ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

བཅོས་མིན་དད་པས་བསྐུལ་བའི་ངག་གི་ཕྱག་རྒྱ།

སྐབས་འདིར་ཉེར་ལྔའི་དགའ་སྟོན་གྱི་དངོས་གཞིའི་མཛད་སྒོ་དང་། ༧སྐྱབས་རྗེ་ཡོངས་འཛིན་སྨྲ་བའི་དབང་པོ་མཆོག་དགུང་གྲངས་གོ་ལྔར་ཕེབས་པའི་དགྱེས་སྟོན་དང་འབྲེལ་བརྟན་བཞུགས་བསྟར་འབུལ་དང་། སྐུ་ཕྱྭ་ཞབས་རིམ་བསྒྲུབས་དང་སྒྲུབ་བཞིན་པའི་སྐབས་འདིར་སློབ་གཉེར་བ་གཙོས་ཐུགས་རེ་གནང་མཁན་མི་ཉུང་བ་ཞིག་གིས་བཅོས་མིན་དད་པས་བསྐུལ་བའི་ཤིས་ཚིག་དང་། བསྟོད་ཚོགས།གསོལ་འདེབས་སོགས་ངེད་ཚོར་ཐད་ཀར་ཕུལ་འབྱོར་བྱུང་རིགས་རྣམས་སྔ་ཕྱིའི་སླེབས་རིམ་དང་བསྟུན་ཕྱོགས་གཅིག་ཏུ་བསྒྲིགས་ནས་དངོས་གཞིའི་བརྟན་བཞུགས་འབུལ་བའི་སྐལ་བཟང་གི་ཉིན་མོ་འདིར་དངོས་སུ་བརྒྱུད་འགོད་ཞུས་ཡོད།

 

 

དཔོན་གསས་བླ་མ་༧སྐྱབས་རྗེ་ཡོངས་འཛིན་སྨྲ་བའི་སེང་གེ་བསྟན་འཛིན་རྣམ་དག་རིན་པོ་ཆེ་མཆོག་གི་

བརྟན་བཞུགས་བདེན་བདར་ཀུ་ཧུའི་དབྱངས་ཆུང་།

 

ཁྱུང་ལུང་ཚུལ་ཁྲིམས་ཕུན་ཚོགས།

བསྐལ་མང་གོང་ནས་གཞན་ཕན་ཐུགས་བསྐྱེད་བརླབ་ཆེན་གོམས་པའི་མཐུས། །བྱིས་པའི་དུས་ནས་ཕར་ཕྱིན་བཅུ་ཡི་བག་ཆགས་རབ་སད་དེ། །སྐྱེས་ཐོབ་ཤེས་རབ་རྣོ་དང་ལྷོད་མེད་འབད་བརྩོན་ཟུང་འབྲེལ་གྱིས།  །མཁས་བཙུན་བཟང་དང་ཐོས་བསམ་བསྒོམ་པའི་རྩལ་ཆེན་ཡོངས་སུ་རྫོགས། །དུར་དེར་རྒྱལ་བ་གཤེན་གྱི་བསྟན་པ་འཛིན་སྐྱོང་སྤེལ་གསུམ་དང་། །མཁས་གྲུབ་དུ་མའི་འབྱུང་གནས་འདུས་སྡེ་བཀྲ་ཤིས་སྨན་རིའི་གླིང་།  །སློབ་དཔོན་ལས་ཐོག་གནང་ཞིང་དྲི་མེད་རང་ལུགས་ཟབ་མོའི་གཞུང་། འཆད་རྩོད་རྩོམ་པའི་བླ་མེད་མཛད་པ་ངལ་མེད་དང་དུ་བཞེས།  །དེ་ནས་རི་མཐོ་ས་གཙང་མཐོ་སྒང་ཁ་བའི་ཡུལ་མཆོག་འདིར།  །སྙིགས་མ་ལྔ་བདོའི་དུག་རླུང་འཚུབ་མས་བཟང་རྒུ་རབ་སྒྲིབ་ཚེ།  །རྒྱལ་བ་དམུ་སྲས་མགོན་པོའི་བསྟན་པ་བླ་སྲོག་འཛིན་པའི་ཆེད།  །གཞན་ཡུལ་ཕེབས་ཏེ་གཤེན་གྱི་བསྟན་པའི་མེ་རོ་སླར་ཡང་སློང་།  །གོ་ལའི་ཁྱོན་ཀུན་བསྐལ་པ་འཁོར་བུ་ཆུང་གི་དུས་ཚིགས་དེར། །ངལ་བ་ཁྱད་དུ་བསད་དེ་དཀའ་སྡུག་དུ་མ་རིམ་བརྒྱུད་དེ། །སྙིང་པོའི་བསྟན་པ་རྒྱས་པའི་གསོས་སུ་བཤད་སྒྲུབ་འདུས་སྡེ་བསྐྲུན། །སྐལ་ལྡན་དུ་མར་མཁས་པའི་བྱ་བ་གསུམ་གྱིས་བསྐྱངས་པར་མཛད། །ཡུལ་དང་སྐད་དང་ཆ་ལུགས་མི་རིགས་མི་འདྲ་མི་གཅིག་པ། །ཆོས་དང་འཇིག་རྟེན་ལྟ་བ་སྣ་ཚོགས་མཁས་དབང་དུ་མའི་དབུས།  །གངས་ཅན་རིག་པའི་མཁས་དབང་གངས་རིའི་ཚིག་མཛོད་ཆེན་མོ་ཞེས། །མངོན་པར་གྲགས་པའི་གང་དེ་ཡོངས་འཛིན་སྨྲ་བའི་སེང་གེ་མཆོག །ཁྱེད་ཀྱི་ཐུགས་བསྐྱེད་བརྩེ་བ་ཟབ་མོའི་མཁའ་ཡངས་ཆར་ཆེན་གྱིས། །གཞན་ཡུལ་དེ་ནས་བཤད་སྒྲུབ་གྱེར་བསྟན་ལོ་འབྲས་རབ་བཞད་ཅིང་།  །དགེ་ལེགས་དཔལ་གྱི་ས་བོན་ས་ཆེན་ཀུན་ལ་སྤེལ་མཛད་པོ།  །གཤེན་རབ་ཐུགས་ཀྱི་བསྟན་པའི་གཉེར་དཔོན་གྱེར་སྤུངས་དྲན་པ་དངོས། །ས་གཞིའི་ཁྱོན་འདིར་གཤེན་བསྟན་ཡོངས་རྫོགས་བསྟན་པའི་བདག་ཉིད་ཆེ།  །སྐུ་གསུང་ཐུགས་ཀྱིས་མི་ཟད་རྒྱན་གྱི་རྣམ་གསུམ་འཁོར་ལོ་ཡིས། །འཛམ་བུ་གླིང་དུ་གཤེན་གྱིས་བསྟན་པ་གཅིག་ནས་དུ་མ་ཡི། །རིམ་བཞིན་ཡོངས་སུ་སྤེལ་མཛད་འཛམ་གླིང་རྒྱན་དྲུག་གདུང་ཚོབ་དངོས། །སྔོན་དུས་ཁ་བ་གངས་ཅན་པ་དེ་བསོད་ནམས་དམན་དུས་ཚེ། །གཤེན་བསྟན་གསལ་བའི་ཉི་མ་རཱ་ཧུའི་གཙེས་ཏེ་སྒྲིབ་པའི་ཚེ།  །བོན་གཤེན་རིག་འཛིན་མང་པོས་གྱེར་བསྟན་མཐའ་ནས་དར་ཡོང་ཞེས། །བདེན་བདར་སྨོན་ལམ་བཏབ་པའི་དོན་དེ་དུས་ལ་བབས་པ་འདྲ།  །དེ་ལྟར་ཁྱེད་ཀྱི་ཐུགས་བརྩེ་ཟབ་མོས་དཀའ་བ་དུ་མ་ཡིས། །བསྐྲུན་པའི་མཁས་བཙུན་བཟང་གསུམ་འཛོམས་པའི་སྐལ་ལྡན་བུ་སློབ་ཚོགས། །འཛམ་གླིང་གང་སར་ཁྱབ་ཅིང་བཤད་སྒྲུབ་བསྟན་པའི་རྒྱལ་མཚན་ཆེ། །འཛུགས་འདི་དཔོན་གསས་བླ་མའི་མཁྱེན་བརྩེ་ནུས་པའི་དྲིན་དུ་ངེས།  །ཁྱེད་ནི་སྙིགས་དུས་དམུ་རྒོད་འདུལ་ཕྱིར་དུས་དང་བསྟུན་ཏེ་ཕེབས།  །ཁྱེད་ནི་དམུ་རྒྱལ་སྲས་པོ་གཤེན་རབ་མི་བོའི་གདུང་ཚོབ་ངེས་། །ཁྱེད་ནི་སྙིགས་དུས་རྒྱལ་བ་གཉིས་པ་མཉམ་མེད་བླ་མ་དངོས། །ཁྱེད་ཀྱིས་སྐུ་གསུང་ཐུགས་ཡོན་མཛད་འཕྲིན་བསམ་འཕེལ་དབང་གི་རྒྱལ།  །བོན་ཅན་བོན་ཉིད་བདེན་པའི་བདེན་པ་ཆེན་པོའི་ནུས་མཐུ་དང་། །ལྷ་མཆོག་ཡེ་སྲིད་གཡུང་དྲུང་ཚེ་ཡི་རྒྱལ་པོས་འཚོ་གཞེས་གྲོགས་མཛད་དེ། །སྐྱབས་གཅིག་ཡོངས་འཛིན་སྨྲ་བའི་ཉི་མ་བསྟན་འཛིན་རྣམ་དག་མཆོག །བསྟན་དང་འགྲོ་བའི་བསོད་ནམས་ཞིང་དུ་བརྟན་དུ་བཞུགས་པར་གསོལ། །

ཞེས་འདུ་གནས་སུམ་བཅུ་རྩ་བདུན་གྱི་འགོ་བོ་ཞང་ཞུང་སྒོ་གོང་དཔལ་ཁྱུང་ལུང་དངུལ་མཁར་སྒྲུབ་པའི་གནས་ཀྱི་ཚལ་ཐུགས་བསྟན་གཟི་འབར་མདོ་སྔགས་གྲགས་གླིང་དུ་གུས་པ་ཚུལ་ཁྲིམས་ཕུན་ཚོགས་ཀྱིས་མ་རྒྱུད་སྒྲུབ་པའི་ཐུན་མཚམས་སུ་གསོལ་བ་རྩེ་གཅིག་ཏུ་བཏབ་སྟེ་ཕུལ་བས་དཔལ་ལྡན་བླ་མའི་སྐུ་ཚེ་རྟག་བརྟན་ཡོང་བའི་རྒྱུ་རུ་གྱུར་ཅིག    ཐ་ཚན་མུ་ཙུག་སྨར་རོ།།   ༢༠༢༠༡༧ཉིན།

བསྟོད་ཚོགས།  གཤེན་རྒྱལ་བསྟན་པའི་དཔའ་བོ།

རྒྱལ་བསྟན༵་སྙིང་པོ་མདོ་སྔགས་རྫོགས་གསུམ་གཤེན་བསྟན༵་མཛེས་པའི་རྒྱན་དུ་སྤེལ།། ཡོངས་འཛིན༵་སྨྲ་དབང་མི་ཡི་སེང་གེ་བསྟན་འཛིན༵་ཡོངས་ཀྱི་གཙུག་གི་རྗེ།།

དོན་རྣ༵༵༵མ༵་སྤྲོས་མེད་ཉག་ཅིག་ལྟ་བ་ཤེས་རྣམ༵་རིག་པའི་རང་གདངས་འབར།། ཡང་དག༵་ཁྲི་གཙུག་རྒྱལ་བའི་གདུང་ཚོབ་རྣམ་དག༵་བདེ་ཆེན་འཁོར་ལོའི་མགོན།།

གདོང་དམར་བོད་ཀྱི་བསྟན་པའི་འབྱུང་ཁུངས་ཞང་ཞུང་སྒོ་པའི་ས་ཡི་ཆར།། དཀར་ནག་སེར་གསུམ་ཁྱུང་གི་གདུང་ལས་ཁྱུང་དཀར་རྒྱལ་པོའི་མངའ་འབངས་སུ།།

ཁམས་ཉིན་ཞེས་པའི་ཁམས་ཀྱི་ཡུལ་དུ་ཕྱི་ལོ་ཆིག་དགུ་གཉིས་དྲུག་ལོར།། ངོ་མཚར་སྟོང་གི་རྟེན་འབྲེལ་དང་བཅས་མཚན་དཔེ་དཀྱིལ་འཁོར་མངོན་པར་བཞད།།

ཆུང་ནས་དགེ་བའི་བག་ཆགས་སད་ཅིང་ཞི་དུལ་གཞན་ཕན་ལྷག་བསམ་དང་།། ཡ་རབས་སྤྱོད་བཟང་རང་གཤིས་ཕྱུག་པའི་བཅོས་མིན་སྐྱེས་བུའི་རང་རྟགས་མངའ།།

ཁྱད་དུ་འཕགས་པའི་སྤྲུལ་པའི་སྐུ་ཡི་མཚན་དཔེ་རང་བཞིན་ལྷུན་ལ་རྫོགས།། འཆི་མེད་གཡུང་དྲུང་མཚན་གྱི་ཅོད་པན་ཆུང་ཆུང་བྱིས་པའི་བླ་དྭགས་ཡིན།།

དགུང་ལོ་རྩིབས་བརྒྱད་འཁོར་ལོའི་གྲངས་ནས་ཨ་ཁུ་དབུ་མཛད་རྒན་པའི་མདུན།། རྨད་བྱུང་ཡོན་ཏན་ཀུན་གྱི་གཞི་མ་ཡི་གེ་བྲིས་ཀློག་ལེགས་པར་བསླབས།།

རི་མོའི་ལག་རྩལ་ཕུལ་དུ་ཕྱིན་པའི་ཞང་པོ་ཚེ་རིང་གཡང་འཕེལ་མདུན།། ཡབ་མྱེས་གོང་མའི་སྲོལ་རྒྱུན་རི་མོ་མཛེས་སྡུག་མིག་གི་དགའ་སྟོན་བསྐྲུན།།

དགུང་གྲངས་ལྔ་གསུམ་བཅོ་ལྔ་བཞེས་ཚེ་འཁོར་བའི་ལས་ལ་ཞེན་ལྡོག་སྟེ།། དགེ་སྦྱོར་འཕེལ་བའི་དབེན་བའི་གནས་ལ་འགྲིམ་འདོད་མ་བཅོས་ཐུགས་ལ་འཁྲུངས།།

གྲྭ་སར་ཕེབས་རྒྱུར་ཐུགས་ཐག་བཅད་དེ་གདན་ས་གཡུང་དྲུང་གླིང་དུ་འབྱོར།། དབང་ལུང་ཁྲིད་དང་ཁ་དོག་དཀར་དམར་རིག་ལམ་བསྡུས་གྲྭའི་སྒོ་མོ་ཕྱེ།།

བཅུ་བདུན་བཞེས་ཚེ་གྲྭ་ས་གོང་མ་རྒྱལ་བ་སྨན་གྱི་རི་ལ་ཕེབས།། རྒྱལ་བ་གཉིས་པའི་རིང་ལུགས་འཁྲུལ་མེད་ཁྲི་གཙུག་རྒྱལ་བའི་མཛད་སྤྱོད་ལྟར།།

ངེས་འབྱུང་བཅོས་མིན་ཐུགས་ལ་འཁྲུངས་ནས་རྒྱལ་ཚབ་ཚག་དཔེ་དགེ་སློང་མདུན།། གཙང་མ་གཙུག་ཕུད་སྡོམ་ཁྲིམས་བཞེས་ཏེ་ངུར་སྨྲིག་འཛིན་པའི་རྒྱན་དུ་གྱུར།།

སྤྲུལ་པའི་ལྷ་ཆེན་དབལ་ཆེན་གེ་ཁོད་ཐུགས་ཀྱི་གནས་ཆེན་ཏི་སེ་སོགས།། བལ་བོད་གནས་ཆེན་ཕལ་ཆེར་མཇལ་ནས་མཚན་བཅས་དགེ་བའི་ཚོགས་ཆེན་བསགས།།

སླར་ཡང་གདན་ས་གཡུང་གླིང་འབྱོར་ནས་རིག་ལམ་བསྡུས་གྲྭའི་རྣམ་བཞག་དང་།། དཀར་ནག་རྩིས་སོགས་རིག་པའི་གནས་རྣམས་ཤེས་རབ་རྣོན་པོས་གཏེར་དུ་བསྒྲུགས།།

བཅུ་དགུ་བཞེས་ཚེ་གྱེར་མཚོའི་དོ་རུ་ཡོངས་འཛིན་ཚུལ་ཁྲིམས་རྒྱལ་མཚན་མདུན།། བརྡ་དག་སྙན་ངག་སྒྲ་དང་སྡེར་སྦྱོར་དཀྱིལ་འཁོར་ཐིག་སོགས་རིག་པའི་གནས།།

ནམ་མཁའ་འདྲེན་སྟངས་སྐད་ཀྱི་བྱེ་བྲག་ཆོ་ག་ཕྱག་ལེན་བཅས་ལ་སྦྱངས།། གབ་མཛོད་ས་གསུམ་ཁྲིད་ཀྱི་རིགས་དང་ཡི་དམ་དུ་མའི་བཀའ་དབང་ཐོབ།།

སླར་ཡང་རྒྱལ་བ་སྨན་གྱི་རི་ལ་ཧོར་སློབ་སངས་རྒྱས་བསྟན་འཛིན་མདུན།། བསྡུས་རྟགས་བློ་གསུམ་ཚད་ཕར་དབུ་གསུམ་གབ་མཛོད་ས་གསུམ་འདུལ་འགྲེལ་དང་།།

མ་རྒྱུད་སྔགས་དང་སྙན་རྒྱུད་མ་བུ་གལ་མདོ་རྫོགས་ཆེན་གཞུང་བཅས་ལ།། ཤེས་རབ་གསུམ་གྱིས་སྒྲོ་འདོགས་བཅད་དེ་མཁས་པའི་མཚན་སྙན་རབ་ཏུ་འབར།།

དགུང་གྲངས་ཉེར་བདུན་འཛུམ་ཞལ་བཞད་ཚེ་མཁས་མང་འདུས་པ་རྒྱ་མཚོའི་དབུས།། བརྒལ་རྟགས་རིག་པའི་འཁོར་ལོ་སྐོར་ནས་རྩོད་རྒྱུགས་དམ་བཅའ་ལེགས་པ་གྲུབ།།

སྐལ་བཟང་དགེ་བའི་བཤེས་གཉེན་མཆོག་གི་གསེར་གྱི་ཅོད་པན་དབུ་ལ་གསོལ།། མདོ་དང་སྔགས་སེམས་རིག་གནས་བཅས་ལ་སྨྲ་བ་ལྗགས་ཀྱི་དབང་པོ་ཐོབ།།

མཉམ་མེད་བླ་མའི་གསེར་ཁྲི་གཡོན་ན་རིན་ཆེན་དང་པོའི་ཁྲི་སྟེང་དུ།། ཞབས་སེན་ཡིད་བཞིན་དབང་གི་རྒྱལ་པོ་མི་འཇིག་འཁོར་ལོའི་རེ་ཁ་བཀོད།།

ཡོངས་འཛིན་སློབ་དཔོན་སྨྲ་བའི་ཟླ་བ་རྒྱལ་བ་སྨན་གྱི་རི་ལ་ཚེས།། བཅུ་ཕྲག་རིག་པའི་ཀུ་མུད་དགའ་ཚལ་རྒྱལ་གཤེན་བསྟན་པའི་ཚལ་དུ་བཞད།།

མཁན་ཆེན་ཉི་མ་དབང་རྒྱལ་དྲུང་ནས་དག་པ་དྲང་སྲོང་སྡོམ་ཁྲིམས་བཞེས།། མཁར་སྣའི་རྒྱལ་ཚབ་གཡུང་དྲུང་རྒྱལ་མཚན་མཁན་ཆེན་བསྟན་པ་བློ་གྲོས་དང།།

དམུ་གཤེན་འཛམ་གླིང་རིན་ཆེན་ལ་སོགས་སྐྱེད་ཆེན་དུ་མའི་སྐུ་མདུན་ནས།། ཕྱི་ནང་གསང་བའི་བཀའ་དབང་བཞེས་ནས་གསང་གསུམ་བསྟན་པའི་མངའ་བདག་གྱུར།།

སྨྲ་དབང་མི་ཡི་ཉི་མ་སེར་པོ་རྒྱལ་བ་སྨན་གྱི་རི་ལ་ཤར།། བཅུ་ཕྲག་རིག་པའི་པད་ཚལ་སྣུམ་པོ་རྒྱལ་གཤེན་དགྱེས་པའི་ཚལ་དུ་བཞད།།

མ་བོས་སྐལ་བཟང་བུང་བའི་སློབ་ཚོགས་བཤད་སྒྲུབ་འདུས་པའི་སྡེ་རུ་འདུས།། འཆད་རྩོད་རྩོམ་པའི་བསྟན་པ་སྤེལ་ཏེ་སློབ་ཚོགས་དུ་མའི་ཤེས་རྒྱུད་བཀྲོལ།།

ཡི་དམ་དུ་མའི་བསྙེན་ཚད་བསྐྱལ་ནས་སྡེ་དྲུག་སྲུང་མ་བྲན་དུ་བཀོལ།། རྩ་རླུང་གཏུམ་མོ་གནད་དུ་བསྣོན་ནས་དགའ་བཞི་ཡེ་ཤེས་དྲོད་ཚད་འབར།།

འོད་གསལ་བདུན་སྐོར་ཉམས་སུ་ལེན་ནས་བོན་ཉིད་ཟེར་མདངས་རང་ཞལ་མཇལ།། ཐོས་བསམ་སྒོམ་གསུམ་ཟུང་དུ་འབྲེལ་ནས་བསླབ་གསུམ་བསྟན་པའི་བདག་ཉིད་གྱུར།།

དུས་འགྱུར་དུག་གི་གློག་དམར་ཁྲོད་དུ་སྐུ་སྲོག་ཉེན་ཁ་ཆེ་བའི་ཚེ།། བཟོད་པའི་གོ་ཆ་སྐུ་ལ་གསོལ་ཏེ་རྗེ་ཡི་གསེར་གདུང་གཏེར་དུ་སྦས།།

གཡུང་དྲུང་བོན་གྱི་བསྟན་པའི་སྙིང་པོ་གདུང་དམར་བོད་ཀྱི་ཕ་ནོར་ཏེ།། མདོ་སྔགས་རྫོགས་གསུམ་གསེར་གྱི་གླེགས་བམ་རྒྱ་གར་འཕགས་པའི་ཡུལ་དུ་དྲངས།།

དབྱིན་ལེན་ཡུལ་དུ་དབྱིན་ཡིག་སྦྱངས་ཏེ་སྐད་གཉིས་སྨྲ་པའི་ལོ་ཙྰ་འགྱུར།། བོན་དཔེ་མང་པོ་དཔར་བསྐྲུན་ཞུས་ཏེ་དཔེ་མཛོད་དུ་མ་བོན་གཏེར་འགེངས།།

གདོང་དམར་བོད་ཀྱི་རྒྱལ་རབས་དེབ་ཐེར་ལོན་ཌོན་མཐོ་སློབ་བཤད་ཁྲིད་གནང་།། ལོ་རྒྱུས་རྒྱ་མཚོའི་གསང་བ་བརྟོལ་ཅིང་འབེབ་གཏམ་ལུང་གི་སྙིང་པོ་འཁྲུངས།།

འཕགས་ཡུལ་ཧི་མ་ཅལ་གྱི་ཁོངས་གཏོགས་ཌོ་ལན་ཇི་ཞེས་གནས་མཆོག་དེ།། ཁྲིམས་མཐུན་སྒོ་ནས་ཉོ་སྒྲུབ་མཛད་དེ་གཡུང་དྲུང་བོན་གྱི་ཕ་གཞིས་གཙུགས།།

ས་མཐའ་སྐྱ་མོའི་བོན་འབངས་བསྡུས་ནས་དྲོད་ཁོལ་འབར་བའི་མ་ཁྱིམ་བསྐྲུན།། ཐོབ་རྒྱལ་གསར་པའི་བོན་གཞིས་བཏབ་སྟེ་བོན་འབངས་བདེ་སྐྱིད་གསར་དུ་རྙེད།།

སྨྲ་བའི་དབང་པོའི་གཙོ་འགན་བཞེས་ཏེ་བདེན་དཔུང་ལྷ་དང་སྲུང་མས་མཛད།། བོན་འབངས་ཡོངས་ཀྱི་གཙུག་རྒྱན་དམ་པ་རྒྱལ་བ་གཉིས་པའི་རྒྱལ་ཚབ་སྟེ།།

