ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

བོད་ཆུ་སྟག་ལོར་གདན་ས་ཁྲི་བརྟན་ནོར་བུ་རྩེ་རུ་སྲིད་རྒྱལ་འབུམ་ཚོགས་འབུལ་བའི་གནས་བསྡུས།

བདག་ཅག་གི་སྟོན་པ་རྣམ་འདྲེན་བརྒྱད་པ་རྒྱལ་བ་གཤེན་རབ་མི་བོ་མཆོག་གི་བསྟན་མཆོག་མདོ་སྔགས་སེམས་གསུམ་གྱི་བསྟན་པ་དང་འགྲོ་བའི་བདེ་སྐྱིད་ཐམས་ཅད་འཇིག་རྟེན་དུ་ཡུན་རིང་དུ་གནས་པ་ལ། ཡི་དམ་བོན་སྐྱོང་སྲུང་མའི་ཐུགས་རྗེའི་ནུས་མཐུ་ལ་བརྟེན་དགོས་པ་ཡིན་སྟབས། མདོ་སྔགས་བཤད་སྒྲུབ་བསྟན་པའི་འབྱུང་གནས། གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་༧དཔལ་ལྡན་ཁྲི་བརྟན་ནོར་བུའི་རྩེ་རུ་ལོ་ལྟར་རེ་བཞིན་སྙིགས་དུས་འདྲེན་མཆོག་བླ་ཆེན་དྲན་པ་ནམ་མཁའ་དང་། སངས་རྒྱས་གཡུང་དྲུང་བོན་གྱི་བསྟན་སྲུང་གཙོ་མོ་མ་མཆོག་སྲིད་པ་རྒྱལ་མོ་གཉིས་ལ་འབུམ་ཚོགས་རེ་རྒྱས་འབུལ་ཞུས་དང་ཞུ་བཞིན་ཡོད་པ་ལྟར། འདི་ལོ་ཧོར་ཟླ་ ༠༣ པའི་ནང་མ་གཅིག་སྲིད་པ་རྒྱལ་མོ་ལ་འབུམ་ཚོགས་འབུལ་བའི་དུས་ཚོད་དེ་ཐུག་ཡོད་སྟབས། དེ་ཡང་མ་རྒྱུད་ཚོགས་བྱང་ལས། ཚོགས་ཀྱི་མཆོད་པ་བྱིན་གྱིས་བརླབས་པ་ནི། །ཉོན་མོངས་ལྔ་བཀུག་དུག་བསྒྲལ་དག་ཚངས་བྱ། །འབྲུ་ལྔས་མང་པོ་སྤེལ་ལ་ཡོངས་སུ་འབུལ། །ཕར་ལ་མཆོད་པས་རྒྱལ་བ་མ་ལུས་སྐྱེས། །ཚུར་ལ་བྱོན་པས་བཀྲ་ཤིས་གླུ་དབྱངས་ལེན། །ཚེ་བཀྲག་དབང་དང་ཡེ་ཤེས་དངོས་གྲུབ་ནོད། །གླན་བྱུག་བཀོད་པས་སྲུང་སྐྱོབ་གོ་ཆ་གྱུར། །རྒྱས་པར་རྐང་ཐོན་འབུལ་པས་དངོས་གྲུབ་ཞུ། །བཞི་བཅུ་རྩ་ལྔ་ཡེ་ཤེས་རང་དབང་ཐོབ། །ཚོགས་ཀྱི་དམ་ཚིག་བསྲེ་བ་གཉིས་མེད་འབྲེལ། །ཡེ་ཤེས་དཀྱིལ་འཁོར་གསས་མཆོག་དྲག་ཏུ་དབབ། །ཡི་དམ་མཁའ་འགྲོ་བསྐུལ་ལ་དགྲ་བགེགས་བསྒྲལ། །ཚོགས་ཕུད་འབུལ་ཞིང་གཡུང་དྲུང་ལང་ཚོ་རོལ། །དེ་བཞིན་ཡེ་ཤེས་ཚོགས་ཀྱི་དགོངས་པར་གནས། །སྨོན་ལམ་གདབ་ཅིང་ཚོགས་ཀྱི་བཤད་པ་བཏང་། །ཡེ་ཤེས་བསྡུ་ཞིང་གོ་བགོ་རྫོགས་རིམ་སྒོམ། །དེའི་ཡེ་ཤེས་མངོན་དུ་རྙེད་པར་འགྱུར། །ཞེས་གསུངས་པ་ལྟར། གཞི་ཡི་བག་ཆགས་བསལ་བ་དང༌། ལམ་གྱི་རྟོག་པ་སྦྱོང་བ་དང༌། འབྲས་བུ་ཡེ་ཤེས་ཀྱི་ཚོགས་རྫོགས་པའི་ཕྱིར་དང་། རྒྱལ་བསྟན་སྐྱོང་བ་དང་སྲུང་བའི་ལས་མཛད་པ་ལ། ཕྱི་ནང་གི་བར་ཆོད་ཞི་བ་དང་། ལྷག་པར་དུ་སངས་རྒྱས་གཡུང་དྲུང་བོན་གྱི་བསྟན་པའི་གཙུག་རྒྱན་༧སྐྱབས་རྗེ་རྒྱལ་བ་སྨན་རིའི་ཁྲི་འཛིན་སོ་བཞི་པ་མཆོག་དང་། ས་སྟེང་བོན་བསྟན་ཡོངས་རྫོགས་ཀྱི་མངའ་བདག་བརྒྱུད་གསུམ་བསྟན་པའི་མཛོད་འཛིན་༧སྐྱབས་རྗེ་ཡོངས་འཛིན་སྨྲ་བའི་དབང་པོ་མཆོག་དང༌། དམུ་རིགས་གཤེན་གྱི་གདུང་འཛིན་༧རྒྱལ་བ་གཤེན་ཚང་གི་གདུང་སྲས་རྣམ་གཉིས་གཙོས་པའི་རིས་སུ་མ་ཆད་པའི་བསྟན་འཛིན་སྐྱེས་བུ་རྣམས་ཀྱི་སྐུ་ཚེ་བསྐལ་བརྒྱར་བརྟན་ཅིང་ཐུགས་ཀྱི་བཞེད་དགོངས་ལྷུན་གྱིས་འགྲུབ་པ་དང་། ཡངས་པའི་འཇིག་རྟེན་ཁམས་འདིར་ནད་མུག་འཁྲུག་རྩོད་དང་འབྱུང་བའི་འཇིགས་པ་ཐམས་ཅད་མྱུར་དུ་ཞི་བ་དང་། ཁྱད་པར་དུ་བཤད་སྒྲུབ་ཀྱི་བསྟན་པ་འདི་ཉིད་དར་ཞིང་རྒྱས་པ་དང་། སྦྱིན་པའི་བདག་པོ་རྣམས་ཀྱི་ཚེ་དང་བསོད་ནམས་དཔལ་དང་གྲགས་པ། ཁ་རྗེ་དབང་ཐང་ཐམས་ཅད་གོང་ནས་གོང་དུ་འཕེལ་བ་སོགས་དགོས་པའི་སྒོ་དུ་མ་ལ་དམིགས་ནས་སྲིད་རྒྱལ་འབུམ་ཚོགས་འདི་ཉིད་འཚོགས་བཞིན་ཡོད་པ་རེད། དེ་ཡང་ཐོག་མར། རིག་འཛིན་འདུས་པ་ལས། བཟའ་དང་བཅའ་དང་བཏུང་དང་བགོ། །ཞེས་པ་ལྟར། ཚོགས་རྫས་རྣམས་འབྱོར་བ་རང་གིས་བསྒྲུབས། མེད་པ་རིན་གྱིས་ཉོས། ཡོད་པ་ཕུགས་ནས་ཕྱུངས་ཏེ་ཕུན་སུམ་ཚོགས་པ་བསགས། གཤེན་གྱི་འབྱུང་ལྡན་༣༠༡བོད་ཆུ་སྟག་ལོའི་ཧོར་ཟླ་ ༠༣ཚེས་ ༢༣ ཉིན་གྲྭ་མང་རྣམས་ཀྱིས་མཆོད་བཟོ་ལེགས་པར་བྱས་ཤིང་ཕྱི་ཉིན་ཚེས་ ༢༤ནས་ ༣༠ བར་དང་ཕྱི་ལོ་༢༠༢༢ ཟླ་༠༥ཚེས་༢༤ནས་༣༠བར་བདུན་ཕྲག་གཅིག་གི་རིང་དབལ་གསས་དང་བོན་སྐྱོང་སྲུང་མའི་གཞུང་བསྲངས་ཏེ་དགེ་བའི་བཤེས་གཉེན་རྣམ་པ་དབུ་བཞུགས་ཐོག་གྲྭ་བཙུན་ཡོངས་རྫོགས་རྒྱས་འཚོགས་གནང་ཡོད་ལ། ད་ལན་མ་གཅིག་སྲིད་པ་རྒྱལ་མོ་གཙོས་བོན་སྐྱོང་སྲུང་མ་རྣམས་ལ་འབུམ་ཚོགས་ཕུལ་བའི་བྱིན་རླབས་ཀྱི་མཐུ་དང་ནུས་པ་ལ་བརྟེན་ནས་སངས་རྒྱས་གཡུང་དྲུང་བོན་གྱི་བཤད་སྒྲུབ་ཀྱི་བསྟན་པ་དང་དེ་འཛིན་གྱི་སྐྱེས་བུ་དར་ཞིང་རྒྱས་པ་དང་། ༧སྐྱབས་རྗེ་མཁན་སློབ་གཤེན་གསུམ་གཙོས་པའི་འཛམ་གླིང་གང་སར་བཞུགས་པའི་བསྟན་འཛིན་སྐྱེས་ཆེན་རྣམས་ཀྱི་སྐུ་ཚེ་ལ་བར་ཆོད་མེད་ཅིང་ཕྲིན་ལས་རྒྱས་པ། འཇིག་རྟེན་ཁམས་འདིར་ནད་མུག་འཁྲུག་རྩོད་དང་འབྱུང་