ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

བོན་ཚོགས་ཡེ་ཤེས་གསལ་གླིང་དུ་མཆོད་རྟེན་རབ་གནས་འཚོགས་པ།

མཆོད་རྟེན་ནི་རྟེན་གསུམ་ལས་བདེ་བར་གཤེགས་པའི་ཐུགས་མཆོག་མཚོན་དོན་དུ་གྱུར་པ་ཞིག་ཡིན་པ་དང་། རྟེན་ཆེ་ཆུང་ཇི་ལྟར་ཡིན་ཡང་དེ་ལ་ཕྱི་ཡི་ཆ་ཚད་དང་ནང་གི་གཟུངས་འཇུག་གཉིས་རྒྱུད་ལུང་གི་དགོངས་པ་དང་མཐུན་པ་གལ་ཆེ་བ་མ་ཟད་མངའ་དབུལ་རབ་གནས་ཀྱི་སྒོ་ནས་རྟེན་བྱིན་གྱིས་རླབས་པའི་འཕྲིན་ལས་ཀྱི་རིམ་པར་འཇུག་དགོས་པ་ནི་དེ་བས་གལ་ཆེ་བ་ཡིན། དེ་ཡང་«གཟུངས་གཞུག་འབུལ་བྱེད་གཡུང་དྲུང་བསྟན་པ་རྒྱས་པའི་པད་ཚལ།»ལས། སྐུ་གསུང་ཐུགས་ཀྱི་རྟེན་གང་ཡིན་ཀྱང། སྔོན་གྱི་རིག་འཛིན་གོང་མ་ཁྱད་པར་དུ་འཕགས་པ་རྣམས་ཀྱིས་རབ་ཏུ་གནས་པ་ཡིན་ན་མ་གཏོགས། དེ་མིན་བཞེངས་བཀོད་བྱས་པའི་རྟེན་ཐ་དག་དང་། ལྷག་པར་དུས་རྒྱུན་བསྙེན་སྒྲུབ་གསོལ་མཆོད་སོགས་མེད་པའི་ལྷ་ཁང་དང་། སྐུ་ལྡེར་གཟུགས་བརྙན་འདྲ་མིན་ཡོད་པ་སོགས་ལ། རྒྱལ་བསེན་འབྱུང་པོའི་རློམ་ཤིང་ཞུགས་པ་མང་བས། རབ་གནས་ལོ་རེ་བཞིན་སྤོག་པ་རྒྱུད་ལུང་ཐ་དག་ནས་གསུངས་པས། གལ་གནད་ཤིན་ཏུ་ཆེ་བར་འདུག་གཤིས་ཀྱིས་ཟབ་རྒྱས་སུ་མཛད་པར་ཞུ། ཞེས་ཀུན་མཁྱེན་ཉི་མས་རྒྱུད་ལུང་གི་དགོངས་པ་རྩལ་འདོན་གནང་ནས་སྟོན་པའི་རྗེས་འཇུག་རྣམས་ལ་ལེགས་པར་གདམས་ཡོད་པ་ལྟར་རྩ་བའི་གྲྭ་ས་ཁག་གཙོས་བོན་ཕྱོགས་ནས་རྟེན་གསུམ་ལྷ་ཁང་གང་ཞིག་གསར་དུ་ལེགས་གྲུབ་བྱུང་ཚེ་རབ་གནས་ཀྱི་ཆོ་ག་རྒྱས་བསྡུས་ཅི་རིགས་ཀྱི་སྒོ་ནས་མཛད་སྒོ་སྐྱོང་སྲོལ་ཡོད་པ་ནི་རྒྱུན་ཆགས་སུ་གནས།