ལུང་རྟོགས་བསྟན་པའི་ཉི་མ་སེར་པོ་མི་ཤིགས་གསེར་གྱི་ཁྲི་འཕང་སྟེང༌།། ཞབས་ཟུང་རྩིབས་སྟོང་འཁོར་ལོའི་རེ་ཁ་བཀྲ་ཤིས་དཔལ་གྱིས་མཛེས་པར་བྱས།།

མཁན་སློབ་ཉི་ཟླ་ཟུང་དུ་འབྲེལ་ནས་སྨན་རིའི་གླིང་གི་སྒྲུབ་སྡེ་བཏབ།། བཤད་སྒྲུབ་འདུས་སྡེ་གསར་དུ་གཙུག་ནས་བསྟན་པའི་མེ་རོ་སླར་ཡང་གསོས།།

མདོ་སྔགས་ཟབ་མོའི་འཆད་ཁྲིད་གནང་ནས་སྐལ་བཟང་སློབ་མའི་ཁྱུ་ཚོགས་བསྐྱངས།། གང་གི་མཁྱེན་བརྩེའི་རྩལ་ལས་འཁྲུངས་པའི་རབས་འབྱམས་དགེ་གཤེས་བརྒྱ་ཕྲག་བརྒལ།།

ནྰ་ག་ཀླུ་གྲུབ་རི་ཡི་ཞོལ་དུ་གདན་ས་ཁྲི་བརྟན་ནོར་རྩེ་བཏབ།། བཤད་སྒྲུབ་ཟུང་གི་བསྟན་པའི་རྒྱལ་མཚན་མི་ནུབ་སྲིད་མཐའི་བར་དུ་བསྒྲེངས།།

མཁས་དང་གྲུབ་པའི་སྐྱེས་ཆེན་དུ་མ་སངས་རྒྱས་བསྟན་པའི་རྒྱན་དུ་འཕེལ།། སྙན་དང་གྲགས་པའི་དབྱར་རྔའི་སྐད་གསང་སྲིད་གསུམ་རྩེ་མོའི་བར་དུ་ལྡིར།།

ཉིད་ཀྱི་ཐུགས་སྲས་རྗེས་རུ་དགེ་བཤེས་ལུང་རྟོགས་བསྟན་པ་གཡུང་དྲུང་མཆོག།། གདན་ས་ཆེན་མོ་ཁྲི་བརྟན་ནོར་རྩེའི་ཁྲི་འཛིན་མཁན་པོར་མངའ་གསོལ་མཛད།།

མཁས་པའི་དབང་པོ་ཚངས་པ་བསྟན་འཛིན་བཤད་སྒྲུབ་གཉིས་ཀྱི་སློབ་དཔོན་དང་།། སྤ་སར་དགེ་བཤེས་ཚུལ་ཁྲིམས་བསྟན་འཛིན་སྒྲུབ་གྲྭའི་མཁན་པོར་གསར་དུ་བསྐོས།།

སྨན་རིའི་མཁན་རབས་ལྔ་ཡི་རིང་ལ་གསང་ཆེན་བོན་གྱི་གདམས་སྐོར་གནང་།། གཤེན་སྲས་ནོར་བུ་དབང་རྒྱལ་མཆོག་ལ་གསང་ཆེན་མ་རྒྱུད་དབང་བཞི་བསྩལ།།

ཆོས་རྒྱལ་ནམ་མཁའི་ནོར་བུ་མཆོག་ལ་ཞང་ཞུང་མེ་རིའི་བཀའ་དབང་གནང་།། རིས་སུ་མེད་པའི་སྐྱེད་ཆེན་དུ་མར་མན་ངག་ཟམ་མོའི་རྗེས་གནང་མང།།

མདོ་སྔགས་རྫོགས་གསུམ་ཞལ་ཁྲིད་གནང་སྟེ་མཁས་དང་གྲུབ་པའི་བུ་སློབ་མང་།། གྱེར་དབྱངས་འབུད་བཀྲོལ་ཕྱག་ལེན་སློབ་སྟེ་རང་སྐྱལ་ཐུབ་པའི་དབུ་མཛད་མང་།།

བཅའ་འབྲི་བཞེངས་གསུམ་ཐིག་བཀོད་འཆད་དེ་ཕུལ་ཕྱིན་ལག་རྩལ་མཁས་པ་མང་།། སངས་རྒྱས་གཤེན་རབ་ཞིང་འདིར་ཕེབས་དང་གཉིས་སུ་མེད་པའི་མཛད་འཕྲིན་བསྐྱངས།།

ཉི་ཧོང་བོན་ལུགས་ཞིབ་འཇུག་ཚོགས་པས་རྩེ་གཅིག་གསོལ་བ་བཏབ་པ་བཞིན།། གཡུང་དྲུང་བོན་གྱི་ཞལ་ཐང་དཀྱིལ་འཁོར་མཆོད་རྟེན་སོགས་ཀྱི་བཀོད་པ་མཛད།།

ཐེག་ཆེན་བོན་གྱི་བརྟེན་འགྱུར་ཆེན་མོའི་དཀར་ཆག་རྒྱས་པ་གསར་དུ་སྒྲིག།། བོན་གྱི་ཚིག་མཛོད་གསར་དུ་སྒྲིག་སྟེ་དཀའ་གནད་སྟོང་གི་མདུད་པ་བཀྲལ།།

མཚུངས་མེད་གསང་གསུམ་བོན་གྱི་མཛོད་འཛིན་སྐྱབས་རྗེ་སྨྲ་བའི་དབང་པོ་ཡིས།། སངས་རྒྱས་བསྟན་དང་འགྲོ་བའི་དོན་དུ་བླ་ན་མེད་པའི་མཛད་འཕྲིན་ལ།།

རིས་མེད་རྒྱལ་སྤྱི་བོན་འབངས་ཡོངས་ཀྱིས་མ་གྲོས་བསམ་པ་གཅིག་མཐུན་ནས།། རླབས་ཆེན་བཀའ་དྲིན་རྗེས་དྲན་ཚུལ་དུ་བརྟན་བཞུགས་གསེར་གྱི་མཎྜལ་བཏེགས།།

རྩོད་པས་གྲུབ་མཐའི་རྒྱ་མཚོ་བརྒལ་ནས་ལོག་རྟོག་ན་ཀྲའི་ཀླད་པ་འགེམས།། མདོ་འབུམ་རྒྱུད་མཛོད་དཀའ་གནད་དཀྲོལ་ཞིང་འཆད་པ་རིན་ཆེན་ཐང་མར་བརྡལ།།


རྣམ་དཔྱོད་རིག་པའི་གཏེར་ཆེན་བརྡོལ་ཏེ་རྩོམ་དེབ་བཅུ་ཕྲག་གསུམ་ལ་ཉེ།། ཨེ་མ་སྐལ་བཟང་འགྲོ་བའི་དཔལ་དུ་རྫོགས་ལྡན་གསར་པའི་དགའ་སྟོན་བསྐྲུན།།


ཚད་གསུམ་ལུང་གི་འབྲུག་ཆར་ཕབ་ནས་བསྡུས་རྟགས་ཚད་མའི་སྤྱི་དོན་རྩོམ།། ལོ་རྒྱུས་རིང་པོའི་གསང་བ་བརྟོལ་ཅིང་འབེལ་གཏམ་ལུང་གི་སྙིང་པོ་འཆད།།


མདོ་རྒྱུད་དགོངས་དོན་ཐུགས་ལ་འཁྲུངས་ཤིང་བཀའ་འགྲེལ་གསལ་བའི་ཉི་མ་ཤར།། གཅེར་མཐོང་རིག་པའི་གཤོག་དྲུག་རྫོགས་ཏེ་བླ་མེད་ཐེག་པའི་དགོངས་དོན་བཀྲལ།།


ཨེར་སངས་ལྷ་མོའི་དགྱེས་ཞལ་གྲོལ་ཏེ་སྙན་རྩོམ་རྣ་བའི་བཅུད་དུ་ཟགས།། རབ་འབྱམས་རྒྱ་མཚོའི་ཟླ་ཞལ་གཟིགས་ཤིང་བཟོ་རིག་མིག་གི་དགའ་སྟོན་སྦྱིན།།


ཚད་གསུམ་ཚད་མའི་སྲང་ལ་བཤར་ནས་སྟོན་པའི་འཁྲུངས་རྩིས་གཏན་ལ་ཕབ།། གནས་ལྔ་རིག་པའི་དགོངས་དོན་ཟབ་མོ་སྐལ་བཟང་སློབ་ཚོགས་དཔལ་དུ་བསྐྲུན།།


སྡེ་གསུམ་སྐོར་བཞི་གབ་མཛོད་ས་གསུམ་ཕྱི་ནང་གསང་བའི་བོན་སྒོ་ཡི།། དགོངས་འགྲེལ་གསལ་བྱེད་ཉི་མ་གཞོན་ནུ་ལེགས་བཤད་འབར་བའི་འོད་སྟོང་དེ།།


མཁྱེན་དཔྱོད་རིག་པའི་རྩལ་གྱིས་དྲངས་ཏེ་རིས་མེད་འཛམ་གླིང་ཁྱོན་ཀུན་ཏུ།། ཁྱབ་པར་མཛད་པའི་སྐྱེས་མཆོག་དེ་ནི་ཀུན་གྲུབ་རྒྱལ་སྲས་ཁྱེད་ཁོ་ན།།

གསང་གསུམ་གཡུང་དྲུང་བོན་གྱི་མཛོད་འཛིན་ཡོངས་འཛིན་སྨྲ་བའི་དབང་པོ་ཞེས།། སྙན་པའི་གྲགས་དཀར་སྒྲ་འཛིན་ཐོས་ཏེ་དད་པའི་མིག་ཞགས་ཁྱེད་ལ་འཕེན།།

རྐང་རྗེས་རི་མོ་མི་ཡུལ་བཀོད་དེ་གསེར་ཞལ་མཇལ་བའི་སྐལ་བཟང་ཐོབ།། བརྩེ་ཆེན་ཡེ་ཤེས་ཀྱི་ཐུགས་ཀྱིས་བཟུང་སྟེ་ཕྲན་གྱི་མི་ཚེའི་མདུན་ལམ་རྙེད།།

གུས་སློབ་བདག་ཀྱང་ལོ་མང་རིང་ལ་གདམས་ངག་ཟབ་མོ་མང་དུ་ཐོས།། མདོ་དང་སྔགས་སེམས་རིག་གནས་བཅས་ལ་སློབ་གཉེར་བྱས་པའི་སྐལ་བཟང་ཐོབ།།

རབ་འབྱམས་སྨྲ་བའི་དམ་བཅའ་བཞག་སྟེ་དགེ་བཤེས་མིང་གི་ཅོད་པན་གནང་།། སུམ་ལྡན་གཡུང་དྲུང་སློབ་དཔོན་ཁྱེད་ནི་བཀའ་དྲིན་སངས་རྒྱས་ལས་ཀྱང་ལྷག།།

ཁྱེད་ནི་འགྲན་བྲལ་རྒྱལ་གཤེན་བསྟན་པའི་བསུབ་ཏུ་མེད་པའི་དཔའ་བོ་ཡིན།། ཞུམ་པ་མེད་པའི་ཤེས་རབ་གསུམ་གྱིས་ལོག་རྟོག་ཕས་རྒོལ་གཤེད་མ་བཟློགས།།

རང་ལུགས་གཙང་མའི་རིག་གཞུང་ནོར་བུ་མཁའ་ཡི་སྙེ་མའི་ཏོག་ཏུ་བཀོད།། མི་ནུབ་གཡུང་དྲུང་བསྟན་པའི་རྒྱལ་མཚན་མི་འཇིག་སྲ་བརྟན་བྲག་ལ་བཏབ།།

ཐོས་བསམ་སྒོམ་གསུམ་གོ༵་ཆ་བཙན་པོས་གནས་ལྔ༵་མཁྱེན་པའི་ཕ་མཐར་སོན།། སྒོ་བཞི་མཛོད་ལྔའི་གོ༵་དོན་བཀྲལ་ནས་ཡེ་ལྔ༵འི་དགོངས་པ་གཏན་པ་ཕབ།།
འཛམ་གླིང་ས་སྒོང་གོ༵་ལའི་ཁྱིམ་འདིར་གནས་ལྔ༵་རིག་པའི་བོན་བསྟན་སྤེལ།། བསྟན་འགྲོ་སྐྱོང་ནས་གོ༵་ལྔ༵་བཞེས་ཏེ་དགུང་གྲངས་གོ༵་ལྔ༵འི་དུས་སྟོན་བསུ།།

ཞེས་༧ གསང་གསུམ་བོན་གྱི་མཛོད་འཛིན་སྐྱབས་རྗེ་ཡོངས་འཛིན་སྨྲ་བའི་དབང་པོ་རིན་པོ་ཆེ་མཆོག་གིས་སྐུ་ན་གཞོན་པའི་དུས་ནས་ད་བར་སངས་རྒྱས་གཡུང་དྲུང་བོན་གྱི་བསྟན་པ་རིན་པོ་ཆེ་འཛིན་སྐྱོང་སྤེལ་གསུམ་གྱི་འཕྲིན་ལས་བསྐྱངས་དང་སྐྱོང་བཞིན་པ་དང་། ཁྱད་པར་དུ་གཡུང་དྲུང་བོན་གྱི་བསྟན་པ་རིན་པོ་ཆེ་འགྱེལ་ས་ནས་བསླངས། ཆད་ལ་ཁད་ནས་མཐུད་དེ་ད་ལྟ་བོན་གྱི་རིག་གནས་ཞེས་འཛམ་གླིང་ཤེས་རིག་གི་ནོར་མཛོད་དུ་གནས་ཐུབ་པ་བྱུང་བ་ནི་ཉིད་ཀྱི་གཟི་བརྗིད་དང་ལོ་རྒྱུས་ཀྱི་རྡོ་རིང་ཡིན། རྗེ་བླ་མ་མཆོག་གིས་བསྟན་འགྲོ་ཁོ་ནའི་དོན་ཆེན་ཁུར་དུ་བཞེས་ནས་བགྲང་བྱ་གོ་ལྔ་རུ་ཕེབས་པའི་དུས་ཚིགས་སུ། བོན་འབང་སྤྱི་བོ་གནམ་བསྟན་ཡོངས་ཀྱིས་བཀའ་དྲིན་མཚོན་བྱེད་དུ་གོ་སྟོན་བརྟན་བཞུགས་སྐལ་བཟང་གི་མཛད་སྒོ་ལ་རྟེན་འབྲེལ་ལེགས་པའི་དགེ་མཚན་དུ་དམིགས་ནས་དགེ་མིང་པ་བློ་གྲོས་འོད་གསལ་གྱིས་སྐབས་གསུམ་ལྷ་ཡི་དགའ་ཚལ་མི་ཡུལ་དུ་འཕོས་པ་འདྲ་བའི་རང་བྱུང་གི་གནས་མཆོག་རྒྱལ་གཤེན་དཔའ་བོའི་སྒྲུབ་གནས་སུ་རྩ་རླུང་ཞགས་བརྒྱའི་བཅུད་ལེན་གྱི་ཉིན་ཐ་མའི་དུས་ཏེ་ཕྱི་ལོ༢༠༢༠།༠༡།༠༥། ཉིན་ཚིགས་སུ་བཅད་པ་སོ་གསུམ་པའི་བསྟོད་ཚོགས་འདི་ཉིད་མཇུག་ཡོངས་སུ་གྲུབ་པ་བཅས་༧ སྐྱབས་རྗེ་ཡོངས་འཛིན་སྨྲ་བའི་དབང་པོ་མཆོག་གི་ཞབས་པད་ཡུན་ནས་ཡུན་དུ་བརྟན་པའི་རྒྱུ་གྱུར་ཅིག །།

མཛད་རྣམ་དབྱངས་ཀྱི་རོལ་མོ་ཁྲི་ལོ་གནམ་གྲགས།

དགེ་གཤེན་ཚེ་ཚང་འོད་ཟེར་རྒྱལ་མཚན།

མཐོང་གསལ་རང་སེམས་ནམ་མཁའི་གུར་ཁང་དབུས། །ཉམས་ཀྱི་པི་ཝང་དཀྲོལ་ཤིང་རོལ་གར་འཁྱུད། །

རབ་དཀར་དུང་ཟླ་བཞད་པའི་ཆ་རྫོགས་ཅན། །ཤེས་རབ་སྒྲ་དབྱངས་ལྷ་མོས་ཤིས་པ་བསྩོལ། །

དཔོན་གསས་བླ་མའི་མཛད་འཕྲིན་རྒྱ་མཚོའི་འགྱིང་། །ཐོས་དམན་གྲུ་ཆུང་བདག་གིས་ཆོད་དབེན་ཀྱང་། །

དད་མོས་གུས་པའི་སྐྱ་བ་ལ་བརྟེན་ནས། །རེ་ཟེགས་རླབས་རྩེ་ཙམ་ཞིག་འདི་རུ་སྤྲོ། །

ལྷོ་གླིང་ས་ཡི་དཀྱིལ་འཁོར་གདལ་བའི་དབུས། །རི་བོ་སྒང་དྲུག་གྲགས་པའི་མུ་ཁྱུད་གནས། །

ཤེས་རིག་འོད་སྟོང་འཕྲོ་བའི་གྱིམ་ཤོད་ཅེས། །ཆོལ་གསུམ་འཛིན་མའི་ཁྱོན་འདིར་གྲགས་པ་འབར། །

དེ་འདྲའི་སྣོད་བཅུད་འཛོམས་པའི་ཁམས་ཉིན་ཞེས། །མ་བཅོས་ལྷུན་གྲུབ་བལྟམས་པའི་གཡང་ཁྱིམ་གྱི། །

རིགས་བཟང་ཡབ་ཡུམ་ཐབས་ཤེས་ཟུང་འབྲེལ་ལས། །ངོ་མཚར་རྟགས་བཅས་སྐུ་མཆོག་མཚན་དཔེ་བཞད། །

སྐུ་ན་ཆུང་ཡང་དགེ་སྡིག་བླང་དོར་གྱི། །ངོ་མཚར་མཛད་འཕྲིན་གཞན་ལས་ཆེས་འཕགས་ཏེ། །

དགུང་གྲངས་བརྒྱད་ནས་ཡིག་བྲིས་གྱེར་དབྱངས་སོགས། །ངལ་མེད་རང་རྡོལ་མཁྱེན་པའི་རིག་རྩལ་རྫོགས། །

བཅུ་གཅིག་བཞེས་པ་མེ་ཕོ་བྱི་བའི་ལོར། །གར་མ་ལི་ཤོའི་འོད་ཟེར་འཕྲོས་པའི་རྒྱུད། །

ལྡོང་ལུགས་རི་མོའི་སྒྱུ་རྩལ་ལ་སོགས་པ། །བཟོ་རིག་ཁོ་ལག་ཡོངས་རྫོགས་ཐུགས་སུ་ཆུད། །

དེ་ཚེ་སྔོན་གྱི་སྨོན་ལམ་མཐུས་བལྟས་ཏེ། །རྣལ་འབྱོར་ཆེན་མོ་གྲུབ་དབང་བཟོད་རྒྱལ་གྱིས། །

སྐྱེས་མཆོག་འདི་ནི་མ་འོངས་བསྟན་བདག་ཅེས། །ལུང་བསྟན་གདམས་དོན་མ་ལུས་རྫོགས་པར་གནང་། །

བཅོ་ལྔར་བཞེས་པ་ལྕགས་ཕོ་འབྲུག་གི་ལོར། །སྔོན་བྱོན་རིག་འཛིན་གོང་མའི་རྣམ་ཐར་དག །

ཐུགས་སུ་གཏད་དེ་རེ་ཞིག་དབུས་ཕྱོགས་སུ། །བསྟན་ལ་སྲིད་ཞུ་བསྒྲུབ་ཕྱིར་ཞབས་འཁོར་བསྒྱུར། །

སྐབས་དེར་བསྟན་སྲུང་རྒྱ་མཚོའི་སྡོང་གྲོགས་ཀྱིས། །རིག་གནས་ཆུ་ཆེན་འདུས་པའི་སྐྱེད་ཚལ་ཆེ། །

གཡུང་དྲུང་གླིང་ཞེས་མཚན་སྙན་འབར་བའི་སྡེར། །ཐོས་བསམ་ངོམ་མེད་སྤྱོད་པའི་སྐལ་བཟང་ཤར། །

བཅུ་བདུན་བཞེས་པ་ཆུ་ཕོ་རྟ་ཡི་ལོར། །ངེས་བྱུང་དང་བཅས་༧དཔལ་ལྡན་སྨན་རི་ནས། །

མཁན་སློབ་དཔང་དང་ཚུལ་ལྡན་བྱེ་བའི་དབུས། །བསླབ་ཁྲིམས་གཙང་མའི་ཚུལ་རྣམས་རྫོགས་པར་མནོས། །

བཅུ་དགུ་བཞེས་པར་གནས་ཆེན་གྱེར་མཚོའི་དོར། །ཡོངས་འཛིན་ཆེན་མོ་ཚུལ་ཁྲིམས་རྒྱལ་མཚན་མདུན། །

དཀར་ནག་རྩིས་དང་རྡུལ་ཚོན་གྱེར་གདངས་དང་། །གབ་མཛོད་སོགས་ལ་གསན་བསམ་མཐར་ཕྱིན་མཛད། །

ཉེར་གསུམ་ས་བྱིའི་ལོ་ལ་སྨན་གྱི་རིར། །སློབ་དཔོན་ཐུ་བོ་སངས་རྒྱས་བསྟན་འཛིན་མདུན། །

སྒོ་བཞི་མཛོད་དང་ཐེག་པ་རིམ་དགུ་སོགས། །ཕྱི་ནང་གསང་བའི་བོན་སྒོ་མ་ལུས་གསན། །

ཉེར་བདུན་བཞེས་པ་ཆུ་ཕོ་འབྲུག་གི་ལོར། །བཀྲ་ཤིས་སྨན་རིར་མཁས་མང་འདུས་སྡེའི་དབུས། །

གསན་བསམ་མཐར་ཕྱིན་རྩོད་གྲྭའི་དམ་བཅའ་བཞག །མཁས་པའི་གྲགས་པ་དབྱར་གྱི་རྔ་བཞིན་ལྡིར། །

དེ་ཚེ་༧མཁན་ཆེན་ཉི་མ་དབང་རྒྱལ་མདུན། །དྲང་སྲོང་བསླབ་རྫོགས་བསྟན་པའི་རྒྱུད་འཛིན་དུ། །

ངོ་མཚར་དང་བཅས་དཔལ་ལྡན་སྨན་རི་ཡི། །སློབ་དཔོན་ཆེན་མོའི་མཚན་གྱི་ཅོད་པན་བཞེས། །

སུམ་ཅུ་ཤིང་མོ་ལུག་ལ་གང་ཉིད་ཀྱི། །གདམས་པའི་སྣོད་གྱུར་ཐུགས་སྲས་མང་དག་ལས། །

ཤེས་རབ་བློ་གྲོས་རྒྱལ་བ་སྨན་རི་བའི། །གསེར་ཁྲིར་མངའ་གསོལ་བསྟན་པའི་དར་ཆེན་བསྒྲེངས། །

སོ་བཞིར་ས་མོ་ཕག་ལ་དུས་འགྱུར་གྱི། །རླུང་ནག་འཚུབ་མས་བསྟན་པའི་སྒྲོན་མེ་བཅོམ། །

སྐུ་གདུང་རིང་བསྲེལ་རྩ་ཆེའི་གསུང་རབ་སོགས། །སྐུ་སྲོག་འབེན་དུ་བཞག་སྟེ་གཉེར་བསྲུངས་མཛད། །

རེ་ཞིག་བསྟན་པ་མཐའ་དར་མངོན་གཟིགས་ཏེ། །སྐུ་འཁོར་དང་བཅས་འཕགས་ཡུལ་ཕེབས་ནས་སུ། །

གྱེར་བསྟན་གསུང་རབ་ནུབ་ཕྱོགས་ཡུལ་དུ་དྲངས། །འཛམ་གླིང་མཁས་བརྒྱའི་མིག་གི་སྒོ་མོ་ཕྱེས། །

སྐབས་དེར་འཛམ་གླིང་ཁྱོན་དུ་གྲགས་ཆེ་བའི། །ཨོག་སུ་ཕོཌ་སོགས་གཙུག་ལག་སློབ་གླིང་དུ། །

ཞང་བོད་བཅུ་ཕྲག་གནས་ལ་འཆད་ཁྲིད་བསྐྱངས། །མཁས་པའི་མཚན་སྙན་ཤར་ནུབ་ཀུན་དུ་ལྡིར། །

ཞེ་གཉིས་མེ་མོ་ལུག་ལ་འཕགས་ཡུལ་དུ། །བྱེས་འབྱོར་དད་དམ་གཅིག་པའི་སྐྱེ་བོ་ཀུན། །

སྐྱིད་སྡུག་འདྲིས་མའི་སེམས་ཀྱི་གཏད་ས་སྟེ། །ཐོབ་རྒྱལ་གསར་པ་ཞེས་པའི་གནས་གཞིས་བསྐྲུན། །

