ཆེན་ཆེད་སྦྱོང་འཛིན་གྲྭ་ནས་ཐོན་ཏེ་ཆེད་སྦྱོང་སློབ་ཐོན་གྱི་ཕྱག་འཁྱེར་ཐོབ། བློ་རྒྱུགས་འཕར་མ་སྐོར་ལ་བསྡུས་གྲྭའི་སྐབས་ཀུན་མཁྱེན་བསྡུས་གྲྭའི་སྤྱི་བསྟན་ཆ་ཚང་དང་། རྟགས་རིགས་སྐབས་དཔོན་སློབ་ཡོན་ཏན་རྒྱ་མཚོས་མཛད་པའི་རྟགས་རིགས་ཀྱི་གཞུང་ཆ་ཚང་། ཚད་མའི་སྐབས་རྗེ་རིན་པོ་ཆེའི་ཚད་མའི་རང་འགྲེལ་ཆ་ཚང་། ཐེག་འགྲེལ་སྐབས་འགྲེལ་མེ་ལོང་གི་རྒྱུ་ཐེག་བཞི་ཆ་ཚང་། ཕར་ཕྱིན་སྐབས་དང་པོའི་སྐབས་ཡོངས་འཛིན་རིན་པོ་ཆེས་མཛད་པའི་མཚོན་བྱེད་ཞེ་ལྔ། ཆེད་སྦྱོང་ལོ་རིམ་དང་པོའི་སྐབས་ཐེག་འགྲེལ་མེ་ལོང་དགུ་སྐོར་ཆ་ཚང་དང་སྙན་རྒྱུད་སྒྲོན་མ་དྲུག ལོ་རིམ་གཉིས་པའི་ལོ་མཇུག་སྐབས་སུ་སླར་ཡང་ཐེག་འགྲེལ་མེ་ལོང་དགུ་སྐོར་དང་སྒྲོན་མ་དྲུག་གཉིས། བཀའ་རམས་པའི་སྐབས་སུ་སླར་ཐེག་འགྲེལ་མེ་ལོང་དགུ་སྐོར་ཆ་ཚང་བཅས་བློ་རྒྱུགས་སུ་ཕུལ། ཕྱི་ལོ་༢༠༢༤ལོ་འདིར་དངོས་སུ་བཀའ་རམས་པའི་མཚན་རྟགས་ཐོབ་སྟེ་ལོ་འདིའི་ཟླ་བ་༡༢པའི་ཚེས་༡༥ཉིན་སྐྱབས་རྗེ་མཁན་སློབ་རྣམ་པའི་སྤྱན་སྔར་རིག་གནས་ཀྱི་ཤོག་ཁྲ་རྒྱུགས་སྤྲོད་བྱས་ཏེ་བརྡ་སྤྲོད་ཀུན་བཤད་ཀྱི་མཚན་དུ་ཡེ་དབང་དགྱེས་པའི་འབངས་ཞེས་གནང་། ཕྱི་ལོ་༢༠༢༥ལོར་སྐྱབས་རྗེ་སྨྲ་དབང་ཡོངས་འཛིན་ཆེན་མོ་མཆོག་དགུང་གྲངས་བརྒྱ་ལ་ཕེབས་པའི་སྐལ་བཟང་གི་དུས་སྟོན་དང་འབྲེལ་རྒྱལ་སྤྱིའི་བོན་རིག་པའི་བགྲོ་གླེང་ཐེངས་དྲུག་པའི་ཐོག་མཉམ་ཞུགས་བྱས་ཏེ་རྩོམ་ཤོག་སྒྲོག་སྦྱོང་བྱས་དུས་བཟང་དེ་དང་འབྲེལ་དགེ་བའི་བཤེས་གཉེན་གྱི་མཚན་རྟགས་ཐོབ་པའི་སྐལ་བཟང་ཤར་བ་བཅས་རང་ཉིད་ཀྱི་ངོ་སྤྲོད་མདོར་བསྡུས་སུ་ཕྱི་ལོ་༢༠༢༤ལོའི་ཟླ་བ་༡༡པའི་ཚེས་༢༨ཉིན་བྲིས། 