སྐབས་ཀྱི་གླེང་གཞི་ Austria ཨོ་སུ་ཊཱི་རིས་ཡ་རུ་གནས་གཞི་ཆགས་པའི་<<བོན་ཚོགས་ཡེ་ཤེས་གསལ་གླིང་>>སྐོར་ངོ་སྤྲོད་མདོར་བསྡུས་ཞུ་བར་ཕྱི་ལོ་ ༢༠༠༩ ལོ་ནས་བཟུང་གཤེན་གྱི་རྣལ་འབྱོར་སྒྲུབ་ཐོན་པ་བླ་མ་སངས་རྒྱས་སྨོན་ལམ་༼ཁོང་གི་ལོ་རྒྱུས་མདོར་བསྡུས་མེ་ལོང་ཡེ་ཤེས་དྲ་རྒྱའི་ནང་གསལ་ཡོད།༽དང་། དད་སྦྱིན་གཡུང་དྲུང་དབང་མོ་ཟུང་གིས་༧སྐྱབས་རྗེ་མཁན་སློབ་རྣམ་པར་བཀའ་སློབ་ལམ་སྟོན་ཞུས་པ་གཞིན་རྗེས་སུ་ཚོགས་པའི་མིང་དང་ས་ཆ། ཚོགས་ཁང་། བཞུགས་ཤག་བཅས་འཐུས་ཚང་གསར་གཟིགས་གནང་ནས་ཕྱི་ནང་གི་གཟུགས་དབྱིབས་ལེགས་བཅོས་རྒྱ་ཆེར་གནང་བ་དང་། དེ་བཞིན་གསུང་རྟེན་དུ་བོན་གྱི་བཀའ་བརྟེན་འགྱུར་ཆ་ཚང་དང་། གསུང་འབུམ་ཁག སངས་རྒྱས་གཡུང་དྲུང་བོན་གྱི་དཔེ་ཚོགས། སྒོ་བཞི་མཛོད་ལྔའི་ཡང་བཅུད་གཙོས་བཀའ་དང་བཀའ་བརྟེན་གྱི་གསུང་རབ་དཔེ་ཆ་རྣམས་དང་། ནང་གི་སྐུ་རྟེན་གཙོ་བོ་སྟོན་པ་ལོངས་སྤྱོད་རྫོགས་པའི་སྐུ་བརྙན་ཟངས་གསེར་ལས་གྲུབ་པ་མི་ཚད་ཅན་དང་། ཐུགས་རྟེན་དུ་རྒྱུ་ཟངས་གསེར་ལས་གྲུབ་པའི་གཡུང་དྲུང་བཀོད་ལེགས་ཀྱི་མཆོད་རྟེན་བཅས་རྟེན་གསུམ་གྱི་བསྟན་པའི་མཚོན་དོན་འཐུས་སྒོ་ཚང་བར་ལེགས་གྲུབ་བྱུང་ཡོད།

ཕྱི་ལོ་ ༢༠༡༥ ལོར་རབ་གནས་ཀྱི་མཛད་སྒོ་འཚོགས་ཏེ་གསང་གསུམ་བོན་གྱི་མཛོད་འཛིན་༧སྐྱབས་རྗེ་ཡོངས་འཛིན་སློབ་དཔོན་བསྟན་འཛིན་རྣམ་དག་རིན་པོ་ཆེ་མཆོག་སྐུ་དངོས་སུ་དབུ་མགོན་དུ་གདན་འདྲེན་ཞུ་ཐུབ་པ་བྱུང་བ་དང་། དེ་བཞིན་གདན་ས་ཁྲི་བརྟན་ནོར་བུ་རྩེའི་མཁན་ཆེན་བསྟན་པ་གཡུང་དྲུང་རིན་པོ་ཆེ་གཙོས་ཡུ་རོབ་ཁུལ་དུ་བཞུགས་པའི་བོན་གྱི་དགེ་བའི་བཤེས་གཉེན་དུ་མ་ཞིག་ཆེད་དུ་གདན་འདྲེན་ཞུས་ནས་རབ་གནས་མཛད་སྒོ་རྒྱས་འཚོགས་གནང་བའི་སྐལ་བཟང་བྱུང་བ་དང་།