ཞེ་བཞི་ས་མོ་བྱ་ལ་༧སྨན་རི་བའི། །མཁན་རབས་སོ་གསུམ་༧ལུང་རྟོགས་ཉི་རིའི་མཚན། །

གསེར་ཁྲིར་མངའ་གསོལ་མ་འོངས་གདུལ་བྱའི་ཆེད། །༧གཤེན་བསྟན་སྨན་རི་ཞེས་པའི་དགོན་སྡེ་བཏབ། །

ང་གསུམ་ས་ཕོ་རྟ་ལ་དགོན་གནས་དེར། །གོང་འོག་བླ་ལྷའི་དགོངས་བཞེད་གཅིག་བསྡུས་ནས། །

འཁོར་ལོ་གསུམ་གྱི་བདག་ཉིད་བཤད་སྒྲུབ་སྡེའི། །སྔར་སྲོལ་རྒྱུད་པ་འཛིན་པའི་སློབ་གླིང་བསྐྲུན། །

རེ་གཅིག་བཞེས་པ་མེ་ཕོ་སྟག་གི་ལོར། །འཕགས་པའི་ཡུལ་ནས་ཐོག་མའི་སྐལ་བཟང་གི། །

བཤེས་གཉེན་དྲུག་ལ་མཚན་གྱི་ཅོད་པན་བསྩལ། །བསྟན་པའི་རྒྱན་དྲུག་འབྱོན་པའི་རྟེན་འབྲེལ་ཤར། །

ལོ་ཟླའི་འགོ་མ་དེ་ཡི་དབུ་ཁྱུད་ནས། །ད་ལྟའི་སྟོང་ལོ་གསར་པའི་དུས་ཚིགས་བར། །

བཤེས་གཉེན་བརྒྱ་ཕྲག་བརྒལ་བའི་མཛད་འཕྲིན་ཆེ། །བླ་མ་ཁྱེད་ཀྱི་བཀའ་དྲིན་སུ་ཡིས་གཞལ། །

ལོ་དེར་གངས་ཅན་ལྗོངས་སུ་ཞབས་བསྒྱུར་ཏེ། །སློབ་འབངས་ཁྲི་མ་འབུམ་གྱི་རེ་འབྲས་རྣམས། །

ཡོངས་སུ་སྨིན་པའི་བཀའ་གདམས་བསྩལ་བའི་མཐུས། །བསླབ་གསུམ་འཛིན་པའི་འདུས་སྡེ་རྩི་བཞིན་འཕེལ། །

སྐབས་དེར་བལ་ཡུལ་འཕགས་པ་ཤིན་ཀུན་གྱི། །གཡས་ཕྱོགས་གླང་རི་ནགས་ཀྱི་དབེན་ཁྲོད་དུ། །

ས་འདུལ་བུམ་བཅུད་བསྩལ་སོགས་རྨང་བཏིངས་ཏེ། །མ་འོངས་བསྟན་པ་དར་བའི་ཐུགས་སྨོན་མཛད། །

རེ་བདུན་ཆུ་སྤྲེལ་ལོ་ལ་༧སྨན་རི་རུ། །ཡ་ངལ་གདུང་ལ་འཕྲིན་ལས་ཉི་རིའི་མཚན། །

དཔོན་སློབ་མངའ་གསོལ་འདུས་སྡེའི་འཆད་ཉན་སོགས། །ཡར་ངོའི་ཟླ་བ་བཞིན་དུ་འཕེལ་ཤིང་རྒྱས། །

ལོ་དེར་དབེན་དགོན་ཁྲི་བརྟན་ནོར་བུ་རྩེའི། །རྟེན་དང་བརྟེན་པའི་ཆ་ཤས་མ་ལུས་པ། །

ཡོངས་སུ་འགྲུབ་ཕྱིར་ཉི་མ་དབང་རྒྱལ་ཉིད། །མཁན་ཆེན་ཁྲི་གསོལ་མཛད་པ་གཉེར་དུ་གཏད། །

སྐབས་དེར་སླར་ཡང་གངས་ལྗོངས་ཡུལ་གྲུ་རུ། །ཞབས་བསྒྱུར་གདུལ་བྱའི་རེ་བ་བསྐངས་ནས་སུ། །

རྒྱལ་བའི་བཀའ་གསུང་འཕྲུལ་གྱི་གླེགས་བམ་ཉིད། །ཆ་རྫོགས་འཕགས་པའི་ཡུལ་དུ་ཐོག་མར་དྲངས། །

རེ་དགུ་ཤིང་ཁྱིར་ཁྲི་བརྟན་ནོར་བུ་རྩེ། །ཡོངས་སུ་གྲུབ་ནས་མངའ་དབུལ་རབ་གནས་དང་། །

སྔར་སྲོལ་ཞང་བོད་ཚད་མ་རིག་པའི་སྡེ། །གཡུང་དྲུང་བོན་གྱི་ཆེས་མཐོའི་སློབ་གླིང་བཙུགས། །

དོན་གསུམ་བཞེས་པ་ཤིང་ཕོ་མེ་བྱི་ལོར། །སྨན་གྱི་སྒྲུབ་ཆེན་འོད་ཟེར་འཁྱིལ་བ་ཞེས། །

བྱིན་རླབས་ཚན་ཁ་འབར་བའི་བདུད་བརྩི་ཆེ། །སླར་ཡང་སྐྱེ་འགྲོའི་གསོས་སུ་སྨིན་པར་མཛད། །

དོན་དྲུག་བཞེས་པ་ལྕགས་མོ་སྦྲུལ་གྱི་ལོར། །ཉིད་ཀྱི་ཐུགས་སྲས་བསྟན་པ་གཡུང་དྲུང་མཆོག །

གོང་མའི་ཁྲིར་གསོལ་དགོན་འདིའི་འཛིན་སྐྱོང་སོགས། །དབྱར་གྱི་ཆུ་བོ་བཞིན་དུ་མུ་ནས་འཕེལ། །

སྔོན་བྱོན་རིག་འཛིན་གོང་མའི་སྨོན་ལམ་དང་། །གདུལ་བྱའི་བསོད་ནམས་ཅུང་ཞིག་མ་གྲིབ་ཕྱིར། །

གོང་གི་ལོ་དེར་རྟེན་འབྲེལ་ཐོག་མ་སྟེ། །སྐྱེས་ཆེན་དྲུག་ལ་བཤེས་གཉེན་མཚན་རྟགས་བསྩལ། །

དེ་ནས་བཟུང་སྟེ་དཔོན་གསས་བཤེས་གཉེན་སྡེ། །བཅུ་ཕྲག་དུ་མ་སློབ་པ་མཐར་ཕྱིན་ནས། །

ཤར་ནུབ་ཡུལ་གྲུར་གྱེར་བསྟན་འཛིན་སྐྱོང་ཕྱིར། །ཉིན་མཚན་བརྩོན་པ་དཔོན་གསས་ཉིད་ཀྱི་དྲིན། །

བརྒྱད་བཅུ་བཞེས་པ་ཤིང་མོ་བྱ་ཡི་ལོར། །ནུབ་ཕྱོགས་ཡུལ་གྱི་སློབ་མའི་རེ་བསྐང་ཆེད། །

མངའ་ཐང་ཕུན་ཚོགས་ཕ་རན་སིའི་ཡུལ། །གཤེན་བསྟན་དར་རྒྱས་གླིང་ཞེས་སྒྲུབ་སྡེ་བཏབ། །

དེ་འབྲེལ་བོན་ཚོགས་སློབ་གླིང་ལ་སོགས་པ། །ཤར་གྱི་གླིང་ནས་ནུབ་ཀྱི་མཐའ་རས་བར། །

ས་ཡི་རྩི་ཐོག་བཞིན་དུ་གྲངས་མང་བས། །རེ་ཞིག་བརྗོད་པའི་ནུས་པ་སུ་ལ་མཆིས། །

གོ་གཅིག་བཞེས་པ་མེ་ཕོ་སྤྲེལ་གྱི་ལོར། །གོང་གི་གསང་གསུམ་མཛད་པ་རྗེས་དྲན་དང་། །

སྐུ་ཚེ་མི་ཤིག་གཡུང་དྲུང་རྟག་བརྟན་ཕྱིར། །འཛམ་གླིང་བོན་སྡེས་བརྟན་ཌལ་ཆེན་མོ་ཕུལ། །

གོ་ལྔ་བཞེས་པ་ལྕགས་ཕོ་བྱི་བའི་ལོར། །ལྔ་རིག་སྐྱེད་ཚལ་ཆེས་མཐོའི་སློབ་གླིང་སྡེ། །

བགྲང་བྱ་ཉེར་ལྔའི་དགའ་སྟོན་ཆེན་མོ་དང་། །དཔོན་གསས་བླ་མ་དགྱེས་པའི་མཆོད་སྤྲིན་ཕུལ། །

ཕྱི་རབས་འགྲོ་རྣམས་ཤེས་རབ་མིག་འབྱེད་ཕྱིར། །འཁོར་ལོ་གསུམ་གྱི་མཛད་པ་ཆེན་པོ་རྣམས། །

བཅུད་དུ་བལྟམས་པའི་གསུང་འབུམ་རིན་ཆེན་ཕྲེང་། །བཅུ་ཕྲག་གསུམ་ཙམ་མཁས་བརྒྱའི་གསོས་སུ་བསྩལ། །

དེ་ལྟར་གོང་གི་སྐུ་གསུང་ཐུགས་ཀྱི་འཕྲིན། །རེ་རེར་བརྗོད་པའི་སྤོབས་པ་མ་མཆིས་ཀྱང་། །

ཉུང་ངུ་ཚིག་གི་སྤྲོས་པ་ཅུང་དབེན་པའི། །ཆུ་ཐིགས་ཙམ་འདི་དད་པའི་ཀློང་ནས་ཕུལ། །

འདི་བྲིས་རྣམ་དཀར་དགེ་བའི་མཐུ་སྟོབས་ཀྱིས། །དཔོན་གསས་བླ་མའི་སྐུ་ཚེ་བརྟན་པ་དང་། །

བསྟན་འཛིན་བུ་སློབ་བཤད་སྒྲུབ་འཕེལ་དང་ལྷན། །ཡོད་ཁམས་ཞི་བདེའི་དཔལ་ལ་སྤྱོད་གྱུར་ཅིག །

ཅེས་སྙིགས་མའི་དུས་འདིར་བསམ་བཞིན་དུ་༧སྨྲ་སེང་མི་ཡི་རྣམ་རོལ་མངོན་དུ་བྱོན་པ། གསང་གསུམ་བོན་གྱི་མཛོད་འཛིན་༧སྐྱབས་རྗེ་རྒྱལ་བ་སྨན་རི་བའི་ཡོངས་འཛིན་ཆེན་མོའི་མཛད་ཆེན་ཁག་ལས་ཉུང་ངུ་ཙམ་ཞིག་ཚིག་བཅད་ཀྱི་ལམ་ནས་གོ་བདེར་བྲིས་པ་འདི་ཉིད། སྤྱིར་རང་འདྲའི་བོན་འབངས་ཡོངས་ཀྱིས་བླ་མའི་མཛད་པ་དང་བཀའ་དྲིན་ནམ་ཡང་ཡིད་ལ་འཇགས་ཆེད་དང་། སྒོས་སུ་ད་ལན་༧དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེར་གཡུང་དྲུང་བོན་གྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་དབུ་བརྙེས་ནས་བགྲང་བྱ་ཧྲིལ་པོ་ཉེར་ལྔ་འཁོར་བའི་དགའ་སྟོན་དང་། དཔོན་གསས་བླ་མ་༧ཡོངས་འཛིན་ཆེན་མོ་མཆོག་བསྟན་འགྲོའི་དོན་དུ་རྒྱལ་སྲས་གཡུང་དྲུང་སེམས་དཔའི་མཛད་བཟང་བསྐྱངས་ནས་སྐུ་ཡི་དགུང་གྲངས་གོ་ལྔར་ཕེབས་པར་བཀའ་དྲིན་རྗེས་དྲན་གྱི་བརྟན་བཞུགས་ལ་དྲི་མེད་ལྷ་དར་ཞིག་གི་དོད་དུ། གོང་གི་སྐྱབས་འོག་ཏུ་འཚོ་བའི་སྐལ་པ་དང་ལྡན་པའི་དད་འབངས་དགེ་མིང་ཙམ་འཛིན་པ་གཤེན་ཚེ་ཚང་འོད་ཟེར་རྒྱལ་མཚན་ནམ་དྲ་མིང་ཧི་མ་ལ་ཡའི་རྒྱལ་སྲས་སུ་འབོད་པས་ཕྱི་ལོ་ ༢༠༢༠ ཟླ་ ༡ ཚེས ༢༢ ཉིན་ནུབ་ཕྱོགས་འཇར་མན་ཡུལ་གྱི་ཆུ་བོ་དྷོ་ནཱའོ་གཙང་པོའི་འགྲམ་དུ་གུས་ཕྱག་དང་བཅས་ཏེ་སྦྱར་བ་དགེའོ།། །།

འཛམ་གླིང་བླ་མའི་བཀའ་དྲིན་སྙིང་ནས་དྲན།

ཁྱུང་ཁྲི་ལྡེ།

གངས་ཀྱི་གཙུག་རྒྱན་དུ་ཆགས་པའི་གཏེར་གྱི་ནོར་བུ། །གྱེར་གྱི་མེ་ཁ་དེ་གསོ་བའི་དུས་ཀྱི་སྟོན་པ།།

བསམ་བཞིན་མི་གཟུགས་སུ་བྱོན་པའི་རྫོགས་པའི་སངས་རྒྱས།། འགྲོ་བའི་སྐྱབས་མགོན་དུ་གྱུར་པའི་ཡོངས་འཛིན་ཆེན་མོ།།

ཚེམས་ཀྱི་དུང་སོ་དེ་དཀར་ནས་དེ་རིང་བར་དུ།། བོན་བསྟན་ཁོ་ན་ཡི་དོན་དུ་དབུ་སྐྲ་དཀར་ཏེ།།

དགུང་གྲངས་གོ་ལྔ་ལ་ཕེབས་པའི་ཕ་གཅིག་བླ་མའི།། བཀའ་དྲིན་རྗེས་དྲན་གྱི་དུས་ཤིག་དེ་རིང་ཚེས་སོང་།།

མཁའ་ཡི་རྒྱུ་སྐར་གྱི་ཁྲོད་ན་ཉ་གང་ཟླ་བ།། ས་ཡི་དཀྱིལ་འཁོར་གྱི་དབུས་ན་ལྷུན་པོ་ཇི་བཞིན།།

མཁས་དང་གྲུབ་རིག་གི་ཁྲོད་དུ་མི་ཡི་སེང་ཆེན།། བླ་ནས་བླ་ན་རུ་འཕགས་པའི་དུས་ཀྱི་སྒྲོན་མེ།།

བསྟན་པའི་རྒྱལ་མཚན་དེ་ཕྱར་དུས་གྱད་ཀྱི་དཔུང་རྒོད།། བསྟན་གཤེད་ཁྱི་སྤྱང་ལ་རྒོལ་དུས་འབྲོང་གི་རུ་ཐུར།།

བསྟན་འཛིན་གསོ་སྐྱོང་ལ་རེམ་དུས་རྒྱལ་ཡུམ་བྱམས་མ།། བསྟན་བདག་བླ་ཆེན་གྱི་གཙུག་གི་ཡོངས་འཛིན་སྨྲ་དབང་།།

སྒོམ་སྒྲུབ་ཉམས་ལེན་དེ་སྐྱོང་དུས་རི་སྒོམ་དྲང་སྲོང་།། སྣ་མང་སྐད་རིགས་དེ་སྨྲ་དུས་ཧ་ཝར་འབུམ་རམས།།

རྣམ་གསུམ་འཁོར་ལོ་དེ་སྐོར་དུས་གཤེན་རྒྱལ་སྟོན་པ།། གྱེར་བསྟན་ཕྱོགས་ཀུན་ཏུ་སྤེལ་དུས་མཁས་པའི་རྒྱན་དྲུག།

ཞྭ་དཀར་བསྟན་པ་དེ་སྲིད་པའི་མི་ཞིག་ཡིན་ན།། མི་སྲོག་འཚོ་བྱེད་ཀྱི་ཟས་བཅུད་དྭངས་མ་ཁྱེད་ཡིན།།

ཞྭ་དཀར་བསྟན་པ་དེ་ནམ་མཁའི་བྱ་ཞིག་ཡིན་ན།། བྱ་ཚང་འཆའ་ས་ཡི་ཤིང་སྡོང་སྔོན་པོ་ཁྱེད་ཡིན།།

ཞྭ་དཀར་བསྟན་པ་དེ་ལྷ་ཁང་གྲུ་བཞི་ཡིན་ན།། ལྷ་ཁང་འདེག་བྱེད་ཀྱི་གསེར་གྱི་ཀ་བ་ཁྱེད་ཡིན།།

ཞྭ་དཀར་བསྟན་པ་དེ་ཐབ་ཀྱི་མེ་ཞིག་ཡིན་ན།། མེ་ཁ་གསོ་མཁན་གྱི་མ་བྱན་ཆེན་མོ་ཁྱེད་ཡིན།།

ས་ཆེན་གོ་ལ་ཡི་གདགས་སྲིབ་གཉིས་ཀའི་སྒང་ལ།། གཡུང་དྲུང་བོན་པོ་ཡི་སྲོག་དབང་གསོན་པོ་གནས་འདི།།

དབུ་ལོ་དུང་ལྟར་དུ་དཀར་བའི་ཡོངས་འཛིན་ཆེན་མོས།། མི་ལོ་གོ་ལྔའི་རིང་སྐུ་ལས་བསྐྱོན་པའི་འབྲས་རེད།།

ཤར་ནུབ་ཡུལ་གྲུ་ཡི་ཚོམ་ཆེན་དུ་མའི་ནང་དུ།། སྟག་མོ་ངར་ངར་དང་སེང་མོ་འགྱིང་འགྱིང་བྱེད་པའི།།

རབ་འབྱམས་དགེ་བཤེས་ཀྱིས་ས་ཆེན་ཡོམ་ཡོམ་གཡོ་འདི།། སྨྲ་སེང་ཡོངས་འཛིན་ཞེས་བླ་མ་གཅིག་གི་དྲིན་རེད།།

གོ་ལའི་ཤར་ནུབ་ཀྱི་དགོན་སྡེ་བརྒྱ་ཕྲག་བརྒལ་བར།། གཤེན་བསྟན་དར་རྟགས་ཀྱི་བཤད་སྒྲུབ་བསྟན་པའི་འཕེལ་ཁ།།

ལོ་རེ་ཟླ་རེ་བཞིན་དབྱར་གྱི་རྩི་བཞིན་རྒྱས་འདི།། ཡོངས་འཛིན་བླ་མ་ཡི་ལམ་སྟོན་ཁོ་ནས་དྲིན་རེད།།

སྟོད་འགག་སྔོན་པོ་ཚོའི་གྲྭ་པ་གྲྭ་རྐྱང་ཚོ་ལ།། བཀའ་ལུང་གཟིགས་པ་ཡི་སྤྱན་དཀྱུས་དང་པོ་འཛུམ་ཞིང་།།

ལུང་རིགས་སྨྲ་བ་ཡི་ལྗགས་རྩེ་ཐོག་མར་འཐོག་འདི།། དུས་ཀྱི་སྟོན་པ་དེས་མཛད་པ་ཁོ་ནའི་དྲིན་རེད།།

ཁྱེད་ཀྱི་བཀའ་དྲིན་དེ་དྲན་ཐེངས་རེ་རེའི་ནང་ལ།། དད་པའི་མིག་ཆུ་ཡིས་པང་ཁུག་སྦངས་བ་གྲངས་མེད།།

ཁྱེད་ཀྱིས་བཞག་པ་ཡི་ཕྱག་རྗེས་རེ་རེའི་གྲངས་ཀ། རྩིས་པའི་འབུམ་རམ་པས་བགྲངས་ཀྱང་གྲངས་ཀ་མི་ཐེབ།།

ཁྱེད་ཀྱི་དགུང་གྲངས་དེ་གོ་ལྔ་བཞུགས་པ་ཐུང་འདུག། ད་དུང་བརྒྱ་ཕྲག་ནས་བརྒྱ་ཕྲག་བརྟན་པར་བཞུགས་དགོས།།

ཁྱེད་ཀྱི་བུ་སློབ་ཚོས་ཁ་ལྟོ་ད་དུང་འབྱོར་མེད།། བུ་ཕྲུག་སྙོར་སྐྱོང་ཆེད་ཁྱེད་ཉིད་མེད་ན་ཐབ་ཆགས།།

ཁྱེད་ཀྱི་སྐུ་ལུས་དེ་རིན་ཆེན་གཟི་ཞིག་ཡིན་པས།། གཟི་ཡི་ཕྲེང་བ་དེ་ཞང་བོད་ས་ཡི་གཏེར་དགོས།།

ཁྱེད་ཀྱི་གསུང་དབྱངས་དེ་ཁུ་བྱུག་སྐད་ཅིག་ཡིན་པས།། བོད་པའི་རྣམ་ལམ་དུ་རྟག་ཏུ་ཁུ་བྱུག་གྲགས་དགོས།།

ཁྱེད་ཀྱི་ཐུགས་གཤིས་དེ་དཀར་ཡག་གངས་ཅིག་ཡིན་པས།། ས་མཐོའི་མཛེས་རྒྱན་དུ་གངས་དཀར་གཟི་འོད་རྒྱས་དགོས།།

ཁྱེད་ཀྱི་ཡོན་ཏན་དེ་འབྱུང་བ་རླུང་ཞིག་ཡིན་པས།། རླུང་དཀྱིལ་ལྗང་ནག་དེ་ས་གཞིའི་རྟེན་དུ་རླིང་དགོས།།

ཁྱེད་ཀྱི་ཕྲིན་ལས་དེ་དམར་པོ་མེ་ཞིག་ཡིན་པས།། གདུལ་བྱའི་འབྲས་བུ་དེ་སྨིན་བྱེད་དྲོད་རླབས་ཁྱེད་དགོས།།

ཁྱེད་ཀྱི་བྱམས་བརྩེ་དེ་སྔོན་མོའི་ཆུ་ཞིག་ཡིན་པས།། འགྲོ་བའི་ཚ་གདུང་དེ་སེལ་ལ་མགོན་ཁྱེད་མེད་ན་མི་ལོ།།

ཁྱེད་ནི་བོན་པོ་ཚོའི་ཡབ་ཆེན་ངོ་མ་ཡིན་པས།། བོན་ཕྲུག་ང་ཚོའི་དོན་ཁྱེད་ཉིད་ཡུན་རིང་བཞུགས་དགོས།།

ཁྱེད་ནི་ང་ཚོ་ཡི་མ་ཡུམ་དྲིན་ཆེན་ཡིན་པས།། མ་ཡི་བརྩེ་བ་ཡིས་བུ་ཕྲུག་འདོར་དུ་མི་ཉེན།།

ཁྱེད་ནི་སྤོང་ལམ་གྱི་བསྟན་པའི་བླ་སྲོག་ཡིན་པས།། སྡོམ་པའི་སྲོག་ཤིང་དེ་འཛིན་མཁན་ཁྱེད་ལ་ཐུག་ཡོད།།

ཁྱེད་ནི་སྒྱུར་ལམ་གྱི་དབང་གཞིའི་བདག་ཉིད་ཡིན་པས།། གདུལ་བྱ་རིག་འཛིན་གྱི་ལམ་ལ་འཁྲིད་མཁན་ཁྱེད་དགོས།།

ཁྱེད་ནི་གྲོལ་ལམ་གྱི་གདམས་པའི་བང་མཛོད་ཡིན་པས།། ཀུན་བཟང་དགོངས་པ་དེ་མི་ལ་སྟོན་མཁན་ཁྱེད་དགོས།།

ཁྱེད་ནི་རྒྱུ་ཐེག་གི་ལག་ལེན་མཁས་པ་ཡིན་པས།། གྲོང་ཆོག་རྒད་པོ་ཚོས་བློ་ཕུགས་འདྲི་ས་མཁོ་ཡོད།།

ཁྱེད་ནི་བཟོ་རིག་གི་གསལ་བྱེད་སྒྲོན་མེ་ཡིན་པས།། བཟོ་རིག་ལག་རྩལ་པས་བཀའ་འདྲི་ཞུ་ས་བཞུགས་དགོས།།

ཁྱེད་ནི་གཤེན་རབ་ཀྱི་གསུང་གི་མགྲིན་ཚབ་ཡིན་པས།། རྒྱལ་བའི་བཀའ་ལུང་དོན་ཁྱེད་ཉིད་མེད་ན་མི་ཁྲོལ།།

ཁྱེད་ནི་མགོ་ནག་གི་བོད་པའི་བསྟན་བདག་ཡིན་པས།། མགོ་ནག་མ་ཟད་བར་མགོན་ཁྱེད་བརྟན་པར་བཞུགས་དགོས།།

ཁྱེད་ནི་མགོ་སེར་གྱི་ཐར་པའི་ལམ་འདྲེན་ཡིན་པས།། མགོ་སེར་འཁོར་བ་དེ་མ་སྟོངས་བར་དུ་ཁྱེད་དགོས།།