བཀའ་རམས་པ་རྨ་རོང་དྲང་སྲོང་ལི་དབྱིངས་ཚུལ་ཁྲིམས་རྒྱ་མཚོ་ནི། སྦྲ་ཆེན་རྨ་རོང་ཡོལ་གཞུང་དུ་སྐྱེས། ཕྱི་ལོ་ ༡༩༩༨ ལོར་གྲུབ་ཆེན་ནམ་མཁའ་རིན་པོ་ཆེའི་མདུན་ནས་རབ་བྱུང་ཞུས་ཏེ་སྔོན་འགྲོ་དང་དངོས་གཞི་རྩ་རླུང་མུན་མཚམས་གཙོས་ལོ་གྲངས་དུ་མའི་རིང་ཀུན་མཁྱེན་ཤར་རྫ་པའི་ཁྲིད་སྐོར་སྦྱངས། ཕྱི་ལོ་ ༢༠༠༤ ལོར་བལ་ཡུལ་དུ་འབྱོར་ནས་གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་༸དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེའི་བཤད་སྒྲུབ་འདུས་སྡེའི་སྒྲིག་ཁོངས་སུ་ཞུགས་ནས་༧སྐྱབས་རྗེ་སློབ་དཔོན་ཚངས་པ་བསྟན་འཛིན་རིན་པོ་ཆེ་གཙོས་པའི་མཁན་སློབ་དགེ་རྒན་རྣམ་པའི་མདུན་ནས་གཡུང་དྲུང་བོན་གྱི་མདོ་སྔགས་རྫོགས་གསུམ་རིག་གནས་བཅས་པར་སྦྱངས། ༧སྐྱབས་རྗེ་ཡོངས་འཛིན་སྨྲ་བའི་དབང་པོ་རིན་པོ་ཆེ་དང་། ༧སྐྱབས་རྗེ་མཁན་ཆེན་ལུང་རྟོགས་བསྟན་པ་གཡུང་དྲུང་རིན་པོ་ཆེ་རྣམ་གཉིས་མདུན་ནས་དྲང་སྲོང་ཀྱི་ཁྲིམས་ཞུས་ཤིང་སྔགས་རྫོགས་གྱི་དབང་ལུང་ཁྲིད་གསུམ་གང་ཟབ་ཐོབ། གཡུང་དྲུང་བོན་གྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་གི་བཤད་གྲྭའི་སློབ་ཚན་རྫོགས་རྗེས་མ་རྒྱུད་བསྐྱར་སྦྱང་བྱས་ནས། བཤད་སྒྲུབ་འདུས་སྡེའི་སྐབས་ཉེར་བདུན་པའི་ལོ་འཁོར་རྒྱུགས་སྤྲོད་ཐོག་རྩོད་རྒྱུགས་དང་བྲིས་རྒྱུགས་གཉིས་ཀ་ནས་ཨང་དང་པོ་ཐོབ། བཤད་སྒྲུབ་འདུས་སྡེ་སྐབས་ཉེར་བརྒྱད་པའི་ལོ་འཁོར་རྒྱུགས་སྤྲོད་ཐོག་མ་རྒྱུད་རྩོད་རྒྱུགས་ཨང་དང་པོ་བཅས་ཐོབ་མྱོང་།

