ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

བོན་དཔེ་དྲི་མེད་གཟི་བརྗིད་པོད་དྲུག་པའི་མཚམས་སྦྱོར།

སྟོན་པའི་མཛད་མདོ་རྒྱས་པ་མདོ་དྲི་མེད་གཟི་བརྗིད་ལ་པོད་བཅུ་གཉིས་དང་ལེའུ་དྲུག་ཅུ་རེ་གཅིག་ཡོད་པ་ལས་པོད་དྲུག་པ་ཆ་དུམ་འདིའི་ནང་ལེའུ་ཉི་ཤུ་རྩ་ལྔ་ནས་ཉི་ཤུ་རྩ་བརྒྱད་བར་ལེའུ་བཞི་སྟེ། བདེར་གཤེགས་ཀུན་རིག་སྒྲོན་མའི་མདོ་དང་། སྟོན་པས་འགྲོ་བ་ཐར་པར་དྲངས་པའི་མདོ། གུ་ཝེར་རྒྱལ་པོས་སྒྲིབ་པ་སྦྱང་པའི་མདོ། སྟོན་པས་ཁབ་ཀྱི་དཔལ་འབར་བཞེས་པའི་མདོ་བཅས་འདུས་ཡོད། 

༡༽ལེའུ་འདི་རྣམས་གཤེན་གྱི་དགུང་ལོ་གང་གི་དུས་ཀྱི་མཛད་པའི་སྐོར་ཡིན་པར་ངོས་བཟུང་བ།

མཛད་མདོ་རྒྱས་པ་དྲི་མེད་གཟི་བརྗིད་འདི་ཉིད་ལས། གཤེན་ལོ་གཅིག་ཏུ་བརྩིས་པ་ཡི། ལྔ་གསུམ་བཅོ་ལྔ་རྒྱལ་བུའི་ཚད། ལྔ་གསུམ་བཅོ་ལྔ་ཁབ་བཞེས་པའི་ཚད། ལྔ་གསུམ་བཅོ་ལྔ་རབ་བྱུང་གི་ཚད། ལྔ་གསུམ་བཅོ་ལྔ་འཁོར་སྤོང་དགོན་པ་མཛད་པའི་ཚད། དེ་ལྟར་དགུང་ལོ་དྲུག་ཅུ་ཐམས་པ་ལ། མཛད་པ་དྲུག་ཅུ་ཐམས་པ་རྫོགས་པ་དང་། དེ་ནས་བརྒྱད་ཅུ་རྩ་གཉིས་ཏེ་མྱ་ངན་ལས་མ་འདས་བར་མཐར་ཕྱིན་དགའ་བ་བདེ་ལྡན་གྱི་མཛད་པ་ཡིན། ཞེས་སྟོན་པའི་སྐུ་ཚེའི་ཚད་དུ་བཟུང་ཚུལ་གསལ་བ་དེ་ལྟར་ན། པོད་འདི་ཡི་ལེའུ་དང་པོ་༼ཀུན་རིག་སྒྲོན་མེའི་ཆོ་ག་བསྟན་པའི་ལེའུ། ཀུན་བཟང་རྒྱལ་བ་རྒྱ་མཚོའི་ཆོ་ག་བསྟན་པའི་ལེའུ། གུ་ཝེར་རྒྱལ་པོས་སྒྲིབ་པ་སྦྱོང་བའོ་མདོ་དང་གསུམ།༽གསུམ་འདི་ནི་དགུང་ལོ་བཅོ་ལྔའི་ནང་ཚུན་ཏེ་ལྔ་གསུམ་བཅོ་ལྔ་རྒྱལ་བུའི་སྐུ་ཚེའི་ཚད་ཀྱི་མཛད་པའི་ཁོངས་སུ་ཡིན་པ་དང་། དེ་ཡང་པོད་གོང་མའི་པེའུ་ཙེ་རྣམ་གསུམ་བསྟན་པའི་ལེའུའི་མགོ་ནས་རྒྱལ་གྱི་ལོ་མཛོད་བཅུ་གཉིས་ཀྱི་མཛད་པ་རྫོགས་ནས། །ཞེས་དགུང་ལོ་བཅུ་གཉིས་ཡོལ་བའི་རྗེས་སུ་ཡིན་པར་གསལ་བས་པོད་གོང་མ་༼མཛད་མདོ་རྒྱས་པ་དྲི་མེད་གཟི་བརྗིད་པོད་ལྔ་པ་(ཅ)དུམ།༽