སྤྱི་བོ་གནམ་བསྟན་གྱི་བོན་འབངས་ཡོད་དོ་ཅོག་གིས།། ཁྱེད་ལ་དད་གུས་ཀྱི་གསོལ་བ་སྙིང་ནས་བཏབ་ཡོད།།

ཁྱེད་ཉིད་དགུང་ལོ་དེ་བརྒྱ་ཕྲག་ཐོག་ཏུ་བཞུགས་པའི།། ཞལ་བཞེས་གཙང་མ་ཞིག་ཡིན་གཅིག་མིན་གཉིས་གནང་རོགས།།

ལྔ་ལྔའི་མཆོད་དབྱངས།

ཁྱུང་གཤོག

དབྱིངས་ནས་བྱོན་པའི་རྒྱལ་སྲས་ཁྱེད།། ས་ལ་ཕེབས་ནས་སེམས་དཔའི་ཚུལ།།

གཞན་དོན་མཛད་སྤྱོད་རླབས་པོ་ཆེ།། ཀུན་གྱི་ཡིད་རངས་བརྗོད་པས་གནས།།

ཨེ་མ་ངོ་མཚར་ཆེ་བ་ལ།།

མཁས་གྲུབ་བྱེ་བ་གཤེགས་པའི་ཤུལ།། བླ་ཆེན་དྲན་པའི་ཐུགས་ཀྱིས་སྲས།།

སྙིགས་མའི་དུས་ཀྱི་སྟོན་པ་དེ།།  བསྟན་དང་འགྲོ་བའི་དོན་མཛད་ཕྱིར།།

མཚན་དཔེའི་སྐུ་མཆོག་མངོན་པར་བཞད།།

གདན་ས་བཀྲ་ཤིས་སྨན་གླིང་ལ།། ཐོས་བསམ་སྒོམ་པའི་ཤེས་རབ་ཀྱིས།།

མདོ་སྔགས་ཟབ་མོའི་བོན་སྡེ་རྣམས།། ལེགས་པར་བརྟགས་ཤིང་དགོངས་པའི་དོན།།

མ་ལུས་ཐུགས་སུ་ཆུད་པར་མཛད།།

ཁ་བ་ཅན་གྱི་རི་བོ་ལ།། དུས་ཀྱི་དྲགས་ཆར་ལྡང་དྲགས་པས།

བསྟན་དོན་ཐུགས་ལ་འཆང་བཞིན་དུ།། མདོ་སྔགས་སེམས་ཀྱི་གླེག་བམ་དེ།།

རྒྱབ་ཏུ་ཁུར་ནས་མོན་ཡུལ་ཕེབས།།

རྒྱལ་བའི་བསྟན་དང་འགྲོ་བ་ལ།། ཐུགས་རྗེ་བརྩེ་བས་སྤྱན་གཟིགས་ཏེ།།

བྱེས་ཀྱི་གདན་ས་ཐོག་མ་དེ།། བོན་གཞིས་ཐོབ་རྒྱལ་གསར་པ་རུ།།

གཤེན་བསྟན་སྨན་རིའི་གླིང་ཞེས་བསྐྲུན།།

རྒྱལ་བ་མཉམ་མེད་ཆེན་པོ་ཡིས།། བསྟན་པ་ཡུན་རིང་གནས་པས་ཕྱིར།།

སྤྱི་ཕྲག་རིག་པའི་གནས་ཀུན་ལ།། ཐོས་བསམ་སྒོམ་པའི་ཤེས་རབ་ཀྱི།།

འཆད་ཉན་འདུས་སྡེ་སླར་ཡང་གཙུག།

བྱེས་ཀྱི་གདན་ས་ཐོག་མ་རུ།། མི་ལོ་བཞི་བཅུའི་ནང་གསེབ་ཏུ།།།

རབ་འབྱམས་དགེ་བའི་བཤེས་གཉེན་གྱི།། མཚན་གྱི་ཅོད་པན་འཆང་བ་པོ།།

བཤེས་གཉེན་བརྒྱ་ཕྲག་གྲངས་ལ་བརྒལ།།

དགོངས་གཞི་རྒྱ་ཆེ་ལ་གཟིགས་ཏེ།། བལ་པོའི་སྤྲིན་གྱི་མཁའ་ནང་དུ།།

ཀླུ་གྲུབ་རི་ཡི་མདུན་ཞོལ་ན།། བོན་དགོན་ཁྲི་བརྟན་ནོར་རྩེ་ཞེས།།

བྱེས་ཀྱི་གདན་ས་གཉིས་པ་བསྐྲུན།།

ལྗོོན་ཤིང་གཡུ་ལོ་རྒྱས་པས་ཁྲོད།། དམུ་རྒྱལ་གཤེན་གྱི་བསྟན་པ་ཡི།།

མདོ་སྔགས་སེམས་ཀྱི་འཆད་ཉན་སྡེ།། བཤད་སྒྲུབ་སྒོམ་པའི་གླིང་ཆེན་ཞིག།

ཆེས་མཐོའི་སློབ་གཉེར་ཁང་ཞེས་བསྐྲུན།།

བླ་མའི་ཐུགས་དགོངས་ཟབ་མོ་ལ།། མན་ངག་དགོངས་མཐིལ་བབ་པ་དེ་།།

སྔགས་སེམས་རྒྱུད་ཀྱི་བོན་སྡེ་ཡིས། བསྟི་གནས་ཆེས་མཐོའི་སློབ་གཉེར་ཁང་།།

ཉེར་ལྔ་འཁོར་བའི་དུས་ཆེན་བསུ།།

རྩོད་པའི་རྒྱ་མཚོ་གཏིང་ཟབ་དེ།། ཤེས་རབ་ཐབས་ཀྱི་གྲུས་བརྒལ་ནས།།

གཤེན་བསྟན་དབྱར་གྱི་རྔ་བོ་ཆེ།།

ལུང་རིགས་སྨྲ་བའི་དཔུང་རྒོད་ཚོས།། བརྡུངས་ནས་མི་ལོ་ཉེར་ལྔ་ཟིན།།

འཆད་པ་རིན་ཆེན་ནོར་གླིང་འདིར།། མདོ་སྔགས་སེམས་ཀྱི་དོན་ཟབ་མོའི།།

གདམ་ངག་སྤྲིན་གྱི་ཆར་བབས་ནས།། ཤེས་རབ་གསུམ་གྱི་ལོ་འབྲས་དེ།།

སྨིན་ནས་མི་ལོ་ཉེར་ལྔ་ཟིན།།

རྩོམ་པ་ནོར་བུའི་བང་མཛོད་ནང་།། སྡེ་སྣོད་གསུམ་གྱི་བཀའ་ལུང་ལ།།

ལུང་རིགས་ཚད་མའི་གཞལ་བྱས་ནས།། ལེགས་པར་དཔྱད་པའི་རྩོམ་རིག་དེ།།

བཤམས་ནས་མི་ལོ་ཉེར་ལྔ་ཟིན།། གང་སྐུ་བླ་མའི་སྐུ་ཚེ་བརྟན།།

དགེ་འདུན་འདུས་སྡེ་དར་ཞིང་རྒྱས།། བཤད་བསྒྲུབ་བསྟན་པས་ས་སྟེང་ཁྱབ།།

རྒྱུ་སྦྱོར་ཡོན་བདག་ཚེ་བསོད་རྒྱས།། མི་ལོ་ཉེར་ལྔའི་དུས་སྟོན་བཟང་།།།

རྩོམ་ཐུང་འདི་ནི་གཡུང་དྲུང་བོན་གྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་དབུ་བརྙེས་ནས་མི་ལོ་ཉེར་ལྔ་འཁོར་བའི་དུས་ཆེན་གྱི་མཛད་སྒོ་ལ་རྟེན་འབྲེལ་གྱི་ཚུལ་དུ་བྲིས།།

གོ་ལྔའི་གཡུང་དྲུང་འཆང་ཆེན།

ཁྱུང་ཡུལ་གྱི་གྲྭ་པ་ཞིག་གི་ཕ་མ་ཆུང་ནས་བྲལ།། དབུས་གཙང་གྱི་གྲྭ་ས་ཆེན་མོར་སྙིང་སྟོབས་གོམ་པས་བཅད།།

བོད་ཡུལ་དུ་ཛ་དྲག་ཆེ་དུས་སྐུ་སྲོག་འབེན་ལ་གཟེད།། མཉམ་མེད་པའི་རྟེན་སྐལ་དེ་ཡང་བྲག་གི་གསེང་དུ་སྦས།།

ཉམས་ཆུང་རྣམས་རང་ལ་བཅར་བས་རང་ཉིད་ལྷོ་མཐར་བཞུད།། པོ་ཏི་ཞིག་རྒྱབ་ཏུ་ཁུར་བས་བསྟན་པའི་སོ་མལ་བྱས།།

ཚ་གདུང་གི་རྒྱ་གར་ཡུལ་དུ་འཁྱག་ལྟོག་མི་འགའ་འབྱོར།། གཅེར་རུ་མ་རྒྱབ་གཏུག་བྱས་པས་རྐང་པ་ས་ལ་ཚུགས།།

བྱང་རྒྱུད་ཀྱི་ཧི་མ་ཅལ་དུ་བྱེས་པའི་གཞིས་ས་བཙལ།། ལྷ་ཚོགས་ལ་གསོལ་བ་བཏབ་ནས་བོན་གྱི་དབུ་བླ་བཙལ།།

ཐག་རིང་གི་ནུབ་ལ་བྲོས་པའི་གཙུག་རྒྱན་གདན་འདྲེན་བྱས།། བྱིས་པ་རྣམས་སྐལ་གྱིས་གསོ་བཞིན་སློབ་ཚོགས་དེད་དཔོན་མཛད།།

དཀའ་ཐུབ་ཀྱི་མཛད་པ་སླར་གསོས་ཁྲི་གཙུག་བསྟན་པ་དཀར།། བཀའ་འགྲེལ་ལ་གསལ་བྱེད་བཏབ་པས་འཆི་མེད་གཙུག་ཕུད་མཉེས།།

རྒྱུད་གསུམ་གྱི་འཆད་རྒྱུན་མཐུད་པས་གནས་ཆེན་མཁའ་འགྲོས་སྲུང་།། སྙན་རྒྱུད་ཀྱི་གདམས་ཁྲིད་བསྐྱངས་པས་དྲན་པའི་ཐུགས་དགོངས་འཕེལ།།

དབུ་སྐྲ་ལ་དཀར་ཞད་ཕོག་དུས་ཕྱོགས་བཞུད་ལན་འགའ་མཛད།། མྱི་བོ་ཆེའི་བྱིན་རླབས་ཕོག་པའི་གནས་ཤིག་བལ་པོར་རྙེད།།

སྨོན་ལམ་གྱིས་མཛད་པའི་ཤུལ་མཚོན་དེ་རུ་གདན་ས་བཏབ།། སྐུ་ངལ་རྣམས་རྒྱུན་བསྲིང་གནང་ཏེ་ག་ལེར་འདུས་གྲྭ་བསྐྱངས།།

ཕ་ཕོག་གི་གཞུང་ཆེན་འགའ་ཞིག་དྲན་པའི་བཀའ་བཞིན་ཁྲིད།། སྙིང་ཁྲག་གི་གདམས་ངག་འགའ་ཞིག་ལས་ཅན་བུ་ལ་སྤེལ།།

ལུགས་ཀ་དེ་བཀྲ་ཤིས་སྨན་རིའི་གཞུང་སྲོལ་ཚུལ་བཞིན་བཟུང་།། འཕྲིན་ལས་ལ་དྲེའུ་ནག་ཞོན་མས་བྱ་ར་ཡོད་ས་གདའ།།

མཛད་ལུགས་ལ་གཞན་དང་མི་འདྲ་ཡོ་ཀ་བསྟན་ལ་བཏང་།། འཁྲིད་སྟངས་ལ་གཞན་གྱིས་མི་དོ་དམར་ཁྲིད་དགོངས་གྲོལ་ཅན།།

རྒྱུན་སྐྱོང་ལ་གཞན་དང་མི་མཚུངས་མཁན་རབས་ལྔ་བྱོན་བླ།། རྒས་དུས་ཀྱང་གཞན་པས་མི་བརྫི་མཚལ་སྟག་ནགས་སུ་འབར།།

དེ་རིང་ནི་སྐུ་ལ་གཟི་བྱིན་འབར་བས་གཡུང་དྲུང་ལང་ཚོ་བདོ།། དེ་སྔ་ནས་གསུང་གིས་སློབ་ཚོགས་བསྐྱངས་པའི་ལོ་གྲངས་དེ་བས་མང་།།

སློབ་དུས་ནས་ཐུགས་ལ་དགོངས་རྟོགས་འབར་བས་ད་ལྟ་ཅིས་ཀྱང་ཟབ།། ཁྱེད་ཅག་གིས་གསང་གསུམ་བོན་གྱི་མཛོད་འཛིན་མིང་དེ་ང་ལ་སྙན།།

དེ་རིང་ནི་སྐུ་ཡི་གཟི་བརྗིད་འབར་བས་གཡུང་དྲུང་ལང་ཚོ་བརྟན།། ད་ལོ་ནི་གོ་ལྔའི་མཚན་དཔེ་དྭངས་མས་གདུལ་བྱའི་མོས་ཁམས་འདྲེན།།

བོད་ཡུལ་ནས་ལྷོ་ཕྱོགས་འཕགས་ཡུལ་དེ་མཚམས་ཡམ་བུའི་ལྗོངས།། སྲ་བརྟན་གྱི་གཡུང་དྲུང་སྐུ་མཆོག་ཡུན་དུ་བརྟན་པ་ཤིས།།

གུས་དགེ་མིང་པ་དྲང་སྲོང་རྒྱལ་མཚན་གྱིས༢༠༢༠//༢༠ཉིན་ཕུལ།

སྨྲ་དབང་ཡོངས་འཛིན་བླ་མ།      

____________ཁམས་མེ་ཞགས།

གནམ་གྱི་སྐས་ཐེམ་བརྒྱུད་ནས་དོག་ལ་བབ་པ་མ་རེད།། མི་ཡུལ་གླིང་དགུའི་མཐིལ་ནས་དགུང་ལ་འཕུར་བ་ཅི་ཡིན།།

མེས་པོ་ས་ལེ་སྦྲམ་དང་རིགས་རུས་བརྩེག་པ་མིན་པའི།། ཆོ་འབྲང་དཀྱུས་མའི་གྲལ་ནས་སྲིད་པའི་ཁྱེའུ་དཀར་པོ།།

མ་ལོའི་བྱམས་སྐྱོང་གཙང་མར་ཕྱི་མིག་ཡིད་ལ་མ་འཁོར།། རི་སྐེད་བླ་མའི་མདུན་དུ་ཡིད་སེམས་རབ་ཏུ་མགུ་སྟེ།།

འཕྲུལ་ཡིག་བཅུ་ཚན་བཞི་ནས་རིག་པའི་ལམ་ཁ་ཉུལ་བའི།། བྲག་དམར་རི་འདུས་མགུར་གྱི་ལྷ་བུ་པདྨ་དཀར་ཆུང་།།

འཕྲུལ་གྱི་སོར་རྩལ་རྫོགས་པའི་སྐུ་ཞང་དབུ་ཆེན་གམ་ནས།། ཕྱག་མཛུབ་པིར་ལ་བསྐྱོན་ནས་རི་མོའི་ཞིང་ཁམས་གཟིགས་ཤིང།།

ཆུང་ཆུང་ན་ཚོད་གཞོན་ཀྱང་རིག་པའི་ཟེའུ་འབྲུ་དངར་བའི།། གྱིམ་ཤོད་ཁྱུང་ཡུལ་མཐིལ་གྱི་ལྡོང་མདོའི་སྐུ་ཚ་དངོས་མ།།

གསང་གསུམ་གསེར་གྱི་གོང་བ་དབུས་ཀྱི་གྲྭ་སར་ཕེབས་ཏེ།། མཚན་ཉིད་རིག་པའི་ཞིང་གི་ཁ་དོག་དཀར་དམར་དབུ་ནས།།

སྒོ་བཞི་མཛོད་ལྔའི་ཀློང་དུ་ཞབས་ཀྱི་གོམ་ཁ་བསྒྱུར་བའི།། རུ་ལག་གྱེར་བསྟན་སྒར་གྱི་རིག་སྨྲའི་བཙུན་པ་གཞོན་ནུ།།

གྱེར་མཚོའི་བདེ་གསལ་ཕུག་ཏུ་བརྩོན་པའི་ངལ་བ་བླངས་ཏེ།། དཔོན་སློབ་ཚུལ་མཚན་ཐུགས་ཀྱི་ཟབ་གདམ་ངོམ་མེད་རོལ་ནས།།

ཕྱི་ནང་གསང་གསུམ་བོན་ལ་ཐེག་པའི་བློ་སྟོབས་རྒྱས་པའི།། དབེན་པའི་ཀེའུ་ཚང་ནང་གི་ངེས་དོན་བླ་མའི་ཐུགས་སྲས།།

ཕན་བྱེད་རི་བོའི་མགུར་གྱི་མཁན་སློབ་གོང་མའི་དཔལ་ཡོན།། བཀའ་ལུང་སྡེ་སྣོད་ཡོངས་ཀྱི་དབང་དམ་ཟབ་མོ་ཐོབ་ཅིང་།།

བཅུ་རིག་མཐར་སོན་རྟགས་སུ་དགེ་བའི་བཤེས་གཉེན་བཞེངས་པའི།། བཀྲ་ཤིས་སྨན་གྱི་རི་བོའི་མཛེས་ལྡན་སྒྲོན་མ་གསལ་འབར།།

རྒྱལ་བ་མཉམ་མེད་ཆེན་པོའི་བསླབ་གསུམ་གསེར་གྱི་ཨ་ལོང་།། བྱིན་རླབས་འོད་རིས་ཤིགས་སེ་ཐུགས་ཀྱི་རྒྱན་དུ་སྤུད་ནས།།

སྨན་རིའི་སློབ་དཔོན་ཆེན་མོའི་མཚན་གྱི་ཅོད་པན་འཆང་བའི།། གསེར་ཁྲི་མཐོན་པོའི་སྟེང་གི་གཤེན་བཙུན་དག་པ་ཚངས་མཛེས།།

མི་ནུབ་བསྟན་པའི་གཉེར་དཔོན་སྐུ་ཡི་ཕྲག་ཏུ་བབས་ནས།། ཁྲི་འཛིན་མཁན་པོའི་ཐུགས་ལ་དབང་ལུང་བྱིན་རླབས་བསྩལ་ཏེ།།

ལྷ་གཅིག་བླ་མའི་བླ་མར་ཡོངས་འཛིན་ཆེན་མོར་བསྔགས་པའི།། གཤེན་བསྟན་ཀ་བ་འདེག་པའི་གསེར་མདོག་ཉི་མ་གཞོན་ནུ།།

དུས་འགྱུར་རླུང་ནག་དབུས་ནས་གྱེར་བསྟན་ནུབ་ལ་ཉེ་སྐབས།། རྒྱལ་བའི་གསུང་རབ་གཙོས་པའི་རིན་བྲལ་རྟེན་གསུམ་རྩ་ཆེན།།

སྐུ་སྲོག་འབེན་ལ་བཙུག་ནས་སྐྱོབས་པའི་དཔའ་བོ་ངོ་མ།། མི་ཡུལ་ས་མཐར་འགྲིམ་པའི་རྒྱལ་སྲས་འཁོར་ལོ་མགོན་པོ།།

ཁ་བ་རི་པའི་ཡུལ་གྱར་ལྷོ་མཐའི་ཡུལ་ལ་འཐོར་སྐབས།། སྐྱབས་མེད་ཨ་སྐྱོ་རྣམས་ཀྱི་མགོན་མཛད་ཕ་མ་ཡིན་ལ།།

གཤེན་བསྟན་མེ་རོ་སྤར་ནས་འཛམ་གླིང་ཁྱོན་ལ་བདལ་མཛད།། ཡང་དར་བསྟན་པའི་སྟོན་པ་སྨྲ་དབང་མི་མཆོག་བླ་མ།།

འཕགས་ཡུལ་གླང་རིའི་མདུན་དུ་གཤེན་བསྟན་སྨན་རི་ཕྱག་བཏབ།། བཀའ་ལུང་འཆད་ཉན་སྒོ་ནས་བཤད་སྒྲུབ་འཁོར་ལོ་བསྐོར་ཏེ།།

རྒྱལ་བསྟན་སྲོག་རྩ་མཐུད་ཅིང་རྒྱལ་སྲས་ས་སྟེང་ཁྱབ་མཛད།། བོན་འབངས་ལྷ་མི་དགྱེས་པའི་བླ་མ་ཡིད་བཞིན་ནོར་བུ།།

ཀླུ་སྒྲུབ་རི་བོའི་མགུལ་དུ་ཁྲི་བརྟན་ནོར་རྩེ་བཏབ་ནས།། འཕགས་པ་ཤིང་ཀུན་འགྲམ་ནས་གཤེན་ངག་འུར་གྱིས་ལྡིར་བ།།

བཤད་སྒྲུབ་བསྟན་པའི་ས་བོན་བྱེས་དགོན་གཉིས་ནས་སྨིན་ཏེ།། འཛམ་གླིང་ཁྱོན་ལ་དར་མཛད་མི་དབང་འདོད་པ་དགུ་འགྱུར།།

བསྟན་པའི་དོན་ཆེན་ནུས་པའི་སློབ་མ་བརྒྱ་ཕྲག་བསྲིང་ལ།། ཁྱད་པར་གདན་སའི་ཁྲི་འཛིན་ཅི་འདྲའི་མང་པོ་བཞེངས་པ།།

ཨེ་མ་འཕྲིན་ལས་དམ་པ་སྲིད་གསུམ་ཀུན་ལ་ཁྱབ་པའི།། ལྷོ་གླིང་འཛིན་མའི་ཁྱོན་གྱི་སྐྱེས་མཆོག་འཁོར་ལོ་བསྒྱུར་རྒྱལ།།

རྒྱལ་ས་ཧྥ་རན་སི་རུ་བོན་བསྟན་པད་མོར་བཞད་མཛད།། མཆོག་གི་གདན་ས་བཞི་པ་གཤེན་བསྟན་དར་རྒྱས་གླིང་ནས།།

སྒོ་བཞི་མཛོད་ལྔའི་ཟབ་གསུང་ཡོ་རུབ་གླིང་ལ་བདལ་བ།། སྐྱེ་དགུའི་ཡིད་ཀྱི་ཞིང་མཆོག་གཤེན་རབ་ཀུན་དགའ་བཟང་པོ།།

སྐུ་ཡི་འཁོར་ལོ་གར་བསྒྱུར་སྐུ་གཟུགས་མཆོད་རྟེན་དགོན་སྡེ།། གསུང་གི་བདུད་རྩིའི་གར་ཁྱབ་གསུང་རབ་ཟབ་གདམ་འཐོར་ཞིང།།

ཐུགས་ཀྱི་བརྩེ་བས་གར་གཟིགས་སྡུག་ཀུན་ཚ་གདུང་འཇོམས་པའི།། ཐོད་དཀར་སྲས་པོའི་བསྟན་བདག་དབུ་དཀར་བདག་ཉིད་ཆེན་པོ།།

ཞབས་ཟུངས་གསེར་གྱི་འཁོར་ལོ་མི་ཡུལ་གླིང་དུ་བསྒྱུར་ནས།། བགྲངས་བྱ་གོ་ལྔར་ཕེབས་ཀྱང་བསྟན་འགྲོའི་དོན་དུ་འབད་པའི།།

གངས་རིའི་ཚིག་མཛོད་ཆེན་མོ་གངས་ཅན་འཁོར་ལོ་མགོན་པོ།། སྐུ་ཚེ་བསྐལ་བརྒྱར་བརྟན་པའི་ཤིས་ཚིག་སིལ་མས་བསྟོད་ཡོད།།

   ཅེས་ཕན་དང་བདེ་བ་ཀུན་གྱི་འབྱུང་གནས་མཛད་འཕྲིན་མཁའ་མཐར་ཁྱབ་པའི་གངས་རིའི་ཚིག་མཛོད་ཆེན་མོ་དཔལ་གཤེན་བསྟན་སྨན་རི་ཚང་གི་སྐུ་ཤ་རློན་པ་སྐྱབས་རྗེ་སྨྲ་བའི་དབང་པོ་ཡོངས་འཛིན་སློབ་དཔོན་བསྟན་འཛིན་རྣམ་དག་རིན་པོ་ཆེ་བསྟན་དང་འགྲོ་བའི་དོན་དུ་ཞབས་ཟུངས་གསེར་གྱི་འཁོར་ལོ་མི་ཡུལ་གླིང་དུ་བསྒྱུར་ནས་དགུང་གྲངས་གོ་ལྔར་ཕེབས་པའི་དུས་ཆེན་དང་འབྲེལ་གང་སྐུ་གསེར་གྱི་རི་བོ་བརྟན་ཞིང་མཛད་འཕྲིན་དབྱར་གྱི་ཆུ་གཏེར་བཞིན་དུ་རྒྱས་པའི་རྟེན་འབྲེལ་ཤིས་ཚིག་ཉུང་ངུ་འདི་རིན་པོ་ཆེའི་སྐུ་གསུང་ཐུགས་ཀྱི་ཡོན་ཏན་ལ་མི་ཕྱེད་པའི་དད་པ་མངའ་བའི་གུས་པ་ཁམས་མེ་ཞགས་སུ་འབོད་པ་དེས་ཕུལ་བའོ།། །།