ད་ལམ་མཆོད་རྟེན་རབ་གནས་ཀྱི་སྐལ་བཟང་མཛད་སྒོ་འདི་ནི། སྤྱིར་ན་ཉེ་བའི་འབྲེལ་ཡོད་དད་ལྡན་པ་ཐུན་མོང་གིས་རྒྱུན་དུ་ཕྱག་མཆོད་དང་ཞབས་སྐོར་འབུལ་བའི་ཡུལ་དུ་དགོངས་ནས་ཕྱི་ལོ་ ༢༠༡༩ ལོར་བཟོ་བོ་དད་ལྡན་པ་ཧྥ་རན་སིའི་རྡོ་རྗེ་ལགས་ཀྱིས་འཆར་བཀོད་གཙོ་འགན་བཞེས་ཤིང་ཕྱག་རོགས་གནང་མཁན་མི་ཉུང་བ་ཞིག་གིས་མཐུ་དཔུང་མཉམ་དུ་ཞུས་པ་ལས་གཡུང་དྲུང་བཀོད་ལེགས་ཀྱི་མཆོད་རྟེན་ཐོག་བརྩེགས་གཉིས་ཅན་༼མི་ཊར་meter བདུན་ཙམ།༽ཞིག་བཞེང་རྒྱུ་དབུ་ཚུགས་ཏེ་ལོ་དེའི་ནང་ཕྱི་ནང་ཆ་ཚང་ལེགས་གྲུབ་བྱུང་བ་དང་བསྟུན་རབ་གནས་གྲ་སྒྲིག་ཞུས་ཡོད་ཀྱང་ཡམས་ནད་གེགས་རྐྱེན་དབང་གིས་ད་བར་ཕྱིར་འགྱངས་མ་གནང་ཁག་མེད་དུ་གྱུར་ཡོད།

འདི་ལོར་ཡུལ་དུས་གནས་སྟངས་ཅུང་ལེགས་སུ་ཕྱིན་པ་དང་བསྟུན་རབ་གནས་མཛད་སྒོ་ཚོགས་གཏན་ཁེལ་བ་ལྟར་༧སྐྱབས་རྗེ་མཁན་ཆེན་ལུང་རྟོགས་བསྟན་པ་གཡུང་དྲུང་རིན་པོ་ཆེ་མཆོག་དབུ་མགོན་དུ་ཆེད་ཕེབས་གནང་ཐུབ་པའི་སྐལ་བཟང་བྱུང་བ་དང་། དགེ་བའི་བཤེས་གཉེན་གསར་རྙིང་མི་ཉུང་བ་ཞིག་ལ་གདན་ཆ་ཕུལ་ཏེ་གྲ་སྒྲིག་ཞུས་ཡོད་ཀྱང་ཐོང་མཆན་མ་རགས་པའི་རྐྱེན་གྱིས་མང་པོ་ཞིག་དུས་ཐོག་ཏུ་ཕེབས་ཐུབ་མེད། གཞན་ཧྥ་རན་སིའི་བོན་ཚོགས་གཤེན་བསྟན་དར་རྒྱས་གླིང་ནས་དགེ་བའི་བཤེས་གཉེན་བསྟན་འཛིན་སྦྱིན་པ་དང་། དགེ་བའི་བཤེས་གཉེན་ཨ་ཤག་ལུང་རིག་རྣམ་དག རྫོགས་ཆེན་རྣལ་འབྱོར་གླིང་གི་བླ་མ་མཁན་ཟུར་ཉི་མ་དབང་རྒྱལ་གཙོ་འཁོར་བཅས་དུས་ཐོག་ཏུ་ཕེབས་པ་དང་། དེར་མཚུངས་གདན་ས་ཁྲི་བརྟན་ནོར་བུ་རྩེ་ནས་ཕེབས་པའི་དགེ་བའི་བཤེས་གཉེན་སངས་རྒྱས་ཡེ་ཤེས་དང་། གཤེན་གྱི་སྒྲུབ་ཐོན་རྣལ་འབྱོར་པ་རྨ་ཚ་ཚུལ་ཁྲིམས་བསྟན་འཛིན་རྣམ་གཉིས་སྔོན་ཚུད་ནས་ཕེབས་ཐུབ་པ་བྱུང་བས་རྣམ་དག་ཡུམ་གྱི་རབ་གནས་ཀྱི་གྲ་སྒྲིག་འཐུས་ཚང་ཞུས། དེ་བཞིན་ཡུ་རོབ་བོན་ཚོགས་ཁག་སོ་སོ་ནས་དད་ལྡན་པ་མི་ཉུང་བ་ཞིག་མཛད་སྒོར་ཆེད་བཅར་ཞུས་ཡོད།