དང་། པོད་འདི་ཡི་ལེའུ་ཉེར་བདུན་པ་གུ་ཝེར་རྒྱལ་པོའི་སྒྲིབ་པ་སྦྱོང་པའི་མདོའི་བར་ལེའུ་བདུན་ཡོད་པ་འདི་རྣམས་གཤེན་ལོ་བཅུ་གཉིས་ཀྱི་མཛད་པ་རྗོགས་ཏེ་གཤེན་ལོ་གཅུ་གསུམ་ནས་བཅོ་ལྔའི་བར་གྱི་འགྲོ་དོན་མཛད་པའི་སྐོར་ཡིན་ཞིང་། ལེའུ་ཐ་མ་སྟོན་པའི་ཁབ་ཀྱི་དཔལ་འབར་བཞེས་པའི་མདོ་འདི་ནི་སྟོན་པ་མཆོག་གཤེན་ལོ་བཅུ་དྲུག་རྗེས་ཀྱི་མཛད་པའི་ཁོངས་སུ་ཡིན་ཏེ། གོང་དུ་གཤེན་ལོ་གཅིག་ནས་བཅོ་ལྔའི་བར་རྒྱལ་བུའི་ཚད་དང་། དེ་རྗེས་ལྔ་གསུམ་བཅོ་ལྔ་ནི་ཁབ་བཞེས་པའི་ཚད་དུ་གསུང་པས་ལེའུ་འདི་ནི་སྟོན་པས་ཁབ་ཀྱི་ཐོག་མ་བཞེས་པའི་སྐོར་ཡིན་པས་སོ། །

༢༽པོད་འདིའི་གལ་ཆེའི་ནང་དོན་གནད་བསྡུས་ངོ་སྤྲོད།

དེ་ཡང་ཆོ་གའི་དབང་དུ་བྱས་ན་མདོ་དྲི་མེད་གཟི་བརྗིད་ལས་ཆོ་ག་བཅུ་གཉིས་ཞེས་ཡོངས་སུ་གྲགས་པ་ལས་པོད་འདིའི་ནང་། ཀུན་རིག་སྒྲོན་མའི་ཆོ་ག་དང་། ཀུན་བཟང་རྒྱལ་བ་རྒྱལ་མཚོའི་ཆོ་ག་གཉིས་བསྟན་ཞིང་། འགྲོ་དོན་གྱི་དབང་དུ་བྱས་ན། ཞེ་སྡང་དབང་གྱུར་རྒྱལ་པོ་ཁྲི་ཤི་དབང་རྒྱལ་དང་། ང་རྒྱལ་དབང་གྱུར་རྒྱལ་པོ་དྲག་བྱེད་ཧ་ལ་ར་ཙ། འདོད་ཆགས་དབང་གྱུར་བཙུན་མོ་མ་ཏི་འགུ་ལིང་མ་གསུམ་ཐར་པར་དྲང་པའི་སྐོར་དང་། གཞན་ཡང་གདུང་རྒྱུད་ཀྱི་རྒྱལ་པོ་དྲུག་གི་ནང་ཚན་ཧོས་རྒྱལ་དང་བ་ཡིད་རིང་དང་། མཐའ་ན་གནས་པའི་རྒྱལ་པོ་གུར་ཝེར་ར་ཙ་བཅས་སྟོན་པའི་འཁོར་དུ་གྱུར་ཚུལ། གཞན་ཡང་སྟོན་པ་ཉིད་ཀྱི་སློབ་མ་གཡུང་དྲུང་གཙུག་གཤེན་རྒྱལ་བས་དྲང་སྲོང་གི་བསླབ་པའི་མཛད་སྤྱོད་རྣམ་དག་ཇི་ལྟར་བསྐྱང་ཚུལ་བཅས་ནི་པོད་འདིའི་ནང་གི་བརྗོད་དོན་གཙོ་བོ་རྣམས་ཡིན་ནོ། ། 

༣༽ལེའུ་སོ་སོའི་ནང་དོན་མདོར་བསྡུས་ངོ་སྤྲོད།