རྗེ་བླ་མའི་བཀའ་དྲིན་དང་མི་ལོ་ཉེར་ལྔའི་ཕྱིར་མིག

གཡུང་དྲུང་སྟོབས་ལྡན། དོལ་པོ།

སྨ༵ན་མཆོག་རྣམ་པར་རྒྱལ་བའི་ཚུལ་ལྡན་ཞིག། རི༵་དེ་སུམ་པ་གླང་གི་གྱིམ་ཤོད་ནས།

ཡོ༵ངས་རྫོགས་བསྟན་པའི་སྙིང་པོ་བསླབ་པ་གསུམ།། འཛི༵ན་སྐྱོང་སྤེལ་བའི་ཆེད་དུ་སྐུ་མཆོག་བལྟམས།།

སློ༵བ་གཉེར་རིག་པའི་གནས་ལྔར་མཐར་ཕྱིན་ནས། དཔོ༵ན་གསས་ཡོངས་ཀྱིས་བསྔགས་བརྗོད་ཡུལ་དུ་གྱུར།

བསྟ༵ན་པ་ནུབ་ལ་ཉེ་བའི་གཉན་འཕྲང་འོག། འཇི༵ན་སྐྱོང་སྤེལ་བའི་འཕྲིན་ལས་རྒྱ་ཆེར་མཛད།

རྣ༵མ་པ་མི་ཡི་གཟུགས་ཤིག་སྣང་ན་ཡང་།། ད༵ག་པ་ལྷ་ཡི་སྲས་ཞིག་ཅི་ལ་མིན།།

རིན་ཆེན་གསེར་ལྟར་མདོ་སྔགས་རྫོགས་གསུམ་གྱི།། པོ་ཏི་བརྒྱ་ཕྲག་དུ་མའི་མཛོད་སྣང་ཡང་།།

ཆེ་འདོད་གྲགས་འདོད་མཐོ་སྣང་མེད་འདི་རྨད།། ཁྱད་པར་ཧི་མ་ལ་ཡི་རི་རྒྱུད་དང།།

ཕྱི་ནང་བོན་འབངས་ཡོངས་ཀྱི་འདི་ཕྱིའི་དོན།། གདན་ས་ཁྲི་བརྟན་ནོར་རྩེ་ཕྱག་བཏབ་ཤིང་།།

བཤད་སྒྲུབ་སློབ་གླིང་པད་ཚལ་བསྐྲུན་པར་མཛད།། བཤད་གྲྭ་འཆད་རྩོད་རྩོམ་ལ་གློག་འཁྱུག་འཁྱུག།

སྒྲུབ་པའི་ཉམས་རྟོགས་གོང་འཕེལ་མེ་འབར་འབར།། བསླབ་པ་མཐར་སོན་གཤེན་ཚོགས་ཉི་ལི་ལི།།

བོན་འབངས་ཡོངས་ཀྱི་སེམས་ལ་དགའ་སྤྲོའི་ངང་།། བགྲངས་བྱ་ཉེར་ལྔ་འཁོར་བ་ཉིད་ཀྱིས་མཐུས།།

ཁ་དགེ་བཀྲ་ཤིས་བྱུང་བ་འབངས་ཀྱི་ཚོགས།། ཤིས་ཚིག་གླུ་རུ་ལེན་པ་ཁོ་བོའི་གཤིས།།

ཐོས་བསམ་བུ་མོ་རྟག་ཏུ་སྦྱོར་བའི་བཤད་སྒྲུབ་རྒྱལ་བསྟ༵ན་དགའ་ཚལ་ཆེ།།

འཛི༵ན་སྐྱོང་སྤེལ་ལ་ངལ་བ་མི་མཛད་གུར་གུམ་གསར་པའི་ལང་ཚོ་ཅན།།

རྣ༵མ་མང་འདུལ་འཛིན་བརྒྱ་ཕྲག་དུ་མ་ཐུགས་བརྩེའི་དྲི་ཡིས་ཉེར་སྐྱོང་ལ།།

འགྲན་ཟླ་ད༵ག་པའི་ཤེད་མོང་འཇལ་ལ་ཐོད་དཀར་སྲས་པོའི་ཕྱག་ཀྱང་ངལ།།

ཐེག་པ་རིམ་དགུ༵་སྨྲ་བའི་ལྗགས་ཡངས་གཙུག་ལག་བུ་མོའི་རུམ་བརྐྱངས་ནས།།

ས་བཅུ༵་བརྒལ་བའི་ཉམས་ལེན་ཞབས་ཟུང་སྲིད་པ་གསུམ་གྱི་རྩེ་མོར་བཀོད།།

གོ༵་ཐོས་ཙམ་གྱིས་ངོམས་པ་མི་འཛིན་རྣམ་རྩེན་མཁས་གྲུབ་འདུས་གླིང་ནས།།

ལྔ༵་རིག་རོ་ལྡན་ཧུབ་ཀྱིས་བཞེས་པས་གཞུང་བརྒྱ་སྨྲ་བའི་དབུས་ནས་བརྗིད།།

སེང་ཚས།                    

སེམས་ཀྱི་མཆོད་པ།                    

བསིལ་ལྡན་གངས་རིའི་ལྗོངས་ཀྱི་ཞིང་ཁམས་སུ།། རླབས་ཆེན་བསྟན་དང་འགྲོ་བའི་དོན་ཆེད་དུ།།

སྐུ་ཡི་བཀོད་པ་མི་ཡི་ཚུལ་མཛད་པ།། ཡོངས་འཛིན་བླ་མ་སྤྱི་བོའི་གཙུག་ཏུ་མཆོད།།

བལ་ཡུལ་ཁྲི་བརྟན་ནོར་བུའི་གདན་ས་རུ།། འོད་སྟོང་འཕྲོས་ནས་མི་ལོ་ཉེར་ལྔ་དང་།།

དགུང་གྲངས་གོ་ལྔའི་དགའ་སྟོན་ཆེན་པོ་ལ།། སྐུ་ཚེ་བསྐལ་བརྒྱར་བཞུགས་པའི་གསོལ་བ་འདེབས།།

             བདེན་དུངས་གིས་ཕུལ།

བསྟ༵ན་པའི་མཆོག་གྱུར་སངས་རྒྱས་བོན་གྱི་ཟབ་ཡངས་འོ་མཚོ་བགྲུངས་པའི་མོད།། འཛི༵ན་ཞེན་རྡུལ་བྲལ་ཐོས་བསམ་བསྒོམ་པས་དྭངས་པའི་ཉིང་བཅུད་རབ་མྱངས་ཏེ།། རྣམ༵་ཀུན་སྲིད་ཞིའི་དཔལ་དུ་འདོད་དགུ་བདུད་རྩིའི་ཟིལ་ཐིགས་སྩོལ་མཛད་པའི།། དག༵་པ་འགྲོ་བའི་མགོན་ཁྱེད་མི་འགྱུར་གཡུང་དྲུང་ཁྲི་རུ་བརྟན་བཞུགས་གསོལ།། དགུ༵་རྒྱུད་ཤེས་རབ་ལས་འཁྲུངས་བགྲངས་ཡས་པོ་ཏི་དམར་སེར་སྔོན་པོ་དག། བཅུ་༵ཕྲག་ལང་ཚོས་ངལ་མེད་དང་བླངས་དཔལ་ལྡན་སྨན་རིའི་ཞིང་མཆོག་ནས།། གོ༵་ལའི་ཁམས་ཀུན་ཡོངས་སུ་བཀྲལ་ཏེ་འགྲོ་དྲུག་བདེ་ལམ་སྟོན་མཁས་པའི།། ལྔ༵་ཟུང་རིག་བརྒྱའི་བདག་ཉིད་ཆེན་མོ་བསྐལ་བརྒྱའི་བར་དུ་བཞུགས་གསོལ་ཞུ།།

ཕྲན་དུག་འཇོམས་ཀྱིས་ཕུལ།

འཛམ་གླིང་གཙུག་རྒྱན་མཉམ་མེད་ཡོངས་འཛིན་ཆེན་མོ་གུས་པས་འདུད། བསྟན་པའི་མཛད་འཕྲིན་བོན་གྱི་རིང་ལུགས་དྭངས་མ་མཆོག་ཏུ་མཛེས་ཤིང་བརྗིད།། འཛིན་པའི་སྐྱེས་བུ་གངས་ལྗོངས་ཁྱུང་པོ་དཀར་རུ་གྲེ་བོའི་གདུང་ལས་འཁྲུངས།། རྣམ་པར་དག་པའི་སྒོ་ནས་ཤེས་བྱ་མ་ལུས་ཁོང་དུ་ཆུད་ཅིང་ཟབ།། དག་པ་དྲུག་གིས་བོན་འབངས་ཡོངས་ཆེད་པོ་ཏི་བཅུ་ཕྲག་དུ་མ་བསྩལ།། ཕྱི་ནང་གསང་བའི་བསྟན་པའི་ས་བོན་འདེབས་མཁན་དཔོན་གསས་བླ་མ་ཁྱེད།། མཛད་ཕྲིན་ཡར་ངོའི་ཟླ་ལྟར་རྒྱས་ནས་བོན་གྱི་བསྟན་པའི་སྲོགས་ཤིང་འཛིན།། རྣམ་མཁྱེན་སྨྲ་བའི་སེང་ཆེན་སྐུ་ལ་ལུས་ངག་ཡིད་ཀྱིས་ལན་བརྒྱར་འདུད།། མཁའ་ལྟར་དག་ནས་བགྲང་བྱ་གོ་ལྔར་ཕེབས་དུས་དགའ་བ་འབུམ་གྱིས་སྨོན།།

གུས་པ་གར་དར་དཀར་གྱིས༢༠༢༠ལོར་༡་ཚེས་༡༩་ཉིན་ཕུལ།།

གོ་ལྔའི་དུས་སྟོན་བསུ་བའི་ལྷ་དར།

བསྟ༵ན་དང་འགྲོ་བའི་ཚོགས་ལ་སྲོག་ཏུ་གཟིགས་ཤིང་།། རིག་འཛི༵ན་གོང་མའི་འོད་ཀྱི་ཟེར་རླབས་མངའ་བ།།

རྣ༵མ་དཀར་དགེ་ལ་མོས་པའི་བུ་སློབ་སྐྱོང་བཞིན།། ད༵ག་པ་ཐུགས་ཀྱི་དགོངས་པས་གླིང་བཞིར་ཁྱབ་ཡོད།།

དབུ་ལོ་དཀར་པོ་ཟླ་བའི་ཟེར་ལ་འགྲན་ཞིང་།། ཞལ་ཁྱིམ་དྲོན་མོ་ཉི་མའི་མདངས་ལ་བསྒྲུན་པ།།

དགུང་གྲངས་གོ་ལྔའི་ཐེམ་པ་བདེ་བར་ཕེབས་ཏེ།། དམ་པ་ཁྱེད་ཀྱི་སྐུ་ཚེ་ཡུན་དུ་བརྟན་ཤོག།

       ཕྲན་ཆུང་གངས་གླིང་འབོད་པས་གུས་པ་དང་བཅས་ཏེ་ཕུལ།

བསྟ༵ན་འགྲོའི་ཆེད་དུ་སྐུ་སྲོག་ཕངས་མེད་དུས་འགྱུར་རླུང་ནག་རྒོད་པོ་གཤགས།། འཛི༵ན་སྐྱོང་སྤེལ་གསུམ་ཕྱི་གླིང་ཡུལ་ནས་གྱེར་བསྟན་མེ་རོ་སླར་ཡང་སྤར།། རྣ༵མ་​དཀར་མཛད་འཕྲིན་སྨན་གྱི་རི་ནས་བུ་སློབ་བརྒྱ་སྟོང་འཁོར་ཚོགས་བསྐྱངས།། ​དག༵་པ་སྐྱབས་རྗེ་ཡོངས་འཛིན་བླ་མ་འཛམ་གླིང་གོ་ལའི་ཏོག་ལྟར་མཛེས།། དགུ་༵ཚིག་སྐྱ་མོའི་གཞུང་ནས་མུན་པའི་གླིང་ལ་འཛུམ་ཏེ་དགྱེས་ཞལ་གཟིགས།། བཅུ་༵ཕྲག་རིག་པའི་ཟེར་བརྒྱ་སྤྲོས་པས་ཁམས་ཀུན་རྨོངས་པ་ཝལ་གྱིས་བསལ།། གོ༵་ཆ་རིག་པའི་དཔའ་བོ་མི་འཇིག་གདོང་ལྔའི་ཁྲི་རུ་རྟགས་བརྟན་ནས།། ལྔ​༵་པའི་དབྱངས་བཞིན་ཁྱེད་ཀྱི་གསུང་དབྱངས་སྲིད་མཐའི་བར་དུ་སྒྲོགས་ཤིག་ཀྱེེ།།

མི་གཡོ་བས་ཕུལ།

མཉམ་མེད་ཆེན་པོའི་ཞལ་ཚབ་ཡིན་མིན་རེ་དོགས་མི་དགོས་པའི།། བོན་འབངས་འགྲོ་བའི་སྤྱི་ཕུད་སྐྱེས་མཆོག་ཡོ༵ངས་འཛི༵ན་རིན་པོ་ཆེ།།བོན་བསྟ༵ན་འཛི༵ན་སྐྱོང་སྤེལ་ཞིང་ནུབ་མེད་བ་དན་ནམ་མཁར་ཕྱར།། རྣ༵མ་ད༵ག་ལྷག་བསམ་གཙང་མས་བཤེས་གཉེན་བརྒྱ་ཕྲག་མང་པོ་གསོས།། དགུང་གྲངས་བརྒྱ་ལ་ཉེ་ཡང་བསྟན་པའི་ཁུར་ཆེན་འཕྲག་ཏུ་བཞེས།། དབུ་ལོ་དུང་ལས་དཀར་ཡང་ཐུགས་ཉིད་མི་ཡེང་འགྲོ་ལ་གཟིགས།། འཛམ་གླིང་གོ༵་ལའི་ཡངས་རྩེར་ལྔ༵་རིག་རྒྱལ་མཚན་བགྲེངས་པ་འདི།། བོན་འབངས་ཡོངས་ཀྱི་བསོད་སྐལ་ཡིན་ལ་ཁ་བའི་གཟི་བརྗིད་ཡིན།།

ར་ཧུ་ལས།

དུས་འགྱུར་བཙན་པོས་སྐུ་སྲོག་རྒོལ་ཡང་བསྟན༵་གཞིས་བོན་གྱི་འཁོར་ཚོགས་བསྐྱོངས།། མདོ་སྔགས་སེམས་ཀྱི་རྒྱུད་འཛི༵ན་བུ་སློབ་ནམ་མཁའི་རྒྱུ་སྐར་བཞིན་དུ་བསྐྲུན།། བསྟན་དང་འགྲོ་ལ་སྐུ་ཚེགས་ངལ་མེད་རྣ༵མ་གྲོལ་བདེ་ཆེན་དབུ་ལོ་དཀར། འཛམ་གླིང་གོ་ལའི་ཏོག་ལྟར་མཛེས་པའི་དག༵་པ་རྣམ་དག་ཡོངས་འཛིན་རྗེ།། སྣང་སྲིད་མཛོད་ཀྱི་ཐེག་དགུ༵འི་དྲང་ངེས་མཁྱེན་བརྩེ་ནུས་གསུམ་ཐུགས་ལ་མངའ།། རིག་བཅུ༵འི་འོད་ཟེར་འདུལ་བྱའི་འགྲོ་རྣམས་ཚ་ཟེར་ཉི་མས་རྨོངས་མུན་བསལ།། དམ་ཅན་སྲུང་མས་གོ༵་ཁྲབ་དཔའ་གྱིས་སྐུ་གསུང་ཐུགས་ལ་གྲོགས་བཛད་ནས།། ནུབ་མེད་སྲིད་མཐའི་བར་དུ་གདོང་ལྔ༵འི་ཁྲི་ལ་རྟག་ཏུ་བརྟན་པར་ཧྲུན།།

   རིག་པས་གོ་ཆས་ཕུལ།

བསྟན་པའི་བ་དན་མཁའ་མཐའི་ཡངས་ངོས་སུ།། འཛིན་སྐྱོང་སྤེལ་བའི་འཕྲིན་ལས་འོད་པོ་ཆེ།།

རྣམ་སྤྱོད་རིགས་པའི་རྩལ་གྱིས་བསྐྲུན་མཛད་པ།། དག་པའི་ལྷ་མཆོག་སྨྲ་དབང་ཆེན་མོ་རྒྱལ།།

འདོད་དགུཡོན་ཏན་མི་ཟད་ནོར་གྱི་མཛོད།། ཕྱོགས་བཅུ་སྟོང་གསུམ་འགྲོ་བའི་སྤྱི་ཕུད་ཆེ།།

གོ་ལ་ཟླུམ་པོའི་འཛམ་གླིང་གཙུག་རྒྱན་དུ།། ལྔ་བརྒྱའི་གྱེར་སྤུངས་གཉིས་པ་རྟག་བརྟན་ཤོག།

   གངས་རིའི་ལང་ཚོས།

གྱེར་སྤུངས་ཆེན་པོའི་འོད་ཀྱི་ཟེག་མ་ཁྱུང་གི་ཡུལ་དུ་བལྟམས་པ་ཡི།།  སྒོང་ངའི་ནང་ནས་གཤོག་རྩལ་རྒྱས་ཤིང་དབུས་གཙང་ཡུལ་དུ་རླབས་ཀྱིས་ལྡིང་།། ལུང་རིགས་སྨྲ་བའི་དཔོན་གསས་མདུན་ནས་ཐིག་དགུའི་ཡོངས་རྩེར་ཚུལ་བཞིན་འཛེགས།། གྱེར་བསྟན་འདེགས་པའི་ཀ་ཆེན་རྣམ་དག་སྲིད་གསུམ་གངས་རིའི་ཁྱོན་ན་དཔའ།། དུས་འགྱུར་རླུང་ནག་ཁྲོད་དུ་བསྟན་པ་གཟིམས་ལ་ཁད་དུ་གྱུར་པའི་ཚེ།། ཧི་མ་ལ་ཡི་རི་བོ་བརྒལ་ཏེ་ཐོབ་རྒྱལ་གསར་པ་ཕྱག་བཏབ་ཤིང་།། མཁན་རབས་དུ་མའི་རིང་དུ་བསྟན་པ་འཛིན་བུ་སློབ་བརྒྱ་སྟོང་གོ་ལར་ཁྱབ།། བགྲང་བྱ་གོ་ལྔའི་བཀའ་དྲིན་དྲན་བཞིན་སྐུ་ཚེ་བརྟན་པའི་བཞུགས་གསོལ་འདེབས།།

གཤེར་མདས།

མཆོད་ཚིག་པད་དཀར་ཆུན་པོ།

སྐུ་ཡིས་མཚན་དཔེ་རྔུལ་རྫའི་རི་ནས་འཛུམ་གྱིས་འཚེར་བའི་འོད་སྣང་ཅན།། ཤེས་བྱའི་དཀྱིལ་འཁོར་མཁའ་ལ་འཕགས་ཅིང་འགྲོ་བའི་མུན་པ་གསལ་བར་མཛད།། བསྐལ་ཁུག་གྱེར་བསྟན་མེ་རོ་གསོ་བའི་དུས་ཀྱི་སྟོན་པའི་སྒྲོན་མེ་ཞིག། ཁྱུང་ཡུལ་མཁའ་ནས་ཁྱུང་ཆེན་ལྡིང་བའི་ཡོངས༵་འཛིན༵་སྨྲ༵་བ༵འི་དབ༵ང་པོ༵ར་འདུད། བུ་སློབ་སྟོང་ལ་བཅུ་རིག་ཆུ་གཏེར་བཞུར་མཛད་རི་རྒྱལ་ལྷུན་པོའི་སྐུ༵།། རྣམ་དཔྱོད་རིག་པའི་སྒོ་མོ་ཕྱེས་ཏེ་མདོ་སྔགས་རྫོགས་གསུམ་གནད་ལ་གསུ༵ང་།། མཁྱེན་རྒྱ་ཡངས་མོའི་གཟིངས་ལ་ཞུག་ནས་གྲུབ་མཐའ་རིས་མེད་འཛིན་པའི་ཐུགས༵།། སྐུ་གསུང་ཐུགས་ཀྱིས་གྱེར་བསྟན་སྤེལ་ལ་ངལ་མེད་བསྟན༵་འཛིན༵་རྣམ༵་དག༵་བསྟོད།། བསྟནཿདང་འགྲོ་བའི་དོན་དུ་དཀའ་སྡུག་ཕྲག་ཏུ་ཁུར་བའི་ཤེད་པོ་ཆེ།། འཛིནཿསྐྱོང་སྤེལ་ལ་མཁས་དབང་ག༵ངས་རི༵འི་ཚི༵ག་མཛོ༵ད་ཆེ༵ན་མོ༵འི་སྐུ།། རྣམཿཔ་མི་ཡིས་སྐུ་ལ་སངས་རྒྱས་མཚན་དཔེའི་མཐོང་བ་རང་གྲོལ་མཆོག། དགཿཔའི་གདན་ས་ཁྲི་བརྟན་ནོར་རྩེར་སྐུ་འཚོ་བསྐལ་བརྒྱར་བཞུགས་སུ་གསོལ།། ས་ཐོག་བླ་མ་རྩི་ཐོག་ཡིན་ཀྱང་བདག་གིས་བླ་མ་མེ་ཏོག་ཁྱེད།། སྐུ་ཡིས་མཛད་པ་སྐྱོང་ནས་བགྲང་བྱ་གོ་ལྔའི་དུས་སྟོན་བསུ་བ་ལ།། གངས་རིའི་ལྗོངས་ནས་གཅེས་སུ་དམིགས་པའི་མཆོད་ཚིག་པད་དཀར་ཆུན་པོ་འདི།། རྒྱང་རིང་བླ་མའི་ཞབས་པད་དྲུང་དུ་སོར་བཅུའི་ཐལ་མོ་སྦྱར་ཏེ་འབུལ།།

ཁྱུང་སེར་ཉི་མ་ནས་ཕུལ།

བསྟན་པའི་སྲོལ་འཛིན་རིག་བདག་དཔའ་བོ་ཆེ།། འཛིན་སྐྱོང་སྤེལ་ལ་ངལ་མེད་ཉིན་མཚན་ལྟོས།།

རྣམ་པར་ལུང་རིགས་སྨྲ་བའི་སྨན་རི་བ།། དག་པ་སུམ་ལྡན་གངས་རིའི་ཚིག་མཛོད་རྗེ།།

མཛད་འཕྲིན་ནུབ་མེད་གོ་ལའི་ལྗོངས་སུ་འཕགས།། བསྐལ་ཁུག་གསོ་བའི་རྒྱལ་བ་གཉིས་པ་ཁྱེད།།

ཞྭ་དཀར་སྟན་པའི་བ་དན་མངོན་ཕྱར་བའི།། མི་འཇིགས་གཡུང་དྲུང་ཁྲི་ལ་བརྟགས་བརྟན་གསོལ།།

༢༠༢༠//༢༣ཉིན་གངས་དཀར་གླིང་བུའི་སོར་བཅུའི་ཐལ་མོ་སྙིང་ཁར་སྦྱར་ཏེ་ཕུལ།།

སྐྱབས་རྗེ་སྨན་རིའི་ཡོངས་འཛིན་རིན་པོ་ཆེའི་སྐྱེས་རབས་གསོལ་འདེབས་བཞུགས།

ཨེ་མ་ཧོ།  རིག་བརྒྱའི་ཁྱབ་བདལ་བོན་སྐུ་ཀུན་ཏུ་བཟང་།། མ་འགགས་རྣམ་རོལ་རྫོགས་སྐུ་སྨྲ་བའི་སེང།།

དབྱེར་མེད་ལི་ཤུའི་བྱིན་རླབས་སྨན་རི་བ།། སྐུ་ཚེ་ཞབས་པད་བསྐལ་བརྒྱར་བཞུགས་གསོལ་འདེབས།།

ལོག་ལྟ་དུན་རྩེ་འདུལ་བའི་ཕྲིན་ལས་ཅན།། སྟག་ལའི་ཐུགས་སྤུལ་འཆི་མེད་གཡུང་དྲུང་མཆོག། 

སྐུ་ཚེ་ཞབས་པད་བསྐལ་བརྒྱར་བཞུགས་གསོལ་འདེབས།། བདག་སོགས་གདུལ་བྱའི་དཔལ་དུ་འཚོ་བཞེས་གསོལ།།