བའི་འཇིགས་པ་ཐམས་ཅད་མིང་མེད་དུ་ཞི་ཞིང་། ཁྱད་པར་དུ་སངས་རྒྱས་གཡུང་དྲུང་བོན་གྱི་མདོ་སྔགས་བསྟན་པའི་འབྱུང་གནས་དཔལ་ལྡན་ཁྲི་བརྟན་ནོར་བུའི་རྩེའི་བཤད་སྒྲུབ་ཀྱི་བསྟན་པ་དང་དེ་འཛིན་གྱི་སྐྱེས་བུ་རྣམས་ལ་དངོས་ཤུགས་བརྒྱུད་གསུམ་ནས་རྒྱབ་སྐྱོར་དང་རོགས་རམ་གནང་མཁན་གྱི་འཛམ་གླིང་གང་སར་བཞུགས་པའི་དད་ལྡན་སེར་སྐྱ་མི་མང་རྣམ་པ་དང༌། སྒོས་སུ་སངས་རྒྱས་གཡུང་དྲུང་བོན་གྱི་བསྟན་པ་ལ་ལྷག་བསམ་དཀར་ཞིང་གཏོད་ཕོད་ཀྱི་ཕྱག་ཟུང་ལྷུག་པར་གྲོལ་བའི་<<ཧི་མ་ལ་ཡའི་ཞང་ཞུང་རྫོགས་ཆེན་གླིང་གི་དབུ་འཛིན་མཁན་པོ་ཨ་དཀར་བ་འཆི་མེད་བློ་བཟང་རིན་པོ་ཆེ་>>མཆོག་གིས་༢༠༡༤ནས་ད་ལྟ་བར་དགོན་འདིའི་སྲིད་རྒྱལ་འབུམ་ཚོགས་ཐེངས་དགུ་དང་དྲན་པའི་འབུམ་ཚོགས་ཐེངས་གཉིས་བཅས་འབུམ་ཚོགས་བཅུ་གཅིག་གི་སྦྱིན་བདག་ཆ་ཚང་གནང་བ་མ་ཟད་འདི་ལོ་ཡང་སྲིད་རྒྱལ་འབུམ་ཚོགས་ཀྱི་སྦྱིན་བདག་གནང་བ་དང་། རྒྱུན་ཏུ་དགོན་འདི་དང་སྔར་སྲོལ་གསོ་རིག་འབུམ་བཞིའི་སློབ་གྲྭ། གངས་ཏི་སེ་རྒྱལ་སྤྱི་སློབ་གྲྭ་སོགས་དགོན་འདིའི་འབྲེལ་ཡོད་ཆ་ཤས་ཡོངས་ལ་གང་ལ་གང་དགོས་དུས་ཐོག་གི་ཆར་དང་ནད་ཐོག་གི་སྨན་བཞིན་རླབས་ཆེན་གྱི་སྦྱིན་བདག་དང་རོགས་རམ་གནང་དང་གནང་བཞིན་པ་ལ་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུ་བ་དང་ཆབས་ཅིག་ཁོང་དང་ཁོང་གི་སློབ་མ་རྣམས་ཀྱི་བྱ་བ་ཐམས་ཅད་གེགས་མེད་དུ་ལྷུན་གྱིས་འགྲུབ་པ་དང་། ཚོགས་སྦྱོར་རྒྱུ་ཡི་ཡོན་བདག་ཕོ་མོ་གཙོས་དགོན་སྡེ་འདི་དང་ཁ་ལག་འབྲེལ་ཚད་ཀྱི་ཤི་གསོན་ཡོངས་རྫོགས་དུས་རྟག་ཏུ་མ་གཅིག་སྲིད་པ་རྒྱལ་མོ་གཙོས་བསྟན་སྲུང་དམ་ཅན་རྒྱ་མཚོས་འདི་དང་ཕྱི་མ་གཉིས་ཀ་ལ་ཐུགས་རྗེའི་ལྕགས་ཀྱུས་ནམ་ཡང་མི་འདོར་བར་མཛད་དུ་གསོལ་ལོ་ཞེས་ཕྲིན་སྨོན་གསོལ་འདེབས་དང་བཅས་ཏེ་གདན་ས་ཁྲི་བརྟན་ནོར་བུའི་རྩེ་རུ་སྲིད་རྒྱལ་འབུམ་ཚོགས་ཕུལ་བའི་གནས་བསྡུས་འདི་ཁྱུང་ཁྲི་ལྡེས་ ༢༠༢༢ ༠༥ ༣༠ ཉིན་སྤེལ།། །།

པར་པ་ཁྱུང་ཐོག་རྒོད།

(སྤྱིའི་གཟིགས་གྲངས། 259 དེ་རིང་། 1)

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན།

མཚམས་སྦྱོར། རྩོམ་ཡིག་གོང་མ།
གཡུ
error: རྩོམ་འདི་བདག་དབང་ཅན་ཡིན།