ལེའུ་ཉེར་ལྔ་པ་འདུས་པ་རིན་པོ་ཆེའི་རྒྱུད་དྲི་མ་མེད་པ་གཟི་བརྗིད་རབ་ཏུ་འབར་བའི་མདོ་ལས་བདེར་གཤེན་ཀུན་རིག་སྒྲོན་མེའི་མདོ། ལེའུ་འདིའི་ནང་ཞེ་སྡང་དབང་གྱུར་རྒྱལ་བུ་ཁྲི་ཤི་དབང་རྒྱལ་ཐར་པར་འདྲེན་ཕྱིར་སྟོན་པ་མཆོག་གིས་ཆོ་ག་བཅུ་གཉིས་ཀྱི་ནང་ཚན་བདེར་གཤེགས་ཀུན་རིག་སྒྲོན་མེའི་གཞུང་དང་གནས་འདྲེན་བྱང་ཆོག་བསྟན་པའི་སྐོར་ཡིན། དེ་ཡང་གནས་མཆོག་འོལ་མོ་ལུང་རིང་གི་ལྷོ་ཕྱོགས། གྲོང་ཁྱེར་དབང་བསྒྱུར་བཀོད་པའི་དབུས། སྐུ་མཁར་དགུ་ར་ཁྱུད་མོའི་ནང་། ཡབ་རྗེ་རིགས་ཀྱི་རྒྱལ་པོ་ཁྲི་བསྟན་དར་མ་དང་། ཡུམ་རྨང་རིགས་ཀྱི་བཙུན་མོ་ཁྲི་མ་ལམ་གསལ་མ་གཉིས་ཀྱི་སྲས་རྒྱལ་བུ་ཁྲི་ཤི་དབང་རྒྱལ་གྱིས་ལས་རྒྱུ་འབྲས་དང་ཚེ་སྔ་ཕྱི་ཟེར་བ་རྫུན་དུ་བཟུང་ནས་དགེ་བའི་ལས་ནི་མི་བྱེད། ཞེ་སྡང་དྲག་པོས་ཕ་རོལ་གྱི་རྒྱལ་ཁབ་རྣམས་སུ་དམག་དྲངས། ཡུལ་ཞིང་དང་ཁང་མཁར་འཕྲོག མི་བསད་ཅིང་ནོར་ཁྱེར། གནམ་ལ་འཕུར་དགུ་དང་ས་ལ་འཛུལ་བཅུ་ཐམས་ཅད་བསད་བཅད་ཀྱི་ལམ་དུ་དྲངས་ཏེ་སྡིག་པའི་ལས་འབའ་ཞིག་ཏུ་བྱས་པས། ནམ་ཞིག་རང་གི་ལས་བྱས་རང་ལ་སྨིན་ཏེ། གནམ་ལ་ཟླ་ཐིམ། ས་ལ་ཞག་ཐིམ། བདུད་དང་སྲིན་པོའི་ཁྲིམས་ལ་ཐེབ་སྟེ་གཤེན་རྗེའི་ཁ་རུ་ཚུད་ནས་ཚ་གྲང་གི་ནད་དྲག་པོས་མནར། གཤེན་པོ་མང་པོ་གདན་དྲངས་ནས་གཏོ་དང་སྨན་དཔྱད་ཅི་བྱས་ཀྱང་ཕན་པ་མ་བྱུང་བས། མཐར་ཁྲི་ཤིས་རང་ཉིད་ཀྱིས་གཞན་ལ་འཚེ་བ་བསམ་གྱིས་མི་ཁྱབ་པར་བྱས་པའི་རྣམ་སྨིན་དང་དེ་དག་གི་ལན་ཆགས་བསྙག་པར་ངོ་ཤེས་ཏེ་ལས་འབྲས་ཀྱི་ཚུལ་ལ་ཡིད་ཆེས་ཤིང་རང་གི་སྔར་བྱས་ལས་ལ་འགྱོད་པ་དྲག་པོ་སྐྱེ་བཞིན་ཚེ་ལས་འདས། དེ་ནས་སྲས་འཁོར་རྣམས་ཀྱིས་རྒྱལ་པོ་ཁྲི་ཤི་འདས་ཁའི་ཞལ་ཆེམ་བཞིན་རྟག་གཟིགས་འོལ་མོ་ལུང་རིང་ནས་སྟོན་པ་གཤེན་རབ་སྤྱན་དྲང་པ་དང་སྟོན་པ་མཆོག་གིས་གཙོ་བོ་རྒྱལ་པོ་ཁྲི་ཤི་དབང་རྒྱལ་ངན་སོང་གི་སྡུག་བསྔལ་སྦྱོང་ཞིག་ཐར་པར་འདྲེན་ཆེད་དུ་མཆོད་སྦྱིན་གྱི་རྫས་རྣམས་རྒྱས་པར་བསགས་ཏེ་བདེར་གཤེགས་ཀུན་རིག་སྒྲོན་མེའི་ཆོ་ག་ཞལ་དབྱེ་མཛད་ཚུལ་སོགས་ཀུན་རིག་སྒྲོན་མེའི་གཞུང་འདིའི་བྱུང་ཁུང་གི་ལོ་རྒྱུས་དང་། དེ་ནས་ཀུན་རིག་སྒྲོན་མེའི་གཞུང་དངོས་ལ་དང་པོ་སྔོན་དུ་འགྲོ་བར་འཇུག་པའི་རིམ་པ་ལ་གཞི་གནས་བླང་བའི་ཆོ་ག་དང་། དཀྱིལ་འཁོར་བརྩེགས་པ། ཆག་ཆག་གདབ་པ། སྟ་བོན་གྱི་རིམ་གྲོ་དང་། དཀྱིལ་འཁོར་འབྲི་ཞིང་རྒྱན་རྫས་བཀོད་པ་དང་། ཏིང་འཛིན་སྒོམ་པ་བཅས་བདུན་གྱི་སྒོ་ནས་བསྟན། གཉིས་པ་གཞུང་དོན་བྱ་བ་མཆོད་པའི་རིམ་པ་ལ། བདེ་བར་གཤེགས་པ་ཀུན་རིགས་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་དབྱིངས་ནས་སྤྱན་དྲངས་ཤིང་བཞུགས་སུ་གསོལ་བ་དང་། མཆོད་པའི་བྱེ་བྲག་གིས་དགྱེས་པ་བསྐྱེད་པ་དང་། གཙང་མའི་ཁྲུས་གསོལ་བ་དང་། ཕྱག་འཚལ་ཞིང་སྡིག་པ་བཤགས་པ་དང་། མཆོད་པའི་བྱེ་བྲག་འབུལ་བ་དང་། བདེ་གཤེགས་རྣམས་ལ་སྐུ་བསྟོད་པ་དང་། མཆོད་སྦྱིན་གྱི་གཏོར་མ་གཏོང་བ་དང་བདུན་གྱི་སྒོ་ནས་བསྟན། གསུམ་པ་རྗེས་ཀྱི་བྱ་བ་བསྡུས་པའི་རིམ་པ་ལ། དཀྱིལ་འཁོར་གྱི་སྒོ་དབྱེ་བ་དང་། ལྷ་ཞལ་བསྟན་པ་དང་། བུམ་པའི་ཁྲུས་གསོལ་བ་དང་། དབང་བསྐུར་བ་དང་། ལྷ་བསྐྱོད་པ་དང་། གཞལ་ཡས་བསྡུ་བ། བཀྲ་ཤིས་གསོལ་བ་བཅས་གཞུང་ཡོངས་སུ་རྫོགས་པར་བསྟན་ཡོད། གཞན་ཡང་རྒྱལ་པོ་ཁྲི་ཤིའི་ལོ་རྒྱུས་ནང་དུ་ལས་སྡིག་པ་བྱས་པའི་འབྲས་བུ་རུ་རྣམ་སྨིན་སྡུག་བསྔལ་གྱི་རང་བཞིན་མངོན་སུམ་དུ་མྱོང་ཚུལ་སོགས་ལས་འབྲས་ཀྱི་རྣམ་བཞག་དང་གཞན་གྱིས་རང་ལ་ལན་ཆགས་ཀྱི་བུ་ལོན་ཇི་ལྟར་བསྙག་ཚུལ་སོགས་ཤིན་ཏུ་ཁ་གསལ་གོ་བདེ་རུ་བསྟན་ཡོད་པས་ནང་པའི་ཆོས་ལུགས་དང་ལྟ་གྲུབ་ཀྱི་ཐོག་ནས་བཤད་ན་ཧ་ཅང་རིན་ཐང་ལྡན་ཞིང་ནང་དོན་གཏིང་ཟབ་པའི་གཞུང་ལུགས་ཤིག་ཏུ་གྲུབ་ཡོད་ཅིང་། ཡང་རྒྱལ་པོ་ཁྲི་ཤིས་རང་ཉིད་ནད་ཀྱིས་མནར་བའི་སྐབས།  །ང་ཉིད་ཅིས་ཀྱང་སྡིག་པའི་ནད་ཡིན་ན། །གཤེན་རབ་སེམས་པ་དེ་ཡང་སྤྱན་འདྲོང་དང་། །ཁོང་གིས་ཚེ་གཅིག་དགེ་བའི་ལས་བྱས་པས། །ད་ལྟ་ང་ལ་མི་ཕན་སུ་ལ་སྡོང་། །དེ་ཡང་དགེ་སྡིག་གང་ཡིན་ཐང་གཅིག་བརྟག །སྡིག་པའི་ལས་ལ་ང་ལས་ཆེ་བ་མེད། །ང་ལ་ཕན་ན་ཐག་ཆོད་ངེས་པ་ཡིན། །མ་ཕན་གྱུར་ན་དགེ་ཡང་དེ་འདྲ་བ། །ཞེས་སོགས་ཀྱིས་མཚོན་པའི་ཐ་སྙད་ཕུན་སུམ་ཚོགས་ཤིང་ཁ་གསལ་གོ་བདེའི་ཚིག་བཅད་དུ་མ་ཡོད་པ་རྣམས་སྙན་ངག་གི་ཉམས་ཀྱང་རྨད་དུ་བྱུང་བ་ཡོད་པས་ཀློག་པ་པོ་རྣམས་ཀྱིས་ཀློག་སྤྲོ་བའི་ལེའུ་ཞིག་ཡིན་ནོ། །

ལེའུ་ཉེར་དྲུག་པ་འདུས་པ་རིན་པོ་ཆེའི་རྒྱུད་དྲི་མ་མེད་པ་གཟི་བརྗིད་རབ་ཏུ་འབར་བའི་མདོ་ལས་སྟོན་པས་འགྲོ་བ་ཐར་པར་དྲངས་པའི་མདོ། ལེའུ་འདིའི་ནང་ང་རྒྱལ་དབང་གྱུར་རྒྱལ་པོ་དྲག་བྱེད་ཧ་ལ་ར་ཙ་དང་། གུ་ཝེར་རྒྱལ་པོ་གཉིས་བར་གྱི་འཐབ་འཁྲུག་བྱུང་ཚུལ་དང་། མཐར་སྟོན་པ་སྤྱན་དྲངས་ནས་ཆོ་ག་བཅུ་གཉིས་ཀྱི་ནང་ཚན་ཀུན་བཟང་རྒྱལ་བ་རྒྱ་མཚོའི་ཆོ་ག་བསྟན་པའི་སྐོར་ཡིན། དེ་ཡང་རྟག་གཟིགས་ཀྱི་ཡུལ་འོལ་མོ་ལུང་རིང་གི་ལྷོ་ཤར་ཡུལ་ནེ་ཁྲི་འབུམ་ཐང་གི་དབུས། གྲོང་ཁྱེར་ཆེན་པོ་ཤ་འབལ་ཁྲི་རྩེ་མཁར་གྱི་གླིང་། སྐུ་མཁར་ནེའུ་ར་སྲིན་རྫོང་དུ་ཡབ་རྗེའུ་རིགས་ཀྱི་རྒྱལ་པོ་ཁྲི་ཝེར་གྱི་གདུང་ལས་གྲོལ་བའི་རྒྱལ་པོ་འཁོར་ལོ་རབ་དགའ་དང་། ཡུམ་སྨྲ་ཟ་ནེ་གུང་ལྕམ་གཉིས་ཀྱི་སྲས་རྒྱལ་པོ་དྲག་བྱེད་ཧ་ལ་ར་ཙ་ཡིས་གུ་ཝེར་རྒྱལ་པོའི་ཡུལ་དུ་དམག་དྲངས་ནས་ནོར་བུ་དུ་མ་འཕྲོག་པ་དང་གུ་ཝེར་གྱི་སྲས་སོའུ་ར་ཙ་ཡང་བཙོན་དུ་བཅུག་སྟེ་དམག་ལས་རྒྱལ་བའི་ང་རྒྱལ་གྱིས་དགེ་བའི་ལས་མི་བསམ་པར་སྡིག་པ་འབའ་ཞིག་ཏུ་སྤྱད་ཅིང་། སླར་ཡང་གུ་ཝེར་རྒྱལ་པོ་ལ་ནོར་བུ་གཅིག་ཡོད་པ་དེ་ཡང་འཕྲོག་ཕྱིར་དམག་འདྲེན་པའི་སྟ་གོན་གྱི་སྐབས། ནུབ་ཅིག་ལ་རང་ཉིད་དམྱལ་བའི་ཡུལ་ནས་གཅོད་སྦྱོང་གི་སྡུག་བསྔལ་ཚད་མེད་མྱོང་བཞིན་པ་རྨིས་པས་གཉིད་སད་པ་ན། ཚེ་སྔོན་གྱི་དགེ་བའི་བག་ཆགས་བཟང་པོ་སད་དེ་དགེ་སྡིག་གི་ཉེས་མིག་དང་ཕན་ཡོན། ལས་འབྲས་ཀྱི་ཚུལ་རྣམས་ལ་ཡིད་ཆེས་བཅོས་མ་མ་ཡིན་པར་སྐྱེས་ཤིང་། སྔར་སྡིག་པའི་ལས་བྱས