ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

བོན་ལུགས་དྲང་སྲོང་ཕོ་མོའི་བསྲུང་བྱའི་ཁྲིམས་ཀྱི་སྐོར་ལ་དཔྱད་ཙམ་བྱས་པ།

རྩོམ་པ་པོ། དགེ་བཤེས་བསྟན་འཛིན་རྣམ་རྒྱལ།

[གནད་བསྡུས] རྩོམ་འདིར་སངས་རྒྱས་གཤེན་རབ་མི་བོའི་མཛད་མདོ་རྒྱས་འབྲིང་གཉིས་སོགས་གཞུང་ཆེན་འགའ་ནས་བསྟན་པའི་བོན་ལུགས་དྲང་སྲོང་ཕོ་མོའི་བསྲུང་བྱ་ཁྲིམས་ཀྱི་རྣམ་གྲངས་སྐོར་བཞེད་ཚུལ་འདྲ་མིན་གང་ཡོད་རྣམས་སོ་སོར་བཀོད་དེ།  དེ་དག་ལ་སྐབས་ཀྱི་དཔྱད་ཞིབ་གནད་བསྡུས་རེ་བྱས་ཡོད།

[གནད་ཚིག]  དྲང་སྲོང་ཕོ་མོ།   ཉིས་བརྒྱ་ལྔ་བཅུ།  སུམ་བརྒྱ་དྲུག་ཅུ།  གཞུང་སོ་སོའི་བཞེད་ཚུལ།

    དེ་ལ་སྟོན་པ་སངས་རྒྱས་གཤེན་རབ་མི་བོས་རྗེས་འཇུག་སོ་ཐར་སྡོམ་པའི་སྒོར་ཞུགས་པ་རྣམས་ལ་གཞི་རྩའི་བསྙེན་གནས་དང་དགེ་བསྙེན་གཉིས།  གཙང་གཙུག་དང་དྲང་སྲོང་གཉིས་བཅས་སྡེ་བཞི་དང་།  དེ་དག་ཕོ་མོས་ཕྱེས་ན་སྡེ་བརྒྱད་དུ་ཡོད་ཅིང་།  དེ་ལས་འདིར་དྲང་སྲོང་ཕོ་མོའི་བསྲུང་བྱ“ཕོ་ཁྲིམས་གཉིས་བརྒྱ་ལྔ་བཅུ།  མོ་ཁྲིམས་སུམ་བརྒྱ་དྲུག་ཅུ”ཞེས་བཀའ་ལུང་མང་པོར་ཡོངས་སུ་གྲགས་པས་སྤྱི་ཁོག་ནས་དེ་ཙམ་གོ་དཀའ་བ་ཞིག་མིན་ནའང་།  ཞིབ་ཏུ་གཞུང་སོ་སོར་བརྟགས་ན་དེ་དག་སྐོར་ཞིབ་ཕྲའི་ངོས་འཛིན་གསལ་པོ་ཡོད་མེད་དང་།  གསལ་བ་དག་ཀྱང་ཕན་ཚུན་མཐུན་མིན་སྣ་ཚོགས་ཤིག་ཡོད་འདུག་སྟབས་གསར་བུ་དག་གིས་ཅུང་ཟད་རྟོགས་དཀའ་བའི་གནས་ཤིག་ཏུ་གྱུར་ཡོད།    དེར་བརྟེན་འདིར་ད་ལམ་རང་གིས་མཇལ་ཚོད་ཀྱི་གཞུང་འགྲེལ་ཁག་ཏུ་ཇི་ཙམ་འཁོད་པ་རྣམས་མཉམ་དུ་ཐོག་མའི་དཔྱད་གཞི་ཞིག་གི་ཚུལ་དུ་ལྟ་བདེར་ཟུར་དུ་བཀོད་དེ་དཔྱད་ཞིབ་རོབ་ཙམ་ཞུ་འདོད་པ་ལ།

གཅིག   མཛད་མདོ་གཟེར་མིག་ནས་བསྟན་ཚུལ།