ད་རེས་ཀྱི་མཛད་སྒོ་འདི་ཉིད་འདི་ལོའི་ ༢༠༢༢ ཟླ་ ༠༧ ཚེས་ ༠༡ ཉིན་དབུ་འཛུགས་ཞུས་པ་དང་། དབུ་མགོན་དུ་༧སྐྱབས་རྗེ་མཁན་ཆེན་ལུང་རྟོགས་བསྟན་པ་གཡུང་དྲུང་རིན་པོ་ཆེ་མཆོག་བཞུགས་ཤིང་ཚེས་ ༠༡ ནས་ ༠༤ བར་ཉིན་གྲངས་བཞིའི་རིང་རྣམ་དག་ཡུམ་གྱི་དཀྱིལ་འཁོར་ཞལ་ཕྱེས་ཏེ། འདུས་ཚོགས་ཀྱིས་རབ་གནས་གཞུང་བསྲང་བའི་བར་མཚམས་རྣམས་སུ་༧སྐྱབས་རྗེ་མཁན་རིན་པོ་ཆེ་མཆོག་ནས་དད་ལྡན་རྣམས་ལ་འཕྲིན་ལས་ཀྱི་རིམ་པ་སོ་སོའི་དགོས་དོན་དང་། ངོ་བོ། ཉམས་ལེན་ལ་འཇུག་ཚུལ། ཕན་ཡོན་བཅས་ཀྱི་སྒོ་ནས་ཞལ་ཁྲིད་ཤིན་ཏུ་སྨར་བར་བཀའ་དྲིན་བསྐྱངས། ཕྱི་ཚེས་ ༠༤ ཉིན་རྣམ་དག་ཡུམ་གྱི་བཀའ་དབང་རྒྱས་གནང་དང་འབྲེལ་དབང་གི་སྔོན་དངོས་རྗེས་གསུམ་ལ་འགྲེལ་བཤད་ཞིབ་ཅིང་སྨར་བར་བཀའ་དྲིན་བསྐྱངས་རྗེས་བཀྲ་ཤིས་གསོལ་བ་དང་། ཐུགས་རྗེ་ཆེ་ཞུའི་བཀའ་སློབ་གནང་། དེ་རྗེས་དགེ་སློབ་ཐུན་མོང་གིས་རྫོགས་ཆེན་ཡེ་ཁྲིའི་ནང་གི་མར་མེ་སྨོན་ལམ་དབྱངས་སུ་བསྐྱོན་ནས་བསྔོ་སྨོན་གྱིས་མཚམས་སྦྱོར་དང་བཅས་ཏེ། མཆོད་རྟེན་ལ་ཞབས་སྐོར་ཕེབས་མཚམས་ཁ་དགེ་བཀྲ་ཤིས་ངང་རབ་གནས་ཀྱི་མཛད་སྒོ་ལེགས་གྲུབ་བྱུང་བའི་གནས་བསྡུས་སུ།

སྲིད་པའི་མིག་ཅེས་པས་ཕྱི་ལོ་ ༢༠༢༢ ཟླ་ ༠༧ ཚེས་ ༠༤ ཉིན།

(སྤྱིའི་གཟིགས་གྲངས། 828 དེ་རིང་། 1)

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
གདན་ས་ཆེན་…
error: རྩོམ་འདི་བདག་དབང་ཅན་ཡིན།