བོན་རིག་པའི་བགྲོ་གླེང་ཉིན་དང་པོའི་གནས་ཚུལ།
ཕྱི་ལོ་ ༢༠༢༡ ༡ ༡༦ ཉིན་གཡུང་དྲུང་བོན་གྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་གི་བགྲེས་པོའི་འབེལ་གཏམ་ཚོགས་པས་གོ་སྒྲིག་འོག་ཐེངས་དང་པོའི་<<བོན་རིག་པའི་བགྲོ་གླེང་>>དབུ་འཛུགས་གནང་སྟེ་སྔ་དྲོའི་ཕྱག་ཚོད་ ༨ སྐར་མ་ ༤༥ ཐོག་རྡོ་ཏིང་གི་སྒྲ་དང་བཅས་ཏེ་མཁན་སློབ་རྣམ་པ་དབུས་པའི་འདུས་མང་ཡོངས་དང་གསོ་རིག་འབུམ་བཞིའི་དགེ་སློབ་བཅས་གཙུག་ལག་ཁང་དུ་འདུ་འཛོམས་གནང་། གཙོ་སྐྱོང་བ་དགེ་བཤེས་ཁྲི་གཙུག་ཡོན་ཏན་ནས་མཛད་རིམ་སྒྲོགས་སྦྱོང་གནང་བ་དང་འབྲེལ། ྋསྐྱབས་རྗེ་མཁན་ཆེན་ལུང་རྟོགས་བསྟན་པ་གཡུང་དྲུང་རིན་པོ་ཆེ་མཆོག་ནས་སྣང་གསལ་སྒྲོན་མེ་ཞལ་འབྱེད་གནང་། བགྲེས་པོའི་འབེལ་གཏམ་ཚོགས་ཆུང་གི་གཙོ་སྒྲིག་པ་ཡོན་ཏན་རྒྱ་མཚོ་ལགས་ནས་བགྲོ་གླེང་གོ་སྒྲིག་གི་བརྒྱུད་རིམ་དང་བྱོན་པ་ལེགས་གསོལ་གྱི་གཏམ་བཤད་གནང་། ྋསྐྱབས་རྗེ་མཁན་ཆེན་ལུང་རྟོགས་བསྟན་པ་གཡུང་དྲུང་རིན་པོ་ཆེ་མཆོག་ནས་བོན་རིག་པའི་བགྲོ་གླེང་གི་རྩ་དོན་ངོ་སྤྲོད་དང་འབྲེལ་ཏེ་བཀའ་སློབ་བསྩལ། ྋསྐྱབས་རྗེ་སློབ་དཔོན་ཚངས་པ་བསྟན་འཛིན་རིན་པོ་ཆེ་མཆོག་ནས་ཕྱི་ལོ་ ༢༠༠༣ ༡༠ ༡༧ ཆུ་རྟ་ཧོར་ཟླ་ཧོར་ཟླ་ ༩ པའི་ཚེས་ ༡༢ ཉིན་དབུ་འཛུགས་གནང་བའི་འཆད་སྦྱོང་བདུན་ཕྲག་གི་བགྲོ་གླེང་དེ་ས་བོན་བྱས་ནས་ད་ལན་དངོས་སུ་བོན་རིག་པའི་བགྲོ་གླེང་གི་འབྲས་བཟང་སྨིན་པ་དང་། མཐའ་གཉིས་སུ་མ་ལྷུང་བར་ཞིབ་འཇུག་བྱེད་དགོས་པའི་བཀའ་སློབ་ལམ་སྟོན་གནང་། ྋསྐྱབས་རྗེ་སྒྲུབ་གྲྭའི་མཁན་པོ་ཚུལ་ཁྲིམས་བསྟན་འཛིན་རིན་པོ་ཆེ་མཆོག་ནས་རིག་གཞུང་ཞིབ་འཇུག་གི་ཐབས་ལམ་དང་འབྲེལ་བའི་བཀའ་སློབ་གནང་ཏེ་དབུ་འཛུགས་མཛད་སྒོ་གྲུབ་པ་དང་། དངོས་གཞིའི་བགྲོ་གླེང་ལ་<<དགེ་བཤེས་ཤེས་རབ་ཉི་མ་ནས་གསོ་རིག་རླུང་ལྔའི་འཁྲུལ་འཁོར་གྱི་རྣམ་བཞག་བཤད་པ།>>དང་། ཚུལ་ཁྲིམས་ཀུན་ཁྱབ་ལགས་ནས་<<མ་རིག་པ་གསུམ་གྱི་འཆར་སྣང་རྟོག་གེའི་གླེང་མོ།>> ཞེས་པའི་ཐོག་བགྲོ་གླེང་དང་དྲི་བ་དྲི་ལན་གནང་སྟེ་གསོལ་ཇའི་བར་གསེང་བཏང་། ཕྱག་ཚོད་༡༡ཐོག་ཁྲོམ་ཡེ་ཤེས་རབ་གསལ་ལགས་ཀྱིས་གཙོ་སྐྱོང་འོག ཚུལ་ཁྲིམས་དྲི་མེད་ལགས་ནས་<<འ་ཞ་འགྲོ་མགོན་གྱི་འཕན་ཡུལ་དྲང་སྲོང་བའི་ཐེག་པ་ཆེན་པོ་སེམས་དཔའ་སྤྲོས་མེད་པའི་ལུགས་ཀྱི་ལྟ་བ་བློ་འདས་ཇི་ལྟར་སྨྲ་ཚུལ་ལ་དཔྱད་པའི་བསམ་གཞིག>> ཅེས་པའི་ཁ་བྱང་གི་ཐོག་ནས་བགྲོ་གླེང་དང་དྲི་བ་དྲི་ལན་གནང་སྟེ་ཉིན་གུང་ཞལ་ལག་བཞེས། ཕྱི་དྲོ་ཕྱག་ཚོད་གཉིས་པའི་ཐོག་བགྲེས་གཏམ་རྩོམ་སྒྲིག་པ་ཚུལ་ཁྲིམས་རབ་བརྟན་ལགས་ཀྱིས་གཙོ་སྐྱོང་དང་ཚུལ་ཁྲིམས་རྣམ་གྲོལ་ལགས་ནས་<<འཕན་ཡུལ་གླུད་ཀྱི་སྐོར།>> དང་། གཙུག་ཕུད་རྒྱལ་མཚན་ལགས་ནས་<<ཐུགས་རྗེ་སེམས་དཔའི་སྐོར་ལ་ཅུང་ཟད་གླེང་བ།>> ཞེས་པའི་ཐོག་ནས་བགྲོ་གླེང་དང་དྲི་བ་དྲིས་ལན་བཅས་གནང་རྗེས་གསོལ་ཇའི་བར་གསེང་བཏང་། ཚུལ་ཁྲིམས་ཀུན་ཁྱབ་ཀྱིས་གཙོ་སྐྱོང་འོག་ཁྲོམ་ཡེ་ཤེས་རབ་གསལ་ལགས་ནས་<<རྫོགས་ཆེན་བསྒྲགས་གསུམ་གྱི་བོན་སྐོར་འཇོག་ཚུལ་ལ་བསམ་གཞིག་>>ཅེས་པའི་ཁ་བྱང་གི་ཐོག་ནས་བགྲོ་གླེང་དང་དྲི་བ་དྲི་ལན་གནང་རྗེས་ཉིན་དང་པོ་མཇུག་གྲུབ་པའི་གནས་བསྡུས་སུ་མེ་ལོང་ཡེ་ཤེས་དྲ་བའི་གཙོ་སྒྲུབ་པས་ཕྱི་ལོ་ ༢༠༢༡ ༡ ༡༦ ཉིན་སྤེལ།། །།
པར་པ་དགེ་བཤེས་ཁྲི་ལྡེ་གཙུག་བརྟན།