མ་གཞི་སྟོན་པ་སངས་རྒྱས་ཀྱི་མཛད་རྣམ་འཁོད་པའི་དཔེ་ཆ་གཙོ་ཆེ་བ་མཛད་མདོ་རྒྱས་འབྲིང་བསྡུས་གསུམ་ཡོད་པ་ལས།  དྲང་སྲོང་ཕོ་མོའི་བསྲུང་བྱའི་སྐོར་འཁོད་པ་མཛད་མདོ་རྒྱས་འབྲིང་གཉིས་པོ་ངེས་ལ།  དེ་ལས་ཕྱིས་སུ«མདོ་གཟེར་མིག»ཉིད་གཏེར་ལས་བྱུང་སྔ་བར་བརྟེན་བོན་ཕྱི་དར་དུས་འགོའི་མཁས་པ་ཡར་མེ་བ་སོགས་ཀྱིས་འདུལ་བའི་ཁུངས་བཅོལ་ས་གཙོ་བོ«མདོ་གཟེར་མིག»མཛད་ཡོད་ལ།  དེ་ཡང་མདོ་དེ་ཉིད་ཀྱི«སྟོན་པས་ཁྱིམ་སྤངས་རབ་ཏུ་བྱུང་བའི་ལེའུ»ཤོག་ངོས༼༥༩༧༽ལས།  “སྟོན་པའི་ཐུགས་ལ་བསྲུངས་པའི་སྡོམ་ཁྲིམས་རྣམས། གསུང་དུ་བསྒྲགས་ནས་འཁོར་ལ་བཀའ་བསྩལ་པ།  ལུས་ངག་ཡིད་དང་གསུམ་ལ་མི་དགེ་བཅུ་བསྲུང་།  ལུས་ལ་གསུམ།  ངག་ལ་བཞི།  ཡིད་ལ་གསུམ།”  ཞེས་སོགས་ཀྱིས་བསྲུང་བྱ་ལ་རྩ་བ་དང་ཡན་ལག་གི་དབྱེ་བ་མེད་པར་བསྲུང་བྱ་མི་དགེ་བཅུ་དང་།  དེ་དག་སྲུང་ཚུལ་ལུས་ངག་ཡིད་གསུམ་གྱི་སྒོ་ནས་བསྲུང་དགོས་པར་བསྟན་པ་དང་།  ཡང་དེ་ཉིད་ལས།  “སྟོན་པ་མྱ་ངན་འདས་ནས་སུ། །མི་ལོ་བརྒྱ་ལོན་ཕན་ཆད་དུ།  །སྡོམ་པ་འདིས་ཀྱང་སངས་མི་རྒྱ། །དུས་ཀྱི་ཐ་མར་ཉེ་བ་བཞིན། །སེམས་ཀྱི་ཉོན་མོངས་ཕྱིར་ཕྱིར་ཆེ། །ཁྲིམས་ལ་དབྱེ་ཤག་མང་པོ་དགོས། །རྩ་བ་བཞི་ལ་གྱེས་པ་ཡི། །ཕོ་ཁྲིམས་ཉིས་བརྒྱ་ལྔ་བཅུ་དགོས། །བུ་མོ་རྩ་བ་བརྒྱད་བསྲུང་དགོས། །རྩ་བ་བརྒྱད་ལས་གྱེས་པ་ཡི། །མོ་ཁྲིམས་སུམ་བརྒྱ་དྲུག་ཅུ་དགོས། །དགེ་བསྙེན་གཏན་ཁྲིམས་ལྔ་བསྲུང་དགོས། །བསྙེན་གནས་ཡན་ཡག་བརྒྱད་བསྲུང་དགོས། །”ཞེས་ཡིད་ཀྱི་ཁྱེའུ་ཆུང་གིས་གོང་གསལ་སྟོན་པས་བཅས་པའི་ཁྲིམས་ལ་དབྱེ་ཤག་གིས་རྩ་བ་དང་ཡན་ལག   དེ་དག་གི་གྲངས་བཅས་གཏན་འབེབ་མཛད་པར་གསལ།  འོན་ཏེ་དེ་འདྲའི་རྩ་བ་དང་ཡན་ལག་གི་ཁྲིམས་བཅས་པ་རྣམས་སྟོན་པ་དངོས་ཀྱི་དགོངས་པ་ཡིན་ཚུལ་སྐོར་ལ་རྩོད་དང་རྩོད་སྤང་ཞིབ་ཕྲ་དྲང་སྲོང་ཡེ་ཤེས་རྒྱལ་མཚན་གྱི«ཀུན་བཏུས་འགྲེལ»དུ་རྒྱས་གསལ་འཁོད་འདུག་པས་མཁྱེན་དགོས་ཚེ་དེར་གཟིགས་ན་འཐུས།  ཡིན་ནའང་རྩ་བའི«མདོ་གཟེར་མིག»ནས་ཁྲིམས་ཉིས་བརྒྱ་ལྔ་བཅུ་དང་།  སུམ་བརྒྱ་དྲུག་ཅུ་བསྟན་པ་ལ་རྩོད་པ་མེད་ནའང་དེ་དག་སོ་སོར་མདོ་དེར་མ་གསལ་བས་གང་ཞིག་ལ་ངོས་འཛིན་དགོས་པའི་སྐོར་དེ་དཔྱད་འོས་པའི་གནད་དོན་ཞིག་ཡིན།   མ་གཞི་བསྟན་པ་སྔ་དར་དུས་སུ་འདི་དག་རྩི་ཚུལ་གང་ཡོད་ད་སྐབས་དཔྱད་གཞིའི་ཡིག་ཆ་དཀོན་སྟབས་བརྟག་དཀའ་ལ།  ཕྱི་དར་རི་ཁྲོད་པའི་ཡས་མས་ནས་གཞི་རྩའི་མདོ་ཞེས་གཟེར་མིག་དང་།  དེའི་དགོངས་དོན་ལྷོ་གཏེར་ཁམས་ཆེན་གྱི«སྣང་བ་ཚུལ་ཁྲིམས་ཀྱི་ལེའུ»ནས་བྱུང་བའི་ཁྲིམས་ཀྱི་སྐོར་རྣམས་དབྱེ་བསྡུ་ཅི་རིགས་དང་།  གཞན་སྟོད་ལུགས་ཀྱི་དགོངས་པ་འགའ་ཡང་ཟུར་རྒྱན་མཛད་དེ་ད་བར་ཡོངས་གྲགས«འདུལ་བ་ཀུན་བཏུས»རྩ་འགྲེལ་རྣམས་སུ་ཇི་ལྟར་གསལ་བ་འདི་དག་གི་ལུགས་དེའི་ཚབ་མཚོན་དང་བོན་གྱི་འདུལ་འཛིན་པ་སྤྱི་ཡི་རང་ལུགས་སུ་བཞེད་བཞིན་ཡོད་ཚོད་འདུག  ཡང་འདིའི་སྐབས་དཔྱད་གཞི་གཞན་ཞིག་ནི་འདུལ་བ་རྒྱུད་དྲུག་གི་མཇུག་ཏུ་འཁོད་པའི«འདུལ་བ་དོན་གྱི་ཀུན་བརྗོད»ཅེས་པའི་ལེའུ་ཞིག་འདུག་པ་འདི་མཛད་མཁན་གང་ཡིན་མ་གསལ་རུང་།  «འདུལ་བ་རྒྱུད་དྲུག»དང་འབྲེལ་ཡོད་ཀྱི་དཔེ་ཆ་ཞིག་ཡིན་འདུག་པ་མ་ཟད། «སྣང་བ་ཚུལ་ཁྲིམས་ཀྱི་ལེའུ»ནས་བསྟན་པའི་ཕོ་ཁྲིམས་སྐོར་གསལ་བའི་དཔེ་ཆ་ཞིག་ཀྱང་ཡིན་འདུག འདི«འདུལ་བ་ཀུན་བཏུས»ལས་སྔའམ་འཕྱི་བ་གང་ཞིག་ཡིན་རུང་ཀུན་བཏུས་དང་འབྲེལ་བའི་དཔེ་ཆ་སྔར་བརྩམས་ཞིག་ནི་ཡིན་པར་ངེས། དཔེ་ཆ་འདིར་ཉིས་བརྒྱ་ལྔ་བཅུའི་གྲངས་འདྲེན་ཐད«སྣང་བ་ཚུལ་ཁྲིམས་ཀྱི་ལེའུ»དང«འདུལ་བ་ཀུན་བཏུས»ནས་བྱུང་བ་དང་མཐུན་ལ་འགའ་ཤས་ལྷག་ཆད་ཀྱི་རྣམ་པ་ཡང་འདུག་པ་ནི་བྲིས་པའི་སྐྱོན་ཙམ་དུ་ཟད། དྲང་སྲོང་ཡེ་ཤེས་རྒྱལ་མཚན་གྱི«ཀུན་བཏུས་འགྲེལ»བར«སྣང་བ་ཚུལ་ཁྲིམས་ཀྱི་ལེའུའི»དགོངས་དོན་དབྱེ་བསྡུ་ཇི་ལྟར་བྱས་པའི་སྐོར་འཁོད་འདུག་རུང་།  