་པ་རྣམས་ལ་འགྱོད་པ་དྲག་པོ་སྐྱེས། དེ་ནས་དལ་འབྱོར་གྱི་མི་ལུས་འདི་ཡི་ཐོག་ཏུ་དགེ་བ་ཡང་དག་པ་ཞིག་བསྒྲུབ་འདོད་ཀྱི་བློ་སྐྱེས་ཏེ་སྟོན་པ་གཤེན་རབ་མི་བོ་མཆོག་གདན་དྲངས་པ་དང་། སྟོན་པ་མཆོག་འཁོར་རྨ་ལོ་དང་། གཡུ་ལོ། ཡིད་ཀྱི་ཁྱེའུ་ཆུང་། གཏོ་བུ་འབུམ་སྲས། ཚངས་པ་གཙུག་ཕུད། སྤང་ལ་གནམ་གཤེན། བདེ་རྒྱས་གཙུག་ཕུད། ཡིད་བཞིན་འབྱུང་གནས་དང་བརྒྱད་ཀྱིས་སྐོར་ནས་དྲག་བྱེད་ཧ་ལ་ར་ཙའི་ཡུལ་དུ་ཕེབས་ནས་འགྲོ་བ་སེམས་ཅན་གྱི་སྒྲིབ་པ་སྦྱོང་བའི་ཕྱིར་ཀུན་ཏུ་བཟང་པོ་བདེར་གཤེགས་རྒྱལ་བ་རྒྱ་མཚོའི་དཀྱིལ་འཁོར་ཞལ་ཕྱེས་ཚུལ་སོགས་གཞུང་གི་ལོ་རྒྱུས་དང་། དེ་ནས་རྒྱལ་བ་རྒྱ་མཚོའི་གཞུང་དངོས་ཀྱི་ཐོག་མར་ཡོ་བྱད་བསག་པ་དང་། གཉིས་པ་སྔོན་དུ་འགྲོ་བ་དང་། གསུམ་པ་འཕྲིན་ལས་ཀྱི་རིམ་པ། ཐ་མ་རྗེས་ཀྱི་བྱ་བ་བཅས་གཞུང་ཡོངས་སུ་རྫོགས་པར་བསྟན་ཏེ་རྒྱལ་པོ་དྲག་བྱེད་ཧ་ལ་ར་ཙའི་སྒྲིབ་པ་སྦྱང་ཚུལ་བསྟན་པ་ཡིན། །

ལེའུ་ཉེར་བདུན་པ་འདུས་པ་རིན་པོ་ཆེ་ཡི་རྒྱུད་དྲི་མ་མེད་པ་གཟི་བརྗིད་རབ་ཏུ་འབར་བའི་མདོ་ལས་གུ་ཝེར་རྒྱལ་པོས་སྒྲིབ་པ་སྦྱང་པའི་མདོ། ལེའུ་འདིའི་དང་པོ་བྱུང་ཁུང་གི་ལོ་རྒྱུས་ནི་ལེའུ་གོང་མ་དང་འབྲེལ་ཡོད་ཅིང་། དྲག་བྱེད་ཧ་ལ་ར་ཙས་དགེ་བའི་སེམས་ཀྱིས་གུ་ཝེར་རྒྱལ་པོའི་སྲས་སོའུ་ར་ཙ་བཙོན་ནས་གློད་དེ་གུ་ཝེར་ཡུལ་དུ་ལོག་རྗེས་ཡབ་གུ་ཝེར་རྒྱལ་པོས་སྲས་སོའུ་ར་ཙ་ཁྲི་ལ་བསྐོས་པ་དང་། དེ་ནས་སྲས་སོའུ་ར་ཙ་དང་ཡབ་ཡུམ་རྗེ་བློན་རྣམས་ཀྱིས་གྲོས་མཛད་དེ་དགེ་བ་ཡང་དག་པ་ཞིག་བསྒྲུབ་ཆེད་སྟོན་པ་གཤེན་རབ་མཆོག་གདན་དྲངས་པས། སྟོན་པ་མཆོག་འོལ་མོ་ལུང་རིང་གི་ལྷོ་ཕྱོགས། མུ་ཁྱུད་བདལ་པའི་རྒྱ་མཚོའི་ནང་རོལ། མཐའ་གླིང་སུམ་ཅུ་རྩ་གཉིས་ཀྱི་ནང་ཚན། གུ་ཝེར་རྒྱལ་པོའི་ཡུལ་ཕོ་བྲང་ཆེན་པོ་ཤ་ཟ་གླིང་ཁྲོམ་གྱི་དབུས་སྐུ་མཁར་མུན་པ་གླིང་རྫོང་དུ་ཕེབས་པ་དང་། བདེ་བར་གཤེགས་པ་དགྲ་བཅོམ་པ་བརྒྱ་རྩ་བརྒྱད་ཀྱི་མཚན་བརྗོད་ནས་མཚན་ཕྱག་བཙལ་བས་གུ་ཝེར་རྒྱལ་བློན་རྣམས་སྒྲིབ་པ་བྱང་སྟེ་ཐར་པ་ཐོབ་ཚུལ་སྐོར་ཡིན་ནོ། །