གཤེན་རབ་ཐུགས་ཀྱི་བསྟན་པའི་གཉེར་དཔོན་མཆོག། དྲན་པ་དངོས་བྱོན་ཀུན་འགྲུབ་རྒྱལ་སྲས་མཆོག།

སྐུ་ཚེ་ཞབས་པད་བསྐལ་བརྒྱར་བཞུགས་གསོལ་འདེབས།། བདག་སོགས་གདུལ་བྱའི་དཔལ་དུ་འཚོ་བཞེས་གསོལ།།

མཉམ་མེད་བླ་མའི་རྒྱལ་ཚབ་འགྲོ་བའི་མགོན།། རིན་ཆེན་རྒྱལ་མཚན་རྣམ་སྤྲུལ་ཡོངས་འཛིན་མཆོག།

སྐུ་ཚེ་ཞབས་པད་བསྐལ་བརྒྱར་བཞུགས་གསོལ་འདེབས།། བདག་སོགས་གདུལ་བྱའི་དཔལ་དུ་འཚོ་བཞེས་གསོལ།།

མདོ་སྔགས་བསྟན་པ་གསལ་བྱེད་མཁས་པའི་ཕུལ།། ཉི་བསྟན་རྣམ་རོལ་བསྟན་འཛིན་རྣམ་དག་མཆོག།

སྐུ་ཚེ་ཞབས་པད་བསྐལ་བརྒྱར་བཞུགས་གསོལ་འདེབས།། བདག་སོགས་གདུལ་བྱའི་དཔལ་དུ་འཚོ་བཞེས་གསོལ།།

  ཞེས་ཞབས་བརྟན་གསོལ་འདེབས་འདི་ནི། ཞུ་འོད་ཟེར་མཐར་རྒྱས་ལྕགས་ཡོས་༢༠༡༡་ལོར་ཁྱུང་ནག་དགོན་བསམ་གཏན་གླིང་ནས་དད་པས་ཕུལ་བ་དགེ།   བླ་མའི་སྐྱེས་རབས་འདི་དག་སུས་ངོས་འཛིན་བྱས་པ་རེད་སྙམ་ན། འཇའ་ལུས་པ་གཙུག་ཕུད་འོད་གསལ་སོགས་ཀྱིས་གསོལ་འདེབས་མཛད་བྱང་ལས་གུས་པས་བཏུས་པ་ཡིན་ཞུའོ།།

སྐྱབས་རྗེ་སྨན་རིའི་ཡོངས་འཛིན་རིན་པོ་ཆེའི་ཞབས་བརྟེན་གསོལ་འདེབས་བཞུགས།

ཨེ་མ་ཧོ།།  ཕྱི་ལྟར་བསླབ་གསུམ་འདུལ་བའི་བསྟན་པ་འཛིན།། ནང་ལྟར་ཟབ་ལམ་གསང་སྔགས་བསྟན་པ་སྐྱོང་།།

གསང་བ་རྣམ་གྲོལ་རྫོགས་ཆེན་བསྟན་པ་སྤེལ།། ཡང་དག་དོན་གྱི་བླ་མར་གསོལ་བ་བདེབས།།

  འགྱུར་མེད་སྐུ་ཡི་མཚན་བཟང་རྟག་ཏུ་བརྟན།།  ཟབ་ཡངས་གསུང་གི་བོན་སྒྲ་རྒྱུན་མི་ཆད།།

  གཡོ་མེད་ཐུགས་ཀྱི་དགོངས་པ་རྩལ་ཆེན་རྫོགས།།  རྟག་པར་བོན་འཁོར་བསྐོར་ཏེ་བཞུགས་སུ་གསོལ།།

  བརྟན་གཡོ་འཁོར་འདས་སྲིད་ཞིའི་དྭངས་མའི་བཅུད།། མ་ལུས་ཕྱྭ་ཚེའི་སྙིང་པོར་དྲིལ་བའི་རླུང་།།

  འཕོ་བྲལ་དབུ་མའི་སྲོག་ཏུ་རྟག་བརྟན་ཏེ།།  མི་ཤིག་གཡུང་དྲུང་སྐུ་མཆོག་འགྲུབ་པར་ཤོག།

གསང་གསུམ་ཉིན་བྱེད་མཁའ་ལ་རྟག་ཏུ་ཤར།།  ཕྲིན་ལས་འོད་ཟེར་བྱེ་བས་གླིང་བཞིར་གསལ།།

  ལས་ཅན་གདུལ་བྱའི་སྐར་ཚོམ་ཕྱོགས་བཅུར་འཕྲོས།།   སྨིན་གྲོལ་བསྟན་པ་མཁའ་མཐར་ཁྱབ་གྱུར་ཅིག།

ཅེས་པའང་ཞུ་འོད་ཟེར་མཐར་རྒྱས་པས། ཆུ་འབྲུག་༢༠༡༢་ལོར་ཁྱུང་ནག་བསམ་གཏན་གླིང་དགོན་པ་གསར་པ་ནས་གསོལ་བ་བཏབས་པའོ།།

རྗེ་སྨན་རི་བའི་ཡོངས་འཛིན་སློབ་དཔོན་བསྟན་འཛིན་རྣམ་དག་རིན་པོ་ཆེའི་ཞབས་བརྟན་གསོལ་འདེབས་བཞུགས་སོ།། 

ཨེ་མ་ཧོ།། མདོ་ལམ་ས་བཅུ་ལམ་ལྔའི་ཕ་རོལ་ཕྱིན།། མདོ་གཞུང་བསླབ་པ་གསུམ་གྱི་དགོངས་སྤྱོད་ལྡན།།

མདོ་ལྟ་དབུ་མའི་གནས་ལུགས་མངོན་དུ་གྱུར།། མདོ་སྡེ་ཕྱི་རྒྱུད་བསྟན་འཛིན་སྨན་རི་བ།།

སྨྲ་དབང་ཡོངས་འཛིན་ཆེན་མོར་གསོལ་བ་འདེབས།། སྔགས་ལམ་དག་པའི་ས་གསུམ་གཤིས་སུ་དག།

སྔགས་གཞུང་ཏིང་འཛིན་རྣམ་གསུམ་སེམས་སུ་རྫོགས།། སྔགས་ལྟ་ཁྱེར་སོ་གསུམ་གྱི་སྒོ་གསུམ་སྨིན།།

སྔགས་སྡེ་ནང་རྒྱུད་བསྟན་འཛིན་སྨན་རི་བ།།  སྨྲ་དབང་ཡོངས་འཛིན་ཆེན་མོར་གསོལ་བ་འདེབས།།

  རྫོགས་ཆེན་ལམ་མཆོག་རང་གྲོལ་གཤིས་སུ་སྨིན།། རྫོགས་ཆེན་བོན་ཀུན་ཡེ་གྲོལ་དབྱིངས་སུ་དག།

རྫོགས་ཆེན་ལྟ་བ་མཐའ་གྲོལ་རིག་པར་རྫོགས།།  རྫོགས་ཆེན་ཡོངས་རྩེའི་བསྟན་འཛིན་སྨན་རི་བ།།

སྨྲ་དབང་ཡོངས་འཛིན་ཆེན་མོར་གསོལ་བ་འདེབས།། སྐུ་ཚེ་ཞབས་པད་ཡུན་རིང་བསྟན་པར་ཤོག།

ཅེས་པ་འདིའང་ཞུ་འོད་ཟེར་མཐར་རྒྱས་པས། ས་ཕག་༢༠༡༩་ལོར་ཟླ་དགོན་རི་ཁྲོད་ནས་གསོལ་བ་རྩེ་གཅིག་ཏུ་བཏབས་པ། དེ་དེ་བཞིན་འགྲུབ་པར་རྩ་གསུམ་སྲུང་མས་མཐུ་དཔུངས་སྡོང་གྲོགས་མཛད་དུ་གསོལ།།

སྨན་རིའི་ཡོངས་འཛིན་སློབ་དཔོན་ཆེན་མོ། སྐྱབས་རྗེ་བསྟན་འཛིན་རྣམ་དག་རིན་པོ་ཆེ་མཆོག་དགུང་ལོ་གོ་ལྔར་བཞེས་པའི་དུས་སྟོན་ཉིན། རིན་པོ་ཆེ་མཆོག་སྐུ་ཚེ་ཁྲི་ཕྲག་བཞུགས་པར་གསོལ་བ་འདེབས་འབྲས།།

ཨེ་མ་ཧོ།། གྲུབ་མཐའ་ཡོངས་ཀྱི་རྩ་བ་གཡུང་དྲུང་བོན།། མདོ་སྡེ་དབུ་མའི་ལྟ་བའི་རྨིང་གཞི་བརྟན།།

སྔགས་སྡེ་ཉོན་མོངས་རང་གྲོལ་ལམ་མཆོག་མྱུར།། སེམས་སྡེ་གནས་ལུགས་མ་བཅོས་འབྲས་བུ་ཏེ།།

སྒོ་བཞི་མཛོད་ལྔ་ཐེག་པའི་རིམ་པ་དགུ། ཡོངས་རྫོགས་བསྟན་པའི་བདག་ཉིད་སྨན་རི་བ།།

སྨྲ་དབང་ཡོངས་འཛིན་བླ་མ་ཞབས་བརྟན་ཤོག།

ཅེས་པའི་སྐྱབས་རྗེ་སྨན་རི་བའི་ཡོངས་འཛིན་སློབ་དཔོན་ཆེན་མོ། བསྟན་འཛིན་རྣམ་དག་རིན་པོ་ཆེའི་ཞབས་བརྟན་གསོལ་འདེབས་འདི་ཉིད། རྗེ་འདི་ཉིད་ཀྱི་དྲུང་ནས་དབང་ལུང་ཁྲིད་གསུམ་གྱི་གདམ་ངག་ལ་ཅུང་ཟད་ལོངས་སུ་སྤྱོད་པའི་སྐལ་བ་ཅན། ཞུ་འོད་ཟེར་མཐར་རྒྱས་པས། བོད་ལྕགས་བྱི་༢༠༢༠ལོའི་དཔྱིད་རའི་ཚེས་གཅིག་ཉིན། ཁྱུང་པོ་སྟེང་ཆེན་དགོན་ནས་གསོལ་བ་ཕུར་གཙུགས་སུ་བཏབས་པ། དེ་དེ་བཞིན་དུ་འགྲུབ་པར་གྱུར་ཅིག། དགེའོ།། སྨར་རོ།། བཀྲ་ཤིས།།

དད་པའི་དབྱངས།  ཉེར་ལྔའི་དྲིན།

གདུལ་བྱའི་ལས་དང་བསོད་ནམས་དང་ནི་སྔོན་ཚེའི་སྨོན་ལམ་བཟང་པོ་འཛོམས་པའི་ནུས་མཐུ་ལས།།

ཉམ་ཐག་འགྲོ་བའི་ཚ་གདུང་སེལ་ཕྱིར་ཐུགས་རྗེ་ཚད་མེད་ཆུ་འཛིན་འཁྲིག་པའི་མཁའ་དབྱིངས་ནས།།

གངས་ལྗོངས་འཛིན་མའི་ས་ཡི་ཐེག་ལེར་སྙིང་རྗེའི་གཟུགས་སུ་བླ་ཆེན་དྲན་པའི་རྣམ་རོལ་དུ།།

སྐུ་ཡི་མཚན་དཔེ་རྣམ་པར་བཞད་ནས་བསམ་བཞིན་འགྲོ་བའི་དོན་ཆེན་ངལ་བ་མེད་པར་མཛད།།

དུས་འགྱུར་སྙིགས་མར་གྱེར་གྱི་བསྟན་པ་ཉམས་པར་ཕྱོགས་པའི་གཉན་འཕྲང་དུས་ཀྱི་བསྐལ་ངན་ལ། །

ལ་དང་ལུང་པ་དུ་མ་བརྒལ་ནས་དཀའ་སྤྱད་མཛད་དེ་བསྟན་དོན་ཕྲག་ཏུ་བཞེས་ནས་སུ། །

རྒྱུས་མེད་ཡུལ་ལ་ཁ་ཕོར་ཙམ་ལས་ཟས་གོས་ཆ་རྐྱེན་ཤིན་ཏུ་དབེན་ཞིང་འཚོ་བ་བསྐྱལ། །

བགྲང་བྱ་དུ་མར་ཉིན་མཚན་མེད་པར་ཐུགས་དགོངས་བཞེས་ནས་སྐུ་ངལ་གནང་བའི་ཡབ་ཆེན་ཡིན། །

བོན་གཞིས་ཐོབ་རྒྱལ་གསར་པ་བཙུགས་ནས་བཤད་སྒྲུབ་བསྟན་པའི་བོན་གྱི་འཁོར་ལོ་སླར་ཡང་བསྐོར། །

བུ་སློབ་ཡོངས་ལ་བྱམས་བརྩེས་བསྐྱངས་ནས་སྡོད་སའི་ཁང་དང་ཟས་གོས་འཚོ་བའི་ཆ་རྐྱེན་བཙལ།།

རྣམ་དག་འདུལ་བའི་ཁྲིམས་དང་བསྟུན་ནས་བཤད་སྒྲུབ་སྒོར་བཅུག་རྣམ་དཔྱོད་ཤེས་རབ་བློ་མིག་ཕྱེས།།

དལ་འབྱོར་མི་ལུས་དོན་ཡོད་འཚོལ་ཐབས་དགོས་པའི་ཤེས་ཡོན་མདུན་ལམ་སྟོན་པའི་དགེ་རྒན་ཡིན།།

རྒྱལ་བ་སྨན་རིའི་རིང་ལུགས་ཇི་བཞིན་འདོན་ཆོག་འཕྲིན་ལས་གྱེར་དབྱངས་རྔ་རྡུང་རྒྱུན་བསྐྱོང་ནས།།

རྡུལ་ཚོན་དཀྱིལ་འཁོར་ཐིག་རྩ་ལ་སོགས་མ་ལུས་མཛད་ནས་ཕྱི་རབས་རྣམས་ལ་དཔེ་སྟོན་ཞིང་།།

གསང་བ་སྔགས་ཀྱི་རྒྱུད་སྡེ་བཞི་ཡི་གཞུང་གི་ཁྱད་པར་ལམ་གྱི་རིམ་པ་བགྲོད་ཚུལ་དང་།།

བསྐྱེད་རྫོགས་ལ་སོགས་གསལ་བར་བསྟན་པས་བླ་མ་ཁྱེད་ནི་སངས་རྒྱས་བསྟན་པའི་གསལ་བྱེད་ཡིན།།

རང་རྒྱུད་འདུལ་ཐབས་ཐོས་བསམ་སྒོམ་སྒྲུབ་ཉམས་སུ་ལེན་ནས་གཞན་དོན་འཆད་རྩོད་རྩོམ་པ་སྟེ།།

བཅུ་རིག་ཀུན་ལ་ཐོགས་ཆགས་མེད་པའི་རབ་འབྱམས་བཤེས་གཉེན་བརྒྱ་ཕྲག་དུ་མ་བསྐྱེད་བསྲིངས་བྱས།།

མཛད་འཕྲིན་ཟབ་མོ་ཕྱོག་མཐར་ཁྱབ་ཏེ་རྒྱལ་གཤེན་བསྟན་པ་གོ་ལའི་ཁྱོན་ལ་རབ་ཏུ་སྤེལ།།

ཞྭ་དཀར་བོན་གྱི་བསྟན་པའི་བ་དན་མཁའ་རུ་བསྒྲེངས་བའི་དོན་གྱི་དཔའ་བོ་ཁྱེད་ཉིད་ཡིན།

རང་བསྟོད་གཞན་སྨད་བཤད་མཁན་རྣམས་ནི་ཆོས་དང་ཆོལ་ཁའི་འཐེན་འཁྱེར་སློང་བྱེད་རྒྱུ་རུ་འགྱུར།

ཆོས་རྒྱུད་རྣམས་ལ་བྱུང་ཁུངས་ལུགས་སྲོལ་མི་འདྲ་ཙམ་ལས་གཞི་ལམ་འབྲས་གསུམ་གཅིག་མཚུངས་པ།།

དེར་བརྟེན་ཚང་མ་དག་སྣང་སྒོམ་ནས་མཐུན་ལམ་འབྲེལ་ནས་ཟུར་ཟ་སྐྱོན་བརྗོད་སྤངས་ན་ལེགས།།

རིས་མེད་ལམ་ནས་གདམས་ངག་ཟབ་མོའི་བསླབ་བྱ་གནང་མཁས་ཞི་བདེའི་རྒྱལ་སྲས་ངོ་མ་ཁྱེད།

སྤྲོས་པའི་མཐའ་རུ་ལྟ་བའི་ལོག་རྟོག་ཕར་མཐར་སྤྲད་དེ་སྤྲོས་མེད་བློ་འདས་ཉམས་སུ་ལེན།།

སྣང་བའི་དངོས་པོ་འགག་པ་མེད་པར་གཞན་སྣང་སྟོང་གཟུགས་སྒྱུ་མའི་ཆུ་ཟླའི་ཚུལ་དུ་གཟིགས།།

སྒྲིབ་གཉིས་ཕྲ་མོ་དྲུང་ནས་འབྱིན་ཞིང་མྱ་ངན་ལས་འདས་ཀུན་བཟང་དགོངས་པ་མངོན་དུ་གྱུར།།

བླ་མ་ཁྱེད་ནི་འཁོར་འདས་དབང་བསྒྱུར་སྤངས་རྟོགས་མཐར་ཐུགས་འབྲས་བུ་རྫོགས་པའི་མངོན་སང་རྒྱས།།

རང་སྣང་མཚན་མའི་སྤྲོས་རྣམས་ཞི་ནས་སྐྱེ་བ་མེད་པར་དོན་གྱི་ངོ་བོ་བོན་གྱི་སྐུ།།

གཞི་ཡི་རོལ་རྩལ་འགག་པ་མེད་པར་འཇའ་གཟུགས་ཚུལ་དུ་བྱངས་འཕགས་སྣང་ངོར་རྫོགས་པའི་སྐུ།།

སྐྱེ་འགྲོ་ཀུན་ལ་བྱམས་བརྩེས་བསྐྱངས་ཏེ་མ་དག་འདུལ་ངོར་མི་རུ་སྤྲུལ་པའི་སྐུ་མཆོག་སྟེ།

རྒྱལ་ཀུན་མཁྱེན་བརྩེ་གཅིག་ཏུ་བསྡུས་པའི་སྐུ་གསུམ་བདག་ཉིད་ད་ལྟའི་བོན་གྱི་སྟོན་པ་ཡིན།།

བླ་མ་ཁྱེད་ནི་བསྟན་པའི་གཙུག་རྒྱན་བོན་འབངས་ཡོངས་ཀྱི་བཀའ་དྲིན་སུམ་ལྡན་ལྷག་པའི་ལྷ།

བླ་མ་ཁྱེད་ཀྱི་སྐུ་གསུང་ཐུགས་ཀྱི་མཛད་འཕྲིན་རྣམ་པར་དག་པའི་ཆ་ཙམ་མཐོང་དུས་སུ།།

དད་གུས་ཡིད་ཀྱི་རྦ་རླབས་འཕྱུར་ནས་ཁྱེད་ཀྱི་བཀའ་དྲིན་དྲན་པའི་རྟོགས་བརྗོད་ཤོར་བཞིན་དུ།།

བསྟན་འགྲོའི་མགོན་དུ་སྲིད་མཐའི་བར་དུ་སྐུ་ཚེ་བརྟན་ཞིང་བཞེད་དགོངས་མ་ལུས་འགྲུབ་པར་ཤོག།

མཐོ་སྒང་ལྷ་སྲས་ནས།

བརྟན་བཞུགས་བླ་མའི་མཆོད་པ།

འདི་ནས་ཡར་བརྩིས་མི་ལོ་གོ་ལྔ་ནས།། བསྐལ་སྟོང་སངས་རྒྱས་རང་གཟུགས་སྐྱེས་མཆོག་ཞིག། དུས་མཐའི་ཉམ་ཐག་འདྲེན་པའི་སྐྱབས་མགོན་དུ།། བྱོན་ནས་གཤེན་བསྟན་སྲོག་གི་ཀ་ཆེན་བཙུགས།། ལྟ་ཕུགས་བླ་མེད་གནས་ལུགས་རྫོགས་པ་ཆེའི།། དབྱིངས་ཉིད་སྟོང་གསལ་ངང་ལས་མ་གཡོས་ཀྱང་།། རིས་མེད་ཐེག་སྟོབས་དང་བསྟུན་ཐེག་དགུའི་བོན།། གང་འཚམ་རིས་མེད་འགྲོ་ལ་གསོས་སུ་སྩོལ།།ཁྱད་པར་ཐུན་མིན་བོན་གྱི་སྙིང་གི་ནོར།། མདོ་སྔགས་རིག་པའི་ཡང་རྩེ་རྫོགས་པ་ཆེའི།། བསྟན་པ་བླ་མེད་ནན་གྱིས་སྐྱོང་མཛད་དེ།། གྲུབ་མཐའི་རྒྱལ་པོའི་ཁྱད་བོན་མངོན་པར་རྨད།། མདོར་ན་དེང་འདིར་གཡུང་དྲུང་བོན་གྱི་བསྟན།། ཕྱོགས་མཚམས་ཀུན་དུ་དར་རྒྱས་ངང་ཚུལ་འདི།། མཆོག་གི་བཀའ་དྲིན་ཉག་གཅིག་ཁོ་ནའི་ཕྱིར།། ཀུན་གྱིས་རྗེས་དྲན་ཞུ་བ་སྐལ་པ་བཟང་།། དུས་འདིར་མཆོག་གིས་རྒྱལ་སྲས་སེམས་དཔའ་ཡི།། མཛད་འཕྲིན་བསྐྱངས་ཏེ་དགུང་གྲངས་གོ་ལྔ་རུ།། ཕེབས་པའི་དུས་སྟོན་ཆེན་མོ་ལ་བསྟུན་ཏེ།། སྐུ་ཚེ་བརྟན་བཞུགས་གསོལ་སྨོན་དང་བཅས་ཕུལ།།

ཞེས་མཆོག་གསུམ་ཀུན་འདུས་ཀྱི་ངོ་བོ་༧སྐྱབས་རྗེ་རྒྱལ་བ་སྨན་རི་བའི་ཡོངས་འཛིན་ཆེན་མོ་སློབ་དཔོན་བསྟན་འཛིན་རྣམ་དག་རིན་པོ་ཆེ་མཆོག་གིས་རྒྱལ་སྲས་གཡུང་དྲུང་སེམས་དཔའི་མཛད་བཟང་བསྐྱངས་ཏེ་དགུང་གྲངས་གོ་ལྔར་ཕེབས་པའི་དུས་ཚིགས་ཁྱད་པར་ཅན་འདིར་བདག་གིས་བསོད་ནམས་ཀྱི་ཚོགས་ཁྱད་པར་ཅན་བསགས་པའི་གོ་སྐབས་སེམས་ཏེ་བཀའ་དྲིན་རྗེས་དྲན་གྱི་མནྜལ་བརྟན་བཞུགས་དོད་དུ་མཆོད་ཚིག་འདི་ཉིད་དགའ་མལ་དགོན་ཆེན་གྱི་སྒྲུབ་སློབ་མིང་ཙམ་འཛིན་པ་ཤེས་རབ་ལྷུན་གྲུབ་ནས་སྐུ་ཚེ་ཁྲི་ལོ་ནས་ཁྲི་ལོར་བརྟན་པའི་གསོལ་སྨོན་གུས་ཕྱག་དང་བཅས་ཕུལ།། །།