གཞི་རྩའི«མདོ་གཟེར་མིག»གི་དགོངས་པ་དེར་གནས་མིན་སྐོར་གང་ཡང་གླེང་མི་འདུག  གཅིག་བྱས་ན་དེའི་སྔ་ཙམ་ནས་ལུགས་དེ་ཡོངས་སུ་གྲགས་པས་ཁོང་གིས་ཀྱང་མ་དཔྱད་པ་ཡིན་ནམ། དེ་ལས་གཞན་འདུལ་བ་རྒྱུད་དྲུག་ཏུ་གྲངས་རྩི་ཚུལ་དེ་དག་དང་མི་མཐུན་པ་ཡོད་སྟབས་དཔྱད་ཀྱང་མི་འོས་པའི་གནས་མེད་མོད། གང་ལྟར་འགྲེལ་བ་འདི་ནི་ཕྱིས་ཀྱི«འདུལ་བ་ཀུན་བཏུས»དང་འབྲེལ་བའི་ཡིག་ཆ་ཁག་ནས་དཔྱད་གཞིའི་རིན་ཐང་ཆེས་ཆེ་བའི་དཔེ་ཆ་གཅིག་པུ་དེ་ཡིན།  «སྣང་བ་ཚུལ་ཁྲིམས་ཀྱི་ལེའུ»ཡང་ད་བཞུགས་ཁམས་ཆེན་རྒྱས་འབྲིང་བསྡུས་པ་རྣམས་སུ་གྲངས་འགའ་ཤས་མཐུན་མིན་ཅི་རིགས་འདུག་པ་དང་།  «དཔལ་ཆེན་གྱི་ཁམས་འགྲེལ»དུ་གསལ་བའི་གྲངས་དང་ཁམས་ཆེན་དངོས་ཀྱི་གཞུང་ཚིག་ཐད་ལའང་འགྲིག་མིན་འགའ་འདུག་སྙམ་པ་བྱུང་མོད་དེ་དག་ལྷག་ཆད་དམ་དགོངས་པ་གང་ཡིན་འདིར་དོགས་སློང་ཙམ་ལས་དཔྱད་གླེང་བྱས་མེད།

གཉིས།  མཛད་མདོ་དྲི་མེད་གཟི་བརྗིད་ནས་བསྟན་ཚུལ། 

དེ་ཡང«དྲི་མེད་གཟི་བརྗིད»དུ་མདོ་གཟེར་མིག་དང་མི་འདྲ་བར་སངས་རྒྱས་རང་གིས་ཐད་ཀར་འདུལ་ཁྲིམས་ཀྱི་རྩ་བ་ཡན་ལག་ཀུན་གསལ་བར་བསྟན་པ་དང་།  དེ་ཡང«དྲང་སྲོང་ཐེག་པའི་མདོ»དང་། «སྲུང་ཁྲིམས་རྩ་བ་དང་ཡན་ལག་གི་མདོ»བཅས་སུ་སོ་ཐར་སྡོམ་པའི་སྐོར་བསྟན་པ་ལས།  «དྲང་སྲོང་ཐེག་པའི་མདོ»ལས་དྲང་སྲོང་གི་ཚུལ་དང་ཁྲིམས་ཀྱི་སྐོར་གསལ་རུང་ཉིས་བརྒྱ་ལྔ་བཅུ་དང་སུམ་བརྒྱ་དྲུག་ཅུའི་སྐོར་སོ་སོར་རྩི་ཚུལ་དེ་ཙམ་གསལ་པོ་མི་འདུག་ཅིང་། «སྲུང་ཁྲིམས་རྩ་བ་དང་ཡན་ལག་གི་མདོ»གཉིས་སུ་སྤྱིར་སོ་ཐར་སྡེ་རིགས་ཀྱི་དབྱེ་བ་དང་། སྒོས་ཚུལ་དང་ཁྲིམས་ཀྱི་ཡིན་ལུགས། དེ་དག་གི་སྡོམ་པ་འབོག་ཚུལ་སོགས་རྒྱས་གསལ་འཁོད་འདུག་པ་ལྟར་འདིར་གླེང་བར་འདོད་པ་ས།  དེ་ཡང་སྤྱིར་སོ་ཐར་སྡེ་ལ་ནང་གསེས་ཀྱི་དབྱེ་བའང«སྲུང་ཁྲིམས་རྩ་བའི་མདོ»ངོས༼༨༽ལས།  “སེམས་ཅན་བློ་དངོས་རབ་འབྲིང་གསུམ་དུ་བསྟན། །ཚུལ་གནས་དགེ་བསྙེན་གཙང་གཙུག་དྲང་སྲོང་དང་། །བསྙེན་རྫོགས་དཀའ་ཐུབ་དུས་ཆེན་འགོག་པའི་སྡེ། །འདུལ་ཁྲིམས་དག་ཀྱང་སྡེ་བཞི་ཡ་བརྒྱད་དབྱེ། །”ཞེས་དང་།  «སྲུང་ཁྲིམས་ཡན་ལག་གི་མདོ»ངོས༼༩༤༽ལས།  “རྩ་བའི་ཁྲིམས་ཆེན་སྡེ་བཞི་ལས།  ཡན་ལག་གི་སྡེ་བརྒྱད་དུ་དབྱེ་བའོ། །དེ་ལས་ཉིང་ལག་ཉི་ཤུ་རྩ་བཞི་རུ་དབྱེ་བ་ནི།  རེ་རེ་ལ་ནི་གསུམ་གསུམ་དུ་དབྱེ་སྟེ།”  ཞེས་སོགས་ཀྱིས་སོ་ཐར་རིགས་བཞི་ལས་གྱེས་པའི་སྡེ་མང་པོ་ཞིག་ཀྱང་བསྟན་ཞིང་དེ་དག་ཞིབ་པ་མདོ་དེར་གསལ་བས་སྐབས་འདིར་གླེང་མེད།  མདོ་འདིར་གཞི་རྩའི་ཁྲིམས་ཉིས་བརྒྱ་ལྔ་བཅུ་ཇི་ལྟར་བརྩི་བའི་སྐོར་ནི«སྲུང་ཁྲིམས་རྩ་བའི་མདོ»ལས།  “དེ་ལས་གྱེས་པ་དྲུག་ཅུ་བཞི། །སྲོག་བཅད་དག་གི་དབྱེ་བ་སྟེ།  །ཞེས་དང་།  མ་བྱིན་བླང་གྱུར་དྲུག་ཅུ་གཉིས། །རྩ་བ་གཅིག་ལས་གྱེས་ཚུལ་ལོ། །ཞེས་དང་།  མི་ཚངས་སྤྱོད་འཆལ་དྲུག་ཅུ་གཉིས། །རྩ་བ་གཅིག་ལས་གྱེས་ཚུལ་ལོ། །ཞེས་དང་།  རྫུན་ལས་དབྱེ་བ་དྲུག་ཅུ་གཉིས། །དེ་ལྟར་ཉིས་བརྒྱ་ལྔ་བཅུ་སྟེ། །རྩ་བ་བཞི་ལས་གྱེས་པ་ཡི། །ཕོ་ཁྲིམས་སྡེ་རུ་བསྟན་པའོ། །”ཞེས་ཕོ་ཁྲིམས་གཉིས་བརྒྱ་ལྔ་བཅུ་ནི་རྩ་བ་བཞི་ལས་སྲོག་གཅོད་ལ་དྲུག་ཅུ་རེ་བཞི་དང་།  གཞན་གསུམ་པོ་ལ་དྲུག་ཅུ་རེ་གཉིས་རེ་སྤྲོས་པས་བསྡོམས་ན་ཉིས་བརྒྱ་ལྔ་བཅུར་གསུངས་འདུག  འོན་ཏེ་དེ་དག་རེ་རེ་བཞིན་རྩི་ཚུལ་མདོ་དེར་ཞིབ་ཏུ་དཔྱད་ན་མ་གཏོགས་ཤེས་དཀའ་བར་སྣང་།  མོ་ཁྲིམས་སྐབས་སུ«སྲུང་ཁྲིམས་རྩ་བའི་མདོ»ལས།  “རྩ་བ་བརྒྱད་ལས་གྱེས་པ་ཡི། །མོ་ཁྲིམས་སུམ་བརྒྱ་དྲུག་ཅུ་དགོས། །རྩ་བ་བརྒྱད་ཅེས་བྱ་བ་ནི།  །སྲོག་གཅོད་མ་བྱིན་བླང་བ་དང་། །མི་ཚངས་སྤྱོད་དང་རྫུན་དུ་སྨྲ། །དང་པོ་རྩ་བའི་རྒྱུ་བཞི་ནི། །ཕོ་མོ་གཉིས་པོ་སྤྱི་རུ་ཁྱབ། །དེ་ལས་སོ་སོར་གྱེས་པ་ཡི། །མ་རིག་ཉོན་མོངས་དབང་གྱུར་པས། །མི་ཚངས་སྤྱོད་ལས་གྱེས་པ་ཡི། །ཉོན་མོངས་རྩ་བ་རྣམ་པ་བཞི། །ཆགས་དང་འགྱེལ་དང་གན་དང་འབུབ། །དེ་ལྟར་བརྒྱད་ལས་གྱེས་པ་ཡི། །མོ་ཁྲིམས་སུམ་བརྒྱ་དྲུག་ཅུ་སྟེ། །དེ་དག་སོ་སོར་དབྱེ་བ་ལས། །གཉིས་བརྒྱ་ལྔ་བཅུ་གོང་གིས་འགྲེས། །དེ་ནས་བརྒྱ་དང་ལྔ་གཉིས་འགྱུར། །འོག་མའི་རྩ་བ་བཞིར་གྱེས་པ། །དེ་དག་ཉི་ཤུ་རྩ་ལྔ་རེ། །སྤྱིར་ཁྱབ་ལྔ་གཉིས་རྣམ་པ་བཅུ། །”ཞེས་གཉིས་བརྒྱ་ལྔ་བཅུ་ཕོ་དང་གཅིག་ལ་དེའི་ཐོག་ཆགས་པ་དང་། འགྱེལ་བ། གན་པ། འབུབ་པ་བཅས་བཞི་སྟེ།  བུད་མེད་རང་གི་རྩ་བ་བཞི་ལ་རེ་རེར་ཉེར་ལྔ་རེ་ཕྱེས་པས་བརྒྱ།  དེའི་ཐོག་རྩ་བཞི་སྤྱིར་ཁྱབ་ལ་ལྔ་གཉིས་བཅུ་བཅས་བསྡོམས་ན་སུམ་བརྒྱ་དྲུག་ཅུ་ཁ་ཚང་བར་བསྟན་འདུག  

གསུམ།   གཡུང་དྲུང་ལས་དག་ནས་བསྟན་ཚུལ།

གཏེར་སྟོན་གྱེར་མི་ཉི་འོད་ཀྱིས༼༡༡༠༨༽ལོར་དང་ར་ཁྱུང་རྫོང་ནསགཏེར་དུ་བཞེས་པའི«གཡུང་དྲུང་ལས་རྣམ་པར་དག་པའི་རྒྱུད»ལེའུ་བཅུ་གསུམ་པ་ཁྲིམས་ཀྱི་བྱེ་བྲག་བསྟན་པ་ཤོག་ངོས༼༦༥༽ལས།  “རྩ་བ་བཞི་དང་གྱེས་པའི་ཡན་ལག་རྣམས། །སྔོན་གྱི་ཚུལ་བཞིན་ཁྲིམས་དེ་བསྲུང་བ་ནི། །ཉོན་མོངས་ལྔ་ཡི་རྩ་བ་བསྲུང་བ་དང་། །སྡིག་པ་བཅུ་ཡི་རྩ་བ་བསྲུང་བ་དང་། །དུག་གི་ཁ་ཟས་རྩ་བ་བསྲུང་བ་དང་། །རྒྱན་དང་གྲོགས་ཀྱི་རྩ་བ་བསྲུང་བ་སྟེ། །རྩ་བ་བཞི་ཡི་ཚུལ་དེ་གང་བསྲུང་བ། །”ཞེས་ཉོན་མོངས་དུག་ལྔ་དང་།  སྡིག་བཅུ།  ཁ་ཟས།  རྒྱན་གྲོགས་བཅས་རྩ་བ་བཞི་དང་།  ཡང “དུག་ལྔ་སྤངས་ཤིང་ཚུལ་ཁྲིམས་བསྲུང་བ་ནི། །ཞེས་པ་ནས།  རྩ་བ་ཉི་ཤུ་རྩ་གསུམ་བསྡོམས་པའོ། །”ཞེས་དུག་ལྔ།  སྡིག་པ་བཅུ།  ཁ་ཟས་བཞི།  རྒྱན་གཉིས།  གྲོགས་གཉིས་བཅས་རྩ་བའི་དབྱེ་བ་ཉེར་གསུམ་དང་།  རྩ་བ་དེ་བཞི་ལས་གྱེས་པའི་ཡན་ལག་ལ། ༡ ཞེ་སྡང་ལ་བཅུ་བཞི།  ༢ གཏི་མུག་ལ་བཅུ།   ༣ འདོད་ཆགས་ལ་བཅོ་ལྔ།  ༤  ཕྲག་དོག་བཅུ་གསུམ།  ༥  ང་རྒྱལ་ལ་བཅུ་གསུམ་སྟེ་ཉོན་མོངས་པའི་སྡེ་ལ་རེ་ལྔ།  ༡ སྲོག་གཅོད་ལ་བདུན།  ༢ མི་ཚངས་སྤྱོད་བཞི། ༣ མ་བྱིན་ལེན་ལ་བཞི།  ༤ ངག་འཁྱལ་ལ་བཞི།  ༥ ཚིག་རྩུབ་ལ་བཞི། ༦ རྫུན་ལ་བཞི། ༧ འཕྲ་མ་ལ་བཞི། ༨ མངན་སེམས་ལ་བཅུ།༼འདིར་སོ་སོར་བགྲང་སྐབས་བརྒྱད་ལས་མི་འདུག་པས་བརྟག༽ ༩ གདུག་སེམས་ལ་ཉི་ཤུ། ༼འདིར་སོ་སོར་བགྲང་སྐབས་ཉེར་གཉིས་འདུག་པས་བརྟག༽ ༡༠  ལོག་ལྟ་ལ་བཅུ་གཉིས་སྟེ་མི་དགེ་བའི་སྡེ་ལ་དོན་གཅིག། ༡ ཤ་ཁྲག་ལ་བཞི། ༢  སྒོག་ཙོང་ལ་བཞི།  ༣ ཡུ་ཏི་ལ་བཞི།  ༤ དགོང་གི་ཁ་ཟས་ལ་བཞི་སྟེ་ཁ་ཟས་ཀྱི་སྡེ་ལ་བཅུ་དྲུག     གོས་ཀྱི་སྡེ་ལ་བཞི།  གྲོགས་ཀྱི་སྡེ་ལ་བཞི།  རྒྱན་གྱི་སྡེ་ལ་བཞི་བཅས་ཡན་ལག་ལ་བརྒྱ་དང་རེ་དྲུག  སེར་སྣ་བསྲུང་བ་སོགས་ལོ་མ་བདུན་ཅུ་དོན་བདུན་བཅས་བསྡོམས་ན་ཡན་ལག་ལ་ཉིས་བརྒྱ་དྲུག་ཅུ་རེ་བཞི་ཙམ་ཡོང་འདུག  འོན་ཏེ་རྒྱུད་དེ་ཉིད་ལས “ལུས་ངག་ཡིད་གསུམ་དག་པའི་དྲང་སྲོང་གིས། །ཉིས་བརྒྱ་ལྔ་བཅུ་ཚུལ་ཁྲིམས་ཀ་དག་ནས། །”ཞེས་གསུངས་པ་ལྟར་ན་དྲང་སྲོང་བའི་ཁྲིམས་ཉིས་བརྒྱ་ལྔ་བཅུ་གྲངས་སུ་ངེས་དགོས་པ་འདྲ་བས་དེ་དག་ལས་གང་བསྡུ་དགོས་མིན་སོགས་བརྟག་པར་འོས་སོ། །འདིར་རྩ་ལག་གི་ཁྲིམས་རྣམས་ཕོ་མོའི་དབྱེ་བ་དངོས་གསལ་ཆེར་མི་འདུག་རུང་། སྒ་སྟོན་གྱི་མཛོད་ཀུན་བཏུས་སུ་འདི་རྣམས་གཙོ་བོ་ཕོ་ཁྲིམས་སུ་བཞག་ཅིང་མོ་ཁྲིམས་ལ་དེའི་ཐོག་གཞན་བསྣན་པར་གསུངས་པ་ལྟར་འཐད་པར་སྙམ་མོ།།