ལེའུ་ཉེར་བརྒྱད་པ་འདུས་པ་རིན་པོ་ཆེ་ཡི་རྒྱུད་དྲི་མ་མེད་པ་གཟི་བརྗིད་རབ་ཏུ་འབར་བའི་མདོ་ལས་སྟོན་པས་ཁབ་ཀྱི་དཔལ་འབར་བཞེས་པའི་མདོ། ལེའུ་འདི་ཡི་ནང་སྟོན་པ་གཤེན་རབ་དང་ཧོས་རྒྱལ་དང་བ་ཡིད་རིང་བར་འབྲེལ་བ་བྱུང་ཚུལ་དང་འདོད་ཆགས་དབང་གྱུར་བཙུན་མོ་འགུ་ལིང་མ་ཏི་སྡུག་བསྔལ་ལས་ཐར་ཕྱིར་སྟོན་པ་མཆོག་ཡུལ་ཧོས་མོ་གླིང་དྲུག་ཏུ་ཕེབས་ནས་འགྲོ་དོན་མཛད་ཚུལ་དང་བསྟན་པ་བཞག་ཚུལ་སྐོར་ཡིན། དེ་ཡང་ལྷོ་འཛམ་བུ་གླིང་གི་སོག་ཁ། སྟག་གཟིག་གི་ཡུལ། འོལ་མོ་གླིང་ཆེན་གྱི་ཤར་ཕྱོགས། ཆུ་བོ་ན་ར་ཛྰ་རའི་རྒྱུད། ཕྱི་གླིང་ཆེན་པོ་བཅུ་དྲུག་གི་ནང་གསས་རྗེ་ཧོས་ཀྱི་གླིང་ཞེས་བྱ་བར་གདུང་རྒྱུད་ཀྱི་རྒྱལ་པོ་དྲུག་གི་ནང་ཚན་གསས་རྗེ་ཧོས་ཀྱི་གདུང་རྒྱུད་ལས་གྲོལ་བའི་དད་པ་ཅན་གྱི་རྒྱལ་པོ་ཧོས་དྭངས་བ་ཡིད་རིང་གིས་ཧོས་ཀྱི་ཡུལ་དུ་ཐར་པའི་ལམ་སྟོན་གྱི་སྟོན་པ་ཞིག་སྤྱན་འདྲེན་ཕྱིར་འོལ་མོ་ལུང་རིང་དུ་སྟོན་པའི་སྤྱན་སྔར་བྱོན་པ་ལ། སྟོན་པ་མཆོག་གིས་སློབ་མ་སྲིད་པ་སང་པོ་འབུམ་ཁྲིའི་སྤྲུལ་པ་མཚན་ལྡན་ཡིད་ཀྱི་ཁྱེའུ་ཆུང་ཟུར་ཕུད་ཅན་རྒྱལ་པོའི་མཆོད་གནས་སུ་མངག་པ་དང་། ཡིད་ཀྱི་ཁྱེའུ་ཆུང་ཧོས་ཀྱི་ཡུལ་དུ་ཕེབས་ནས་སངས་རྒྱས་ཀྱི་བསྟན་པ་རྒྱ་ཆེར་སྤེལ་བར་མཛད། དུས་དེར་འདོད་ཆགས་དབང་གྱུར་བཙུན་མོ་འགུ་ལིང་མ་ཏི་ཡིས་སློབ་དཔོན་གྱི་སྐུ་ལ་ཆགས་པ་སྐྱེས་ཏེ་བསླུ་ཐབས་བྱས་ཀྱང་བསླུ་མ་ཐུབ་པ་སོགས་དྲང་སྲོང་གཡུང་དྲུང་གཙུག་གཤེན་རྒྱལ་བའི་མཛད་སྤྱོད་རྣམ་པར་དག་པའི་ལོ་རྒྱུས་དང་། དེ་ནས་བཙུན་མོ་མ་འཐད་པས་སློབ་དཔོན་ལ་མ་ཉེས་པའི་བསྐུར་བ་ཆེན་པོ་བཏབས་ཤིང་གཡུང་དྲུང་བོན་ལ་སྨད་པ་བཏང་བའི་སྡིག་ཉེས་ཀྱིས་འགུ་ལིང་མ་ནད་ཙི་