ཞོར་དུ་སྤྱི་ཚོགས་ཤེས་ཡོན་སྐོར་གྱི་ཉམས་མྱོང་བསགས་པ་ནི། རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་ཚོགས་ཆེན་ཐེངས་བཅུ་དྲུག་པའི་ཐོག་དཔྱད་རྩོམ་སྒྲོགས་སྦྱང་དང་། བོན་རིག་པའི་བགྲོ་གླེང་ཐེངས་གཉིས་པ་དང་གསུམ་པའི་ཐོག་ལ་དཔྱད་རྩོམ་སྒྲོགས་སྦྱང་ཞུས། ཆོས་བརྒྱུད་ཆེན་པོ་བཞི་དང་གཡུང་དྲུང་བོན་བཅས་ཀྱི་གཞུང་ཆེན་བགྲོ་གླེང་དང་། རབ་བྱུང་ན་གཞོན་ཕོ་མོ་སྐྱེད་བསྲིང་བྱེད་ཕྱོགས་ཀྱི་མཁས་པའི་བགྲོ་གླེང་ཐོག་ཚོགས་བཅར་དང་ཚོགས་ཆུང་འགན་འཛིན་གནང་། གཡུང་དྲུང་བོན་གྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་གི་སྐབས་བཅུ་གཉིས་པ་དང་སྐབས་བཅུ་གསུམ་པའི་སྒྲུབ་གྲྭའི་དགེ་སྐོས། ༧དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེའི་བཙའ་སྐྱོང་ལྷན་ཚོགས་སྐབས་བརྒྱད་པའི་གྲྭ་ཚང་འཕྲོད་བསྟེན་འགན་འཛིན་དང་གཞི་རིམ་སློབ་གྲྭའི་འགན་འཛིན་གཅིག་ལྕོགས་ལོ་གསུམ་གནང་། གཡུང་དྲུང་བོན་གྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་གི་སྐབས་ཉེར་དྲུག་པའི་འཕྲོད་བསྟེན་འགན་འཛིན་གནང་ཞིང་། ད་ལྟ་༧དཔལ་ལྡན་ཁྲི་བརྟན་ནོར་རྩེའི་བཙའ་སྐྱོངས་ལྷན་ཚོགས་སྐབས་བཅུ་པའི་གྲྭ་ཚང་སྤྱི་གཉེར་གྱི་ཕྱག་ལས་དང་གངས་ཅན་ཕྲུ་གུའི་བདེ་རྩ་ཚོགས་པའི་དྲུང་ཆེ་བཅས་གནང་མུས་ཡིན། འདིར་ལོར་༢༠༢༤དངོས་སུ་བཀའ་རམས་པའི་མཚན་རྟགས་ཐོབ་ཅིང་ཟླ་བ་༡༢པའི་ཚེས་༡༥ཉིན་སྐྱབས་རྗེ་མཁན་སློབ་རྣམ་པའི་སྤྱན་སྔར་རིག་གནས་ཀྱི་ཤོག་ཁྲ་རྒྱུགས་སྤྲོད་བྱས་ཏེ་བརྡ་སྤྲོད་ཀུན་བཤད་ཀྱི་མཚན་དུ་རིག་གྲོལ་དབྱིངས་ཉིད་རང་ཤར་ཞེས་གནང་། ཕྱི་ལོ་༢༠༢༥ལོར་གསང་གསུམ་བོན་གྱི་མཛོད་འཛིན་སྐྱབས་རྗེ་ཡོངས་འཛིན་ཆེན་མོ་མཆོག་དགུང་གྲངས་བརྒྱ་ལ་ཕེབས་དུས་བརྒྱ་སྟོན་གྱི་མཛད་སྒོའི་གོ་སྒྲིག་པ་དང་། དུས་བཟང་དེའི་ཐོག་དགེ་བའི་བཤེས་གཉེན་གྱི་མཚན་རྟགས་ཐོབ།གསང་སྔགས་མ་རྒྱུད་སྐོར་གྱི་དཔྱད་བརྗོད་དང་བསྡུས་དོན་ཞེས་པའི་རྩོམ་དེབ་གཅིག་འགྲེམས་སྤེལ་ཞུས་པ་བཅས་ངོ་སྤྲོད་མདོར་བསྡུས་སུ་ཕྱི་ལོ་༢༠༢༤ལོའི་ཟླ་བ་༩པའི་ཚེས་༨ཉིན་བྲིས། བཀའ་རམས་པ་རྣམས་ཀྱི་ལོ་རྒྱུས་དོ་བདག་སོ་སོས་མཐུན་སྦྱོར་གནང་བ་ལྟར་བཀོད།

པར་པ་ཁྱུང་ཐོག་འགོད།

(སྤྱིའི་གཟིགས་གྲངས། 211 དེ་རིང་། 2)

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
གཡུང་དྲུང་…
error: རྩོམ་འདི་བདག་དབང་ཅན་ཡིན།