མཆོད་བསྟོད་ངག་གི་འགྱུར་ཁུགས།

དགེ་བཤེས་ཁྲི་གཡུང་དྲུང་།

བཙད་པོའི་སྙིང་ཁམས་བདུད་ཀྱིས་དཀྲུགས་པས་རྒྱལ་བའི་བསྟན་ལ་སྲི་ཞུ་དམན། །

ཁྱི་སྤྱང་དར་མ་ངན་འབྲེལ་བྱུང་ནས་གཡུང་དྲུང་ལྷ་ཡི་དབུ་འཕང་སྨད། །

ས་ཡ་དྲུག་གི་བསོད་ནམས་ཤིག་ཏུ་དམ་པ་ཁྱུང་གི་གདན་ས་ནས། །

བདེན་པའི་རྒྱལ་ཁ་སླར་ཡང་འཐོབ་ཕྱིར་རིག་པའི་དཔའ་བོ་གང་ཉིད་བལྟམས། །

འཇིག་རྟེན་འཁོར་བར་ངེས་འབྱུང་སྐྱེས་ཏེ་དྲང་སྲོང་དག་པའི་རྟུལ་ཞུགས་བཟུང༌། །

དཀའ་སྤྱད་སྡུག་རུས་ཁྱད་དུ་བསད་ནས་གུས་རྟག་བརྩོན་པ་གྲོགས་སུ་བསྟེན། །

སྐྱེས་སྟོབས་ཤེས་རབ་མེ་བཞིན་འབར་བས་མཁྱེན་པའི་དཔལ་ལ་དོ་ཟླས་དབེན། །

སྙན་གྲགས་དབྱར་གྱི་འབྲུག་སྒྲ་གྲགས་པས་ལུས་ཅན་ཀུན་གྱི་ཡིད་དབང་འཕྲོག །

ཚད་མའི་སྡེ་སོགས་གཞུང་པོད་ལྔ་ལ་རིག་པའི་རང་རྩལ་ཁོང་དུ་ཆུབ། །

གསང་ཆེན་ལྟ་བའི་དེ་ཉིད་གཟིགས་ཤིང་བླ་མེད་ཐེག་པའི་རྒྱལ་སར་རྩེན། །

འཁོར་བ་དུག་གི་སྐྱོན་གྱིས་མ་གོས་ན་ཚོད་པད་མོའི་ལོ་འདབ་སྨིན། །

རྒྱལ་བ་སྨན་རིའི་དཔོན་སློབ་མཆོག་གི་མཚན་རྟགས་གསེར་གྱི་ཅོད་པཎ་བཞེས། །

ལྷན་སྐྱེས་ཐུགས་དགོངས་མཁའ་ལས་ཡངས་ཤིང་ཟབ་མོ་ཐབས་ཤེས་གློག་བཞིན་མྱུར། །

སྨྲ་སེང་ཆེན་མོའི་ཉི་མའི་དཀྱིལ་འཁོར་འཛམ་གླིང་ཤར་ནུབ་ཀུན་ཏུ་འཛུམ། །

ཞང་བོད་རིག་གཞུང་བོན་གྱི་དགའ་ཚལ་མཐའ་ནས་རྒྱས་པའི་དན་རྟགས་ཏེ། །

གྲུབ་པའི་དབང་པོ་བླ་ཆེན་དྲན་པ་སླར་ཡང་བྱོན་ནམ་འཕྱང་མོ་ཉུག །

གངས་ཅན་མཁས་མང་བྱེ་བའི་དྲུང་དུ་ཡོན་ཏན་རིག་པའི་དབལ་ཁ་བརྡར། །

རྒྱ་གར་འཕགས་ཡུལ་ཧི་མ་ལ་ཡར་བཤད་སྒྲུབ་བསྟན་པའི་སྡེ་ཆེན་བསྐྱངས། །

ལྷོ་བལ་འཛིན་མའི་རྒྱལ་སའི་མཐའ་རུ་ཁྲི་བརྟན་ནོར་རྩེ་གསར་དུ་བརྩིགས། །

ཡོངས་འཛིན་དམ་པའི་མཛད་རྗེས་རི་མོ་ཞྭ་དཀར་བསྟན་པའི་རྒྱན་དུ་གྲགས། །

རླབས་ཆེན་གཡུང་དྲུང་སེམས་དཔའི་སྤྱོད་པར་རིང་ནས་གོམས་པའི་དན་རྟགས་སམ། །

ངེས་མེད་འཁྱམས་པའི་དྭ་ཕྲུག་སྟོང་ལ་གཅེས་པའི་བུ་བཞིན་བརྩེ་གཟིགས་མཛད། །

རྗེ་བཙུན་དམ་པ་མི་ཡི་སེང་ཆེན་གང་འདོད་གདམས་ངག་མཛོད་བརྒྱའི་བདག །

མཁས་རློམ་སྟག་སེང་དར་མའི་ཁྱུ་ཚོགས་ཁྱོད་ཀྱི་དྲུང་ན་བ་ལང་གཟུགས། །

ཁྱེད་ཀྱི་རྟེན་འབྱུང་ལྟ་བའི་རླབས་རྒྱུན་མ་ཕམ་གཡུ་མཚོའི་དོ་ཟླར་འཁྱིལ། །

ཁྱེད་ཀྱི་རིས་མེད་བརྩེ་ཆེན་གཟེགས་མ་བྱམས་ལྡན་ཟླ་བའི་མདངས་ལ་འཁྱིལ།།

ཁྱེད་ཀྱི་གསུང་རྩོམ་ནོར་བུའི་རླབས་རྒྱུན་གངས་རི་དཀར་པོའི་དབུ་རྩེར་འཁྱིལ། །

ཁྱེད་ཀྱི་མཚན་མཆོག་བཟླས་བརྗོད་སྟོང་གིས་བརྒྱ་བྱིན་ལྷ་ལའང་ངལ་གསོ་བྱིན། །

རིག་པའི་གཞུང་གི་དཀའ་གནད་མ་ལུས་གོ་བདེའི་ཚིག་གི་ངག་ལས་དྲངས། །

ཟབ་དོན་ལུང་རིགས་མཚོན་གྱི་རྩེ་མོར་ལེགས་བཤད་གསེར་གྱི་ལྷུན་པོ་བསྐྲུན། །

འཛམ་གླིང་སྤྱི་ནོར་སྤྱན་རས་གཟིགས་དབང་ཕྱག་ན་པད་མོའི་གསེར་ཞལ་ལས། །

གངས་ཅན་བོད་ཀྱི་ཚིག་གི་མཛོད་ཅེས་བསྟོད་ཚིག་མེ་ཏོག་བསྩལ་བར་གྲགས། །

ལེགས་བྱས་རྒྱ་མཚོའི་རླབས་དང་འགྲོགས་ཏེ་བཀྲ་ཤིས་སྟོང་གི་རྟེན་འབྲེལ་ཤར། །

དགུང་གྲངས་བརྒྱད་ཅུའི་དཀར་གསལ་ཟླ་བ་གཟི་ཉམས་ངོམ་བཞིན་མཁའ་ལ་ཚེས། །

བོན་འབངས་དད་ལྡན་ཁྲི་མ་འབུམ་གྱིས་ཀི་ཀི་བསྭོ་བསྭོའི་འབྲུག་སྟོང་ལྡིར། །

རྒྱལ་བ་སྨན་རིའི་ཡོངས་འཛིན་མཆོག་ཅེས་མཚན་སྙན་སྲིད་པའི་རྩེ་ལ་འཕུར། །

དམ་པ་གང་གི་གསང་གསུམ་ཡོན་ཏན་བདག་བློ་རྨོངས་པས་གཞལ་མིན་ཡང༌། །

སློབ་རྒྱུད་འཛིན་པའི་གྲལ་གྱི་མཐའ་རུ་འཚང་ཁར་ཞུགས་པའི་རིགས་ཙམ་གྱིས། །

ཡ་ཆུང་སེམས་ནས་ཐོལ་གྱིས་འཕྱུར་བའི་མཆོད་བསྟོད་ངག་གི་འགྱུར་ཁུགས་འདི། །

བརྟན་དུ་བཞུགས་པའི་གསོལ་བ་འདེབས་བཞིན་སླར་ཡང་མཆོད་པའི་སྐྱེས་སུ་འདེགས། །

རྗེ་ཡོངས་འཛིན་བླ་མ།

ཀ་ཁའི་མགྲིན་པར་མཛེས་པའི་ཁྱེའུ་ཆུང་གཅིག། ཁ་དོག་མི་གཅིག་ཡུལ་ཕྱོགས་གང་དུ་ཕེབས་ཀྱང་།།

ག་ཤེད་གྲུབ་པའི་རྫུ་འཕྲུལ་ཡོད་མདོག་གཅིག་དེ།། ང་སོགས་མིག་ལྡན་ཀུན་གྱིས་སྤྱོད་ཡུལ་བསྐལ་སོང་།།

ཅ་དངོས་འབྱོར་བ་གང་ལའང་ཐུགས་དམ་རེ་དང་།། ཆ་ལུགས་རྒྱས་སྤྲོས་མིན་པའི་དྲང་སྲོང་གཅིག་སྟེ།།

ཇ་ཆང་ཟས་གོས་སོགས་ལའང་དེ་བཞིན་ཡིན་པ།། ཉ་ཆུང་ཆུ་ལ་འཚོ་བཞིན་བསྟན་པར་གཟབ་ཡོད།།

ཏ་ལེར་འདི་ཕྱི་གཟིགས་པའི་ཡེ་ཤེས་ཡོད་ཅིང་།། ཐ་སྙད་དངོས་སེམས་མཚོན་པའི་ཡོད་ཡོད་ཅན་པོ།།

ད་ཞགས་དོ་ཚིག་འདི་ལ་མཁྱེན་མདོག་མང་ཀྱང་།། ན་རག་དུ་ཁའི་སྡུག་བསྔལ་བསྒྲོལ་ལ་ཁྱེད་དཔའ།།

པ་ཕའི་ཞལ་གསུངས་དྲི་མེད་འཕྲུལ་གྱི་ཐོ་ཡིག། ཕ་རོལ་གཤིས་རྒྱུད་གཙང་བའི་དད་པའི་ཞིང་སར།།

བ་གམ་ཇི་བཞིན་འཇོག་ལ་ཐབས་ཤེས་ཅན་དེ།། མ་ལུས་གཅིག་ཏུ་རྫོགས་པའི་ཀུན་འགྲུབ་རྒྱལ་སྲས།།

ཙ་མོ་འཁྱུག་རྩལ་རྫོགས་པའི་རིག་པའི་ངར་ལྕགས།། ཚ་གྲང་དཀའ་ཐུབ་ཀློང་ནས་དཀའ་གནད་བཙིར་དུས།།

ཛ་ཡའི་འཕྲུལ་གྱི་མཛོད་ཆེན་བརྒྱད་ཁྲི་བཞི་སྟོང་།། ཝ་ལེར་མངོན་གསལ་བསྟན་པ་སྨྲ་དབང་ཡོངས་འཛིན།།

ཞྭ་ལུགས་གོས་ཆས་མི་གཅིག་གནས་སར་འགྲིམ་དུས།། ཟ་འཐུང་སྐད་བརྡའི་སྒྲ་ཚིག་མི་མཐུན་ཡིན་སར།།

འ་ཅག་ཐུན་མིན་བོནད་ཀྱི་སྒྲ་དབྱང་འཛིན་ཏེ།། ཡ་མེད་བསྟན་པ་འཛིན་ལ་འགྲན་བྲལ་སློབ་དཔོན།།

ར་ལུག་མཉམ་བསྲེ་བྱས་པའི་བསྒྲིག་བཀོད་མེད་ཅིང་།། ལ་ལུང་ཇི་ཙམ་བརྒལ་ཀྱང་དམ་ཚིག་འཛིན་ཏེ།།

ཤ་ཁྲག་གཅིག་པས་ཕུ་ནུ་སྐྱ་སེར་རིས་མེད།། ས་སྟེང་འགྲོ་འདུག་གང་ལའང་མི་གྲལ་བཙུད་ཡོད།།

ཧ་ལམ་འདི་ནས་བརྩིས་ན་དཔག་ཚད་སྟོང་སར།། ཨ་དཀར་བླ་མེད་རྫོགས་པའི་འཆད་རྩོད་རྩོམ་གསུམ།།

ཧ་སངས་དགོས་པའི་ཉིན་མཚན་ལྟོས་མེད་ངང་དུ།། ཨ་རྫོགས་སྙན་བརྒྱུད་བླ་མའི་དགོངས་པ་བཀྲལ་ཡོད།།

འདི་ནི་བླ་མའི་བྱིན་རླབས་རང་རྒྱུད་ཐོབ་ཕྱིར།། འདི་ནི་དཔལ་ལྡན་བླ་མའི་བརྟན་བཞུགས་ཉིན་དེར།།

གུས་པའི་ཚོགས་བསཌ་ཐོབ་ཕྱིར་འབྲི་ཁུལ་བགྱིས་འདི།། སྐུ་ཚེ་ཞབས་པད་བརྟན་ཕྱིར་མུ་ཙུག་སྨར་རོ།། 

ཁྲ་དགོན་གྲྭ་གཡུང་དྲུང་འོད་ཟེར། ༢༠༢༠།༡/༢༧

སྨོན་ཚིག་དོན་ཡོད་ཞགས་པ།

ཁྱུང་ཤེས་རབ།

མཁྱེན་བརྩེ་འོད་ཀྱི་ལུ་གུ་རྒྱུན་ཐག་ལས།། ཀུན་མཁྱེན་རང་གྲོལ་རིག་པའི་སྒྲོན་མེ་གསལ།།

སྲིད་པའི་མཚང་གི་སྣང་བ་རྒྱ་རལ་ནས།། ཀུན་བཟང་ཐུགས་སྤྲུལ་ཀུན་ཏུ་ཨེ་མ་ཧོ།།

ཉམས་རྟོགས་རྒྱུན་ལ་འཆར་བ་བྱིན་གྱིས་རླབས།། ཕྱི་ནང་བར་ཆོད་ཞི་བར་མཛད་དུ་གསོལ།།

གསང་གསུམ་རིམ་གཉིས་འཁོར་ལོའི་ལྟེ་བ་རུ།། སྣང་ཞེན་བསྲེགས་པའི་དགའ་བཞི་ཡེ་ཤེས་འབར།།

བདེ་སྟོང་ཞུན་མའི་སྒྱུ་ལུས་དབང་བཞི་བརྟན།། མི་ལ་དངོས་བྱོན་རྣམ་ཀུན་མངོན་པར་བསྟོད།།

བདེ་དྲོད་མེ་ཕུང་འབར་བར་བྱིན་གྱིས་རླབས།། ཕྱི་ནང་བར་ཆད་ཞི་བར་མཛད་དུ་གསོལ།།

སུམ་བརྒྱ་དྲུག་ཅུ་ཚུལ་གྱིས་རབ་མཛེས་ཤིང་།། ཉིས་བརྒྱ་ལྔ་བཅུའི་ཨུ་དུམ་ཝ་ར་འཁྲུངས།།

འཛམ་གླིང་སུམ་གཉིས་ཚངས་སྤྱོད་ཚལ་བསྐྱེད་པའི།། ཁྲི་གཙུག་རྒྱལ་བ་གཉིས་པ་ཁྱེད་ལ་འདུད།།

བསླབ་པ་མཐའ་རུ་ཕྱིན་པར་བྱིན་གྱིས་བརླབས།། ཕྱི་ནང་བར་ཆད་ཞི་བར་མཛད་དུ་གསོལ།།

ཕྱི་ནང་གསང་གསུམ་ཀུན་ལ་བྱང་ཆུབ་ཅིང་།། བསྙེན་སྒྲུབ་ལས་གསུམ་གྲུབ་པ་མཐའ་རུ་ཕྱིན།།

འགྲོ་བའི་མགོན་དུ་རྒྱལ་བ་གཉིས་པ་བཞིན།། བདེར་གཤེགས་སྟོང་གི་སྲས་པོ་བསྐལ་བརྒྱར་བརྟན།།

གསང་གསུམ་མཛད་འཕྲིན་ཡུན་གནས་བཀྲ་ཤིས་ཤོག།

ཞེས་པ་འདི་ཡང་སྤྱི་ལོ་ཉིས་སྟོང་ཉི་ཤུའི་སྤྱི་ཟླ་དང་པོའི་སྤྱི་ཚེས་བཅུ་གསུམ་ཉིན་ཁྱུང་ཤེས་རབ་པས་མུན་སྣང་རྣལ་འབྱོར་ལ་བརྩོན་པའི་ཐུན་མཚམས་སུ་ཡོངས་ཀྱི་བླ་མ་དམ་པར་མི་ཕྱེད་པའི་དད་པ་དང་བཅས་ཏེ་ཞལ་མཆིད་གནང་། ཁྱུང་མགྲིན་ནག་གིས་ཡི་གེར་བྱས་པ་ལགས་སོ།། །།

གོ་ལྔའི་ཁྲི་ལ་འགྱིང་བའི་རྗེ་བླ་མར་གླེང་བ།

སྤྱིར་མི་ཞིག་ལ་ལོ་གོ་ལྔར་ཟིན་པ་ནི་ཡ་མཚན་པ་ནི་ཅི་ཡང་མིན་མོད།འོན་ཀྱང་མི་ཚེ་གང་པོར་ཆེ་ས་ནས་འཛམ་གླིང་། འབྲིང་ནས་རྒྱལ་ཁབ།རྒྱ་ཆུང་ས་ནས་སྒོས་མི་རིགས་ཀྱི་ཆབ་དཔལ་རིག་གསུམ་གང་ལ་བྱས་རྗེས་བཟང་པོ་བཞག། མི་ཚེའི་ཡོད་ཚད་དེ་ལ་གཏོང་མཁན་གྱི་མི་དེ་ལྟ་བུ་ནི་སྤྱིར་འཛམ་གླིང་། སྒོས་སོ་སོའི་མི་རིགས་ཀྱིས་དགའ་ཚོར་དང་བཅས་བཀའ་དྲིན་རྗེས་དྲན་དང་། བྱས་རྗེས་དང་བྱས་པ་དེ་དག་ལ་རྒྱབ་སྐྱོར་དང་ཡི་རང་དང་བཅས་རྗེས་སུ་འཇུག་འོས་པ་ཤིག་ཏུ་ལོས་ཡིན།  དེ་རིང་འདི་ན་ལ་དེ་བཞིན་སྐྱེས་བུ་དམ་པ་ཞིག་ཆུང་ཆུང་གི་དུས་ནས་དེ་རིང་དགུ་བཅུ་གོ་ལྔར་མ་ཕེབས་བར་ལུས་ངག་ཡིད་གསུམ་ཡིད་གསུམ་གཡུང་དྲུང་བོན་ལ་ཕུལ་ཏེ་ཆུང་དུས་སུ་གྱེར་འཕྲིན་ལས། ཐིག་རྡུལ་ཚོན། རྩིས་སྐར་ནག མིང་གཞི་སུམ་རྟགས། སྒྲ་སྙན་ངག བཟོ་གསོ་བ་ནས་དབུ་བཙུགས་ནས་ཕ་ཡུལ་རྒྱབ་ཏུ་བསྐྱུར། མི་ཡུལ་དང་དུ་བླངས་ནས་གདན་ས་བཀྲ་ཤིས་སྨན་རི་རུ་ལྟོ་སྐྱ་གོས་ཧྲུལ་གྱིས་མི་ཚེ་བསྐྱལ་ཏེ། མགོ་སྡུད་གྲྭ་ནས་མཇུག་མདོ་སྔགས་རྫོགས་གསུམ་བར་གོ་ལོ་ཐོས་ལོ་ཙམ་མ་ཡིན་པར་གདར་ཤ་བཅད་དེ་སྦྱངས། རང་རྒྱུད་ཀྱི་མ་རྟོགས་ལོག་རྟོག་ཐེ་ཚོམ་བསལ་ནས་ཐོས་སྒོམ་ཉམས་ལེན་བཅས་ཐོག་མར་རང་དོན་རང་རྒྱུད་ལ་ཕུན་གསུམ་འཚོགས་པར་མཛད། དེ་ནས་གདན་ས་སྨན་རིའི་མཁན་པོ་ཉི་མ་དབང་རྒྱལ་དང་ཡོངས་འཛིན་སངས་རྒྱས་བསྟན་འཛིན་རྣམ་གཉིས་ཀྱིས་གདན་སའི་དཔོན་སློབ་བསྐོས་ནས་ཉི་མ་དེ་རིང་གི་བར་ལ་སྤྱིར་གཡུང་དྲུང་བོན། སྒོས་སྨན་རི་ཚང་གི་བསྟན་པ་བདག་གེར་མཛད་དེ་རང་དོན་དུ་ཐོས་བསམ་སྒོམ་སྒྲུབ། གཞན་དོན་དུ་འཆད་རྩོད་རྩོམ་གསུམ། གཉིས་དོན་དུ་མཁས་བཙུན་བཟང་གསུམ་འཛོམས་ཐོག་ནས་སྤྱིར་འཛམ་གླིང་གི་འགྲོ་བ་དང་། སྒོས་གཡུང་དྲུང་བོན་གྱི་བསྟན་པ་འཛིན་སྐྱོང་སྤེལ་གསུམ་གནང་ནས་དེང་དུས་འཛམ་གླིང་ཕྱོགས་གང་ས་ནས་རིག་རྒྱུ་ཞིག་ཡིན་ན་མཐོང་རྒྱུ་ཡོད་པ། ཐོས་རྒྱུ་ཞིག་ཡིན་ན་རྣ་བས་གོ་རྒྱུ་ཡོད་པ། ཉམས་སུ་མྱོང་རྒྱུ་ཞིག་ཡིན་ན་བློ་ལ་འབབ་པ་ཞིག་བསྐྲུན་ཏེ་ཆེ་ས་ནས་འཛམ་གླིང་། ཆུང་ས་ནས་བོན་ལ་བཀའ་དྲིན་བསྐྱངས་ཡོད། དེས་ན་ཁོང་དགུང་ལོ་གོ་ལྔར་ཕེབས་པ་ལ་དགའ་སྟོན་རྟེན་འབྲེལ་ལོས་བྱེད།

གོང་གི་བརྒྱུད་རིམ་ཁྲོད་ཁོང་སྨན་རིའི་དཔོན་སློབ་ཀྱི་གསེར་ཁྲིར་མངའ་གསོལ་ནས་བཟུང་། ད་ལོ་གོ་ལྔ་མ་ཕེབས་བར་མི་ལོ་བདུན་ཅུ་དོན་ལྔའི་བར་དུ་མཉམ་མེད་བླ་མའི་བསླབ་གསུམ་གྱི་བསྟན་པ་སྐུ་གསུང་ཐུགས་གསུམ་གང་གིས་ཀྱང་སྐད་ཅིག་ན་ཡང་དོར་མ་མྱོང་ལ། འཆད་རྩོད་རྩོམ་གསུམ་དང་ཐོས་བསམ་སྒོམ་སྒྲུབ་ཀྱི་བར་མཚམས་ནམ་ཡང་འཇོག་མ་མྱོང་བས། གཡུང་དྲུང་བོན་བསྟན་འདིའི་དོན།བོན་འབངས་འདིའི་ཕྱིར། ཕྱི་ཡི་བཅའ་ར་སྒྲིག་གསུམ། ནང་གི་འདུས་སྡེའི་སློབ་སྦྱོང་ཉམས་ལེན་ཚང་མའི་ཐུགས་འགན་བཞེས་དགོས་པས་དཀའ་ངལ་སྐུ་ཚེགས་འོ་བརྒྱལ་མང་དུ་མྱོང་། ད་དུང་དེ་བས་ག་ལ་ཚད།གནམ་སྔོན་པོས་ས་བརྡུང་།བ རྡུང་པས་མ་ཚད་གཏོར་བའི་དུས་འགྱུར་ཁྲོད་སྐུ་སྲོག་ཤོར་གྲབ་བྱེད་མྱོང་ལ། ལྟོགས་སྐོམ་གྱིས་ཞིང་གཞན་ཕེབས་གྲབས་མང་དུ་བྱུང་ཡོད་ངེས། དེས་མ་ཚད་གཞན་ཡུལ་དུ་འབྱོར་ན་ཡང་། ལས་དབང་གཅིག་པས་གོད་ཆག་ཐེབ་པའི་ཁྱིམ་མཚེས་ཚང་གིས་ཀྱང་སྣ་གཉེར་མཆི་འཇིབ། དཀར་ཁྲ་དམར་ལོག་མང་དུ་བྱས་རབས་གདའ་འོ། །འདྲ་མཉམ་ཡང་མ་བྱས་རབས། ཞྭ་མདོག་འདི་ཡང་བསྒྱུར་དགོས་རབས། ཨ་མ་མ་དཀའ་ངལ་འདི་དག་ནི་གནའ་མའི་ཁ་དཔེར་ཕྱི་ལྷགས་རླུང་གི་དགྲ་དེ་སྤྱི་སྡུག་དང་། ནང་ཁོང་རྒན་ཐིག་དགྲ་སྒོས་སྡུག་རེད། ཟེར་བའི་གཏམ་དཔེ་བཞིན་ཁོང་དང་ཁོང་གི་བླ་མ་དང་གྲོགས་ཚོས་མང་དུ་མྱོང་སྐད་། དེའི་ནང་ནས་བྱ་བ་ཆེ་ཕྲ་མང་པོར་ཚད་བཀག་ཐེབས་པ་སོགས་སྐུ་ཚེགས་འོ་བརྒྱལ་བཟོད་སྒོམ་སྡུག་བསྲན་ཚད་མེད་གནང་བའི་བཀའ་དྲིན་དང་། ཁོང་རྒན་ཐིག་དགྲ་སྡུག་ན་ཡང་། ཉི་མའི་གསེར་ཞལ་མཇལ།མཇལ་བས་མ་ཚད་གསེར་ཐིག་ལུས་ལ་ཕོག་པའི་དྲོད་ཐིག་གི་དྲིན་དང་། ཐབས་ཐུགས་ཟུང་འབྲེལ་གྱིས་ད་ལྟ་འཛམ་གླིང་ན། ཆོས་ལུགས་ཁྲོད་ན་དཔུང་རྡང་མཉམ་གཤིབ་བྱེད་ཆོག་པ་འདི་མཉམ་མེད་བླ་མ་ལྟ་བུའི་བླ་རྒན་འདི་ཡི་སྐུ་དྲིན་ལགས་པས་སྒོས་ང་ཚོ་བོན་པོ་དང་། དོན་མཐར་ཐུག་ཏུ་བསམ་ན་ད་རེས་བོད་པ་ཚོ་དང་། དེའི་ནང་ནས་ན་གཞོན་ཚོས་བཀའ་དྲིན་སྐུ་དྲིན་ཞུ་འོས།ལོ་མང་མང་སོང་རྗེས་འཛམ་གླིང་གིས་བཀའ་དྲིན་རྗེས་དྲན་ཞུ་བའི་དུས་ཤིག་ཡོང་སྲིད། རྒྱུ་མཚན་ནི་རླབས་ཆེན་གྱི་མཛད་འཕྲིན་འདི་ལྟ་བུ་མི་གཅིག་གིས་མི་ཚེར་བསྒྲུབས་ཀྱང་འགྲུབ་དཀའ་བས་ཡིན།