ཙི་ཛ་ལས་ཟིན་ཏེ་སྡུག་བསྔལ་ཚད་མེད་ཀྱིས་མནར་ནས་དྲག་ཐབས་མ་བྱུང་བས། དེ་ལ་སྟོན་པ་མཆོག་དངོས་སུ་ཧོས་ཡུལ་དུ་གདན་དྲངས་ཤིང་སློབ་དཔོན་གྱི་མདུན་ནས་བཙུན་མོས་མ་ཉེས་པའི་ལྟོ་གླེང་བཏབས་པ་རྣམས་རང་ནོར་ངོས་ལེན་བྱས་པ་དང་། སྟོན་པས་སྐབས་འདིར་སྒྲིབ་སྦྱོང་མུན་སེལ་སྒྲོན་མེའི་ཆོ་ག་ཡང་གསུང་པར་བསྟན་ཞིང་། གཞན་ཡང་ལྷ་མོ་སུམ་བརྒྱ་དྲུག་ཅུའི་མཚན་བརྗོད་ནས་བཙུན་མོ་འགུ་ལིང་མས་མཚན་ཕྱག་འཚལ་ཞིང་སྡིག་བཤགས་བྱས་ཏེ་སྒྲིབ་པ་བྱང་བ་དང་། དེ་ནས་གཡུང་དྲུང་བོན་གྱི་བསྟན་པ་སྤེལ་བ་དང་། ཕྱིར་རབས་ཀྱི་འགྲོ་བ་རྣམས་ལ་དཔེར་བསྟན་པའི་ཕྱིར་ཡུལ་ཧོས་མོ་གླིང་དྲུག་གི་གཡས་སུ་མཚོ་འབྲི་མིག་དགུ་སྐོར་དུ་བཟོ་རྒྱལ་གར་མ་ལི་ཤོ་སོགས་ཀྱིས་སྐོས་བྱས་ཏེ་རྒྱལ་གྱི་ཕོ་བྲང་འབར་བ་རྩེ་དགུ་ལ་དཔེ་བླངས་ཏེ་བདེ་བར་གཤེགས་པའི་སྐུ་གདུང་གི་གསས་མཁར་བཞེངས་པའི་སྐོར་དང་། ཧོས་རྒྱལ་དང་བ་ཡིད་རིང་གིས་རང་གི་བུ་མོ་ཧོས་བཟའ་རྒྱ་མེད་མ་དེ་ཉིད་སྟོན་པའི་ཁབ་ཏུ་ཕུལ་ཏེ་སྟོན་པ་མཆོག་གིས་ཁབ་ཀྱི་ཐོག་མ་བཞེས་པའི་སྐོར་བཅས་འཁོད་པ་ཡིན། 

གཞན་ཡང་ལེའུ་འདིའི་ནང་དུ་སྟོན་པ་མཆོག་གིས་ཧོས་བཟའ་རྒྱལ་མེད་ཁབ་ཏུ་བཞེས་ཏེ་འོལ་མོ་ལུང་རིང་དུ་གཤེགས་སྐབས་བག་སྟོན་གྱི་གཡང་ལེན་དང་སྣ་སེལ་རིམ་གྲོ་སོགས་གཉེན་སྟོན་གྱི་ཆོ་ག་ཇི་ལྟར་བགྱིས་ཚུལ་རྒྱས་པར་འཁོད་ཡོད་པས་ཞིབ་འཇུག་གི་རིན་ཐང་ཡང་ལྡན་པར་སྙམ་མོ། །ཞེས་མཛད་མདོ་རྒྱས་པ་དྲི་མ་མེད་པ་གཟི་བརྗིད་རབ་ཏུ་འབར་བའི་མདོ་པོད་དྲུག་པ་ཆ་དུམ་གྱི་མཚམས་སྦྱོར་མདོར་བསྡུས་སུ་དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེའི་སློབ་གཉེར་བ་ཚུལ་ཁྲིམས་དྲི་མེད་ཀྱིས་བྲིས་སོ། །

(སྤྱིའི་གཟིགས་གྲངས། 551 དེ་རིང་། 1)

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
རྩོམ་པ་པོ་…
error: རྩོམ་འདི་བདག་དབང་ཅན་ཡིན།