སླད་མར།

དཔོན་གསས་བླ་མའི་སྐུ་ནི་ཉི་མ་འདྲ། །ཉི་མ་བཞིན་དུ་རྟག་ཏུ་འཆར་བར་ཤོག །དཔོན་གསས་བླ་མའི་གསུང་ནི་བདུད་རྩི་འདྲ། །བདུད་རྩིའི་ཆབ་ཀྱིས་འགྲོ་བ་གསོ་བར་ཤོག །དཔོན་གསས་བླ་མའི་ཐུགས་ནི་ནམ་མཁའ་འདྲ།། ཐུགས་དགོངས་བོན་ཉིད་ཀློང་དང་མཉམ་པར་ཤོག །ཞང་ཞུང་བོན་གྱི་གནམ་ལོ་གསར་པའི་ལོར།། དཔོན་གསས་བླ་མའི་སྐུ་ཁམས་བདེ་བར་ཤོག །བུ་སློབ་ང་ཚོ་བདེ་ཞིང་སྐྱིད་པར་ཤོག །ཡངས་པའི་རྒྱལ་ཁམས་བདེ་ཞིང་སྐྱིད་པར་ཤོག། ནད་མུག་མཚོན་འཁྲུག་བསྐལ་པ་ཞི་བར་ཤོག །སེམས་ཅན་ཐམས་ཅད་བདེ་ཞིང་སྐྱིད་པར་ཤོག །བསྟན་འཛིན་སྐྱེས་བུའི་སྐུ་ཚེ་རིང་བར་ཤོག །རྣལ་འབྱོར་ཕོ་མོའི་ཉམས་རྟོགས་འབར་བར་ཤོག །ཕྱྭ་དམུ་གཙུག་གསུམ་དབུ་འཕང་མཐོ་བར་ཤོག །ཡོད་ཁམས་དཀར་པོའི་བསྟན་པ་དར་བར་ཤོག །མེད་ཁམས་ནག་པོའི་བསྟན་པ་ནུབ་པར་ཤོག །འདི་ལྟར་སྐྱབས་འོག་ཐ་ཤལ་བ་རིག་ཁུག་གིས་སྨོན་པའོ།།

གོ་ལྔར་ཕུལ་བའི་མཆོད་སྤྲིན།

                                        ཁྱུང་བདུད་རྩིའམ་རིས་ཚ་གཡུང་དྲུང་ཚེ་དབང་།

བསྟན་པ་རིན་ཆེན་གྲུབ་མཐའི་རྒྱལ་པོ་མདོ་སྔགས་ཟུང་འབྲེལ་གཡུང་དྲུང་བོན།། འཛིན་མའི་ཁྱོན་དུ་སྤེལ་ལ་ཟླ་མེད་སྨན་རིའི་གླིང་གི་ཡོངས་འཛིན་མཆོག། རྣམ་དག་བོན་གྱི་འཁོར་ལོ་བསྐོར་ནས་བགྲང་བྱ་གོ་ལྔར་ཕེབས་པ་ལ།། དག་པ་སེམས་ཀྱིས་ཀུན་ནས་བསླངས་ཏེ་བསྐལ་བརྒྱར་བཞུགས་པའི་གསོལ་བ་འདེབས།། ཏི་སེ་གངས་ལས་དཔངས་སུ་མཐོ་ཞིང་མ་ཕམ་མཚོ་ལས་གཏིང་ཟབ་པའི།། འཚེ་མེད་ཞི་བའི་ཆོས་ལུགས་ཞིག་སྟེ་དམུ་རྒྱལ་སྲས་ཀྱིས་སྲོལ་གཏོད་པའི།། དྲུང་མུ་གྱེར་གྱི་བསྟན་པ་འཛིན་པའི་བླ་ན་མེད་པའི་བླ་མ་སྟེ། ཡོངས་འཛིན་སེང་ཆེན་གོ་ལྔར་ཕེབས་པའི་དུས་སྟོན་འདི་ཡི་མཆོད་པ་ཡིན།། མཁའ་སྤྱོད་བདེ་ཆེན་དག་པའི་ཞིང་ནས་དུས་མཐའི་དམུ་རྒོད་འདུལ་བ་དང་།། འཛམ་གླིང་ཞི་ཞིང་བདེ་བའི་ཆེད་དུ་ཉག་ཕྲའི་བོན་བསྟན་སྐྱོང་བའི་ཕྱིར།། གཅིག་དགུ་ཉི་ཤུ་རྩ་ལྔའི་ལོ་དེར་ཁྱུང་སྟེང་བོན་གྱི་མངའ་ཁམས་དེར།། ཐོལ་གྱིས་ཕེབས་ནས་དྲེ་ལྡོང་འཚོས་པའི་སྲས་སུ་སྐུ་མཆོག་མངོན་པར་བལྟམས།། འཕྲུལ་ཡིག་བཞི་བཅུའི་ཟུངས་ཁྲག་རྒྱས་ཤིང་སུམ་རྟགས་དག་གི་ལུས་སྟོབས་འཕེལ།། འབུད་རྡུང་དཀྲོལ་གསུམ་ཐོད་དུ་ཁུར་ནས་ལྷ་བྲིས་རི་མོའི་གཡུ་རལ་གསིག། ངེས་འབྱུང་དྲག་པོའི་ཀུན་སློང་ཞིག་གིས་བཅུ་ཕྲག་རིག་པའི་མཆེ་སྡེར་བསྒྲད། ཕལ་རྒོལ་ལོག་ལྟ་འཇོམས་པའི་སེང་ཆེན་གངས་རིའི་ཁྲོད་ནས་འཚར་ལོང་བྱུང་།། ཟློག་མེད་དུས་ལ་འགྱུར་བ་བྱུང་བ་ས་ཕག་ལོ་ཡི་འཛིན་པ་དང་།། མང་ཐོས་ཕལ་ཆེར་ངུར་སྨྲིག་ཕུད་ནས་ལྤགས་གོས་སྟོད་གསིག་བྱེད་དུས་དེར།། མིག་སྙིང་སྲོག་གསུམ་འབེན་དུ་བཙུགས་ནས་བོན་སྡེ་བཀའ་རྒྱུད་སྐོར་བཞི་སོགས།། བོན་སྡེའི་སྙིང་ཁུ་རྒྱབ་ཏུ་ཁུར་ནས་བལ་བོད་ལ་ཆེན་ངལ་བས་བརྒལ།། སྐད་དང་ལུགས་སྲོལ་ལྟ་བ་མི་མཐུན་དཀར་པོ་རྒྱ་ཡི་ཡུལ་ལུང་ནས།། ཐབས་དང་ཤེས་རབ་ཟུང་དུ་སྦྲེལ་ནས་གྲོང་ཁྱེར་སོ་ལན་ཉེ་བའི་སར།། ཐོབ་རྒྱལ་གསར་པའི་བོན་གཞིས་བཙུགས་ནས་སྨན་རིའི་མཁན་རབས་སོ་གསུམ་པ།། མཉམ་མེད་བླ་མའི་རིང་ལུགས་ཇི་བཞིན་མི་འཇིགས་གདོང་ལྔའི་ཁྲི་ལ་བཏེགས།། བསྟན་པའི་གཙོ་བོ་འཆད་ཉན་ཡིན་ཞེས་སྔོན་བྱོན་དམ་པས་གསུངས་པ་བཞིན།། མཁན་ཆེན་དམ་པ་སོ་གསུམ་པ་དང་མ་གྲོས་དགོངས་པ་གཅིག་མཐུན་སྟེང་།། བཤད་སྒྲུབ་བསྟན་པའི་རྒྱལ་མཚན་བཙུགས་ནས་འཆད་རྩོད་རྩོམ་པའི་བོན་སྒྲ་སྒྲོགས།། མདོ་སྔགས་རྫོགས་གསུམ་བྱང་ཆ་ཆོད་པའི་དགེ་བཤེས་མང་པོ་གསོ་སྐྱོང་མཛད།། ལོ་རྒྱུས་རིང་མོར་སྲིད་པ་བོན་གྱི་ཕྱྭ་གཡང་འཁྱིལ་བའི་བོད་ཡུལ་དུ།། ཆོས་དད་རང་མོས་སྲིད་ཇུས་བཟང་པོའི་ཉི་མ་དཀར་པོ་ཤར་བ་དང་།། ཁྱེད་ཀྱིས་བསྐྱངས་པའི་ཐུགས་སྲས་རྣམ་པ་གངས་ཅན་ལྗོངས་ལ་འཁོད་དང་ལྷན།། ཚ་ཚ་འུར་འུར་ཐ་གྲུ་ཀུན་ནས་བོན་བསྟན་མེ་རོ་སླར་ལ་སྤར།། ཚན་རྩལ་རིག་པས་ཀླད་ཆེན་གང་བའི་སྐྲ་ལོ་སེར་པོའི་མི་རིགས་ལ།། ཞི་བདེའི་རིག་གནས་འདི་རེད་གསུངས་ནས་ཐོད་དཀར་སྲས་པོའི་དགོངས་པ་བཞིན།། ལུས་སེམས་གཉིས་དང་འདི་ཕྱི་གཉིས་ལ་ཕན་པ་ཟད་མེད་འབྱུང་བ་ཡི།། དྲུང་མུའི་གྱེར་བསྟན་ཡིད་བཞིན་ནོར་བུ་དངོས་ཤུགས་རྒྱུད་ནས་སྦྱིན་པ་བཏང་།། སྨན་རི་དགོན་གྱི་བཤད་སྒྲུབ་འདུས་སྡེའི་གཡུང་དྲུང་སེམས་དཔའི་སློབ་དཔོན་དུ།། ཐུགས་སྲས་ཐུ་བོ་འཕྲིན་ལས་ཉི་མ་སྐུ་ཚབ་བསྐོས་ནས་བོན་བསྟན་དོན།། ལྟེ་ཁྲག་འཐོར་ཞིང་བཅུ་རིག་སྦྱང་སའི་གངས་ལྗོངས་ས་ཡི་ཡང་རྩེ་རུ།། ཞབས་སོར་དང་པོ་བདེ་བར་བཀོད་ནས་འདུ་གནས་བོན་སྡེ་ཉམས་གསོ་མཛད།། བལ་ཡུལ་འཕགས་པ་ཤིང་ཀུན་དྲུང་དུ་ཁྲི་བརྟན་ནོར་བུ་རྩེ་བསྐྲུན་ཏེ།། བཤད་སྒྲུབ་བསྟན་པའི་འདུས་སྡེ་བཙུགས་ནས་དགེ་བཤེས་ས་སྟེང་གང་བ་མཛད།། འཚེ་མེད་བོན་ལ་ལྷག་བསམ་དཀར་བའི་སྨྱུག་ཐོགས་པ་ཚོར་གར་སྟེགས་དང་།། བོན་པོར་བོན་གྱི་ལོ་རྒྱུས་ཤེས་ཆེད་དུས་དེབ་བགྲེས་པོའི་འབེལ་གཏམ་སྤེལ།། གཙང་མའི་ཚུལ་ཁྲིམས་རབ་ཏུ་བཙུན་པས་གཙུག་གཤེན་རྒྱལ་བའི་གཟུགས་ཀྱི་ཟླ།།  ཤེས་བྱ་རིག་པའི་གནས་ཀུན་མཁྱེན་པས་མཁས་པ་མི་བཞིའི་ངང་ཚུལ་འགོག།། རང་ཚུགས་ཐུབ་པའི་རྣམ་དཔྱོད་ལྡན་པས་དབུས་ཀྱི་རི་རྒྱལ་ལྷུན་པོ་བཞིན།།  བསྟན་འགྲོའི་དོན་དུ་བར་མེད་རྒྱུ་བས་གླིང་བཞི་བསྐོར་བའི་རྟ་ལྗང་ཅན།། འཆད་པའི་ངག་ལ་བདུད་རྩིའི་ཟིལ་ཆགས་གདུལ་བྱའི་བློ་ཡི་མུན་པ་བཀྲུས།། རྩོད་པའི་རལ་གྲི་དབལ་སོ་རྣོ་བས་ལོག་རྟོག་མགོ་བོ་ཤག་སེ་བཀས།། རྩོམ་པའི་བོན་ལ་སྒྲོ་འདོགས་བཅད་པས་ཐེག་དགུའི་བོན་སྡེ་གསལ་དུ་བཏང་།། བོན་བསྟན་མི་ནུབ་བསྟན་པའི་རྒྱལ་མཚན་གོ་ལའི་ཕྱོགས་མཚམས་ཡོངས་ནས་བཙུགས།། ཁྱེད་ཀྱི་མཛད་འཕྲིན་མཐའ་ཡི་རྒྱ་མཚོར་བདག་བློ་ལྕང་མོས་གཞལ་མིན་ཀྱང་།། ཆུ་ཐིགས་ཙམ་ཞིག་དད་པས་བླངས་ནས་གོ་ལྔར་ཕེབས་པའི་དུས་སྟོན་དུ།། མི་འགྱུར་བརྟན་པར་བཞུགས་སུ་གསོལ་བར་གསེར་གྱི་གཡུང་དྲུང་ཆགས་ཤིང་ལ།། དར་སྣ་ལྔ་ཡི་ན་བཟའ་གསོལ་བའི་དོད་དུ་གུས་པའི་དད་པས་ཕུལ།།

༧ གོ་ལྔའི་དུས་སྟོན་ཡུལ་མཆོག་གནས་བཞིའི་རྟེན། ཁྱུང་ཡུལ་དུ་ཨུ་དཔལ་བཞད། བགྲང་བྱ་ནི་གོ་ལྔར་ཕེབས། པད་སྦུབས་སུ་ནོར་བུ་འཁྲུངས། འགྲོ་བློ་ཡིས་མུན་པ་སེལ། ཐུགས་དབྱིངས་སུ་སྐར་ཆེན་གསལ། ཐར་ལམ་གྱིས་བདེ་འབྱེད་སྟོན། མཁྱེན་བརྩེ་ཡིས་གཞའ་ཚོན་འཕྲོས། ལྐུགས་ཁ་ཡིས་ལྗགས་རྒྱ་གྲོལ། ༧ བསྟན་འཛིན་མཁས་གྲུབ་བྱེ་བའི་གཙུག་གི་རྒྱན། རྣམ་དག་གྲུབ་ཆེན་རིག་འཛིན་བརྒྱད་ཅུའི་དབུས། བླ་ཆེན་དྲན་པ་མི་ཡི་གཟུགས་སུ་གར། སྨྲ་དབང་འཛམ་གླིང་རྒྱན་གཅིག་བརྟན་བཞུགས་གསོལ།༎ ཅེས་པའི་བརྟན་བཞུགས་གསོལ་སྨོན་འདི་ཡང ༧ སྐྱབས་རྗེ་སྨན་རིའི་ཡོངས་འཛིན་སྨྲ་བའི་དབང་པོ་མཆོག་ཉིད་དགུང་གྲངས་གོ་ལྔར་ཕེབས་པའི་བརྟན་བཞུགས་སྐལ་བཟང་དགེ་བའི་ཉིན། སྒྲུབ་མཁན་ཚུལ་ཁྲིམས་ཡེ་ཤེས་ཀྱིས་རང་གནས་གཉན་ཡུལ་ཆབ་མདོ་དགོན་ནས་ཕུལ།།

གོ་ལྔའི་དུས་སྟོན་བསུ།

མགར་ལྗང་སྨྱུག

བསྟན་པའི་ལྷ་དཀར་རྣམ་འདྲེན་རྒྱལ་བ་གཉིས།། འཛིན་སྐྱོང་སྤེལ་བའི་བོན་བསྟན་རྒྱལ་དར་བསྒྲེང་།།

རྣམ་མཁྱེན་འདྲེན་པ་སྨྲ་དབང་མི་ཡིས་སེང་།། དག་པའི་ལྷ་མགོན་སྐུ་ཚེ་སྐལ་བརྒྱར་རྟན།།

མཚན་དཔེ་གསེར་ཞལ་གངས་རི་ཉི་མ་གཞོན།། ཏི་སེའི་གངས་ཀྱི་ཁ་བའི་ཚིག་མཛོད་བ།།

སེམས་ཀྱི་དད་མགོན་སྨྲ་དབང་མི་ཡིས་སེང་།། གོ་ལྔའི་དུས་སྟོན་དགའ་བས་འབུམ་གྱི་བསུ།།

དུས་ཀྱི་སྨག་རུམ་སྲིད་པའི་སྒལ་གཞུང་འཚུབ་གཡོལ་ཞིག་གིས་གངས་དཀར་ལྷུན་པོའི་ཁ་དོག་ཉམས་འགྲིབ་འཕེལ་བའི་དུས། ། 

ས་མཐའི་ཨ་ཇོའི་ངང་ཚུལ་ཞིག་གིས་རི་ཆུ་ཀླུང་གསུམ་ཁད་ཀྱིས་གཤགས་ཏེ་རྒྱལ་བསྟན་འཛིན་པའི་དོན་ཆེན་སླད། ། 

ཧི་མ་ལ་ཡའི་ཉིན་སྲིབ་དེ་རུ་རྣམ་དཀར་གཤེན་གྱི་སྒར་གཞིས་བཏབ་སྟེ་སྟོད་འགག་སྔོ་པོའི་རུས་རྐང་བཙུགས། ། 

མགོན་མེད་དྭ་ཕྲུག་ཁྲི་སྟོང་མོད་པོའི་མགོན་བྱས་ལྷོ་རྒྱལ་འཛམ་གླིང་མཛེས་པའི་རྒྱན་དུ་ཞབས་པད་རྟག་བརྟན་ཤོག། 

ཨེ་མ་ལྷ་གཉན་ཀླུས་འདེགས་འཕགས་ཡུལ་ཐོབ་རྒྱལ་སྨན་གྱི་རི་བོའི་ཚལ་གསེབ་ལྷ་ཚོགས་སྤྲིན་སྤུངས་གཏིབ་པའི་ལྟོར། ། 

སྔོན་ཚེ་རྒྱལ་བའི་གསུངས་རབས་རྒྱ་མཚོའི་ཀླུང་ལ་གཞོལ་བའི་བྲེ་སེར་འབྲོང་ཁྱུ་ཤར་ནུབ་ཁྱོན་ལ་འཚོ་འདེད་པའི། ། 

རྣམ་མང་བཤད་སྒྲུབ་འདུས་སྡེའི་ཏོག་གི་ཉེར་ལྔ་དང་ནི་ཁྲི་འཕངས་གོ་ལྔས་ལྷ་མི་དགྱེས་པའི་དགའ་སྟོན་ལ། ། 

དོག་མོའི་ས་དང་སྔོ་བསང་མ་ཡི་ཀློང་དུ་འབྱོར་བའི་འགྲོ་ཚོགས་པད་མོའི་དྲི་བྲལ་དད་པའི་མཁའ་རུ་རྩེན། ། 

གངས་ཡིག་ནས། 

རྗེ་བླ་མ།

འཛམ་གླིང་གོ་ལ་ཟླུམ་པོའི་ཡངས་རྩེ་ནས། ། གསེར་གྱི་ཉི་མའི་དྲོད་མདངས་འཚེར་བ་བཞིན། ། 

ཐུགས་རྗེའི་བྱམས་བརྩེ་མཁའ་ཁྱབ་ཡོངས་སུ་རྒྱས། །ཁྱེད་ནི་ང་ཚོའི་གངས་རིའི་སྟོན་པ་ཡིན། །

མཛད་འཕྲིན་དབྱར་གྱི་ཆུ་བཞིན་མི་ཟད་སྟེར། །གསང་གསུམ་བོན་གྱི་མཛོད་འཛིན་རྗེ་བླ་མ། །

ཁྱེད་ཀྱིས་བཀའ་དྲིན་བསམ་མཐའ་གྲངས་ཡས་པས། །བླ་མ་ཁྱེད་ནི་རྫོགས་པ་ཆེན་པོ་ཡིན། །

དབུ་སྐྲ་དཀར་པོའི་ཟེ་འབྲུ་རེ་རེ་ནང་། །རྒྱལ་བའི་བསྟན་དོན་ཟབ་མོའི་གཞུང་ལུགས་ཡོད། །

གོ་ལྔའི་དུས་སྟོན་སྐལ་བཟང་དགྱེས་སྟོན་ལ། །བཀྲ་ཤིས་ཁ་བཏགས་དཀར་པོར་ཁྱེད་ལ་འབུལ། །

ཞེས་ཐུགས་རྗེའི་སྐྱབས་འོག་པ་གངས་དབལ་མིང་དེས་གུས་ཕུལ་ལོ། 

༢༠༢༠/༡/༢༢ཉིན།

འགྲོ་ཀུན་ཕན་བདེའི་ཉི་མ་གཞོན་ནུའི་སྐུ།། ཕྱི་ཚུལ་ཞི་དུལ་ལྷོད་པའི་བྱམས་ཀྱིས་ཕྱུག།

ནང་ལྟར་སོ་ཐར་འདུལ་ཁྲིམས་རྣམ་པར་དག། མི་མཆོག་ཡོངས་འཛིན་བླ་མ་ཕྱག་གི་ཡུལ།།

བོན་བརྒྱད་རྡུལ་གྱི་དྲི་མས་མ་གོས་ཤིང་།། མཁས་བཙུན་བཟང་པོའི་མཚན་ཉིན་ཀུན་ལྡན་པའི།།

སྟོང་གསུམ་མུན་པ་སེལ་བའི་འོད་ཀྱི་སྐུ།། རྗེ་གཅིག་བླ་མའི་སྐུ་ལ་གུས་པས་བསྟོད།།

དུས་གསར་འབྱོར་བའི་མཐུས་སྒོ་མ་ཚངས་དུས།། མཚན་མོ་སྤོས་མེ་ཙམ་གྱི་གསལ་ཆའི་ངོགས།།

ཇི་བཞིན་དཔེ་ཆར་གཟིགས་པའི་ཚུལ་དེས་ཀྱང།། ཚིག་མཛོད་ཆེན་མོའི་མིང་དོན་གསལ་བར་བྱས།།

རི་ཆུ་འདོམ་གྱི་འཇལ་བའི་ཡུལ་གྱར་ཏེ།། མེད་པོ་སྲུ་མུ་རྒྱབ་གཏུག་ཉམས་ཆུང་སྡེར།།

ཁ་ཟས་རྒྱབ་གོས་སློབ་གླིང་གསར་པ་སོགས།། རིས་མེད་སྦྱིན་པའི་རྣམ་ཐར་དེ་རིང་དྲན།།

དགུ་བཅུའི་གྲངས་ཀྱི་སྐུ་ཚེའི་ལོ་རྒྱུས་ནང།། བསྟན་པ་རིན་ཆེན་ཁོ་ནའི་སྤྱི་དོན་དུ།།

ད་དུང་མི་ངལ་ཚུལ་འདི་མཇལ་བའི་ཚེ།། བདག་སེམས་དད་པའི་སྤུ་ལོང་རབ་ཏུ་གཡོ།།

སྔར་ནས་བྱོན་ཏེ་སླད་དུ་འབྱོན་པ་ཡི།། དུས་གསུམ་འདྲེན་པའི་སྟོན་པ་མོད་ན་ཡང་།

འུ་ཅག་ལྷ་སྐལ་སངས་རྒྱས་རློན་པ་སྟེ།། ཁྱེད་ནི་ཉེར་གཅིག་དུས་ཀྱི་སྟོན་པ་ཡིན།

བཅུ་རིག་ཤེས་བྱའི་མུ་མེད་རྒྱ་མཚོའི་འགྱིང་།། ལེགས་པར་སྨྲ་ལ་གཞན་དྲིང་མི་འཇོག་པའི།།

བསྟན་འཛིན་སྐྱེས་ཆེན་ཁྱེད་ཀྱི་གྲགས་དཀར་དང་།། མཛད་འཕྲིན་ས་སྟེང་ཁྱབ་ཞིང་རྒྱས་པར་ཤོག།

རླབས་ཕྲེང་ནས་ཕུལ།། །།

104440cookie-checkབཅོས་མིན་དད་པས་བསྐུལ་བའི་ངག་གི་ཕྱག་རྒྱ།
(སྤྱིའི་གཟིགས་གྲངས། 901 དེ་རིང་། 1)

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
སྔོན་གླེང་…
error: རྩོམ་འདི་བདག་དབང་ཅན་ཡིན།