བཞི།   རྣམ་དག་འདུལ་བའི་རྒྱུད་འབུམ་ནས་བསྟན་ཚུལ

སྤྲུལ་སྐུ་སེ་གཉན་ཞིག་པོས་རྒྱ་རོང་དམུ་རྡོ་ལྷ་གཉེན་ནས་གཏེར་དུ་བཞེས༼གཏེར་ནམ་བཞེས་པའི་ལོ་མ་གསལ་རུང་དཔྱད་ན་དུས་རབས་བཅུ་གསུམ་པའི་ནང་དུ་ཡིན་པར་སྙམ༽པའི«རྣམ་དག་འདུལ་བའི་རྒྱུད་ཀྱི་འབུམ»  ཀ་དུམ།  ཤོག་ངོས༼༨༤༽ལས།  “ཚུལ་དང་ཁྲིམས་ཀྱི་དབྱེ་བའི་རྣམ་གྲངས་ནི།  འདི་ལྟར་གོ་ཞིང་རིག་པར་བྱའོ། །རྩ་བ་བཞི་ལས་ཡན་ལག་ཉིས་བརྒྱ་ལྔ་བཅུ་འབྱུང་བ།  དག་པ་དྲང་སྲོང་སྡེ་རུ་གཏོགས་པ་དང་།  རྩ་བ་བརྒྱད་ལ་ལོ་མ་ཁྲིམས་སུམ་བརྒྱ་དྲུག་ཅུ་འབྱུང་བ། འདུལ་སྡེ་རྣམ་དག་རྒྱུད་ལས་གཏོགས་པ་དང་།  ཁྲིམས་ལ་གནས་པར་བྱེད་པ་གཙང་ཁྲིམས་ཉི་ཤུ་རྩ་ལྔར་འབྱུང་བ་དང་།  རྗེས་སུ་འཇུག་པ་དགེ་བསྙེན་གཏན་ཁྲིམས་སྣ་ལྔ་འབྱུང་བ་དང་།  ཕྱོགས་སུ་མོས་པས་བསྙེན་གནས་ཡན་ལག་བརྒྱད་དུ་འབྱུང་བ་སྟེ།  དེ་དག་གྲངས་དང་གོ་རིམ་འདི་ལྟར་རོ། །”ཞེས་སོ་ཐར་རིགས་བཞིའི་ཁྲིམས་ཀྱི་གྲངས་སྤྱིར་བསྟན་ཅིང་།  བྱེ་བྲག་ཉིས་བརྒྱ་ལྔ་བཅུ་གང་ཡིན་པའི་སྐོར་གཞུང་དེར་གསལ་བ་ནི།  ༡ སྲོག་གཅོད་ལ་དྲུག  ༢ ཁྲི་གདན་ལ་བཞི། ༣ རྫུན་ལ་བཞི། ༤ མ་བྱིན་ལེན་ལ་བདུན། ༥ ཁ་ཟས་ལ་བཞི་བཅས་སྡེ་ཚན་ལྔ་ལ་ནང་གསེས་ཕྱེས་པས་གཙང་ཁྲིམས་ཉེར་ལྔ་དང་།  དེའི་ཐོག་ཉིས་བརྒྱ་ལྔ་བཅུ་ནི། ༡ མི་དགེ་བའི་ལས་ཕྱོགས་མཐུན་པ་བཅུ།  ༢ གནོད་པའི་ལས་བཅུ།  ༣ ལས་སྤྱོད་ངན་པའི་སྡིག་བཅུ།  ༤  མི་དགེ་བའི་གྲོགས་བཅུ། ༥ ལོག་པའི་རྒྱན་བཅུ། ༦ ཟུག་རྔུའི་ལས་བཅུ། ༧ ལོག་པར་ཕྱོགས་པའི་གྲོགས་ལྔ། ༨ བླ་ཁབ་ལོག་པའི་གནས་བཅུ། ༩ འབྲས་བུ་བཅོམ་པའི་སྡིག་བཅུ།  ༡༠  སྐྱེ་བ་བཅོམ་པའི་སྡིག་བཅུ།  ༡༡  གནོད་འཚེ་བརྩམ་པའི་ལས་བཅུ། ༡༢ སྲོག་ལ་འབག་པའི་སྡིག་བཅུ།  ༡༣ མ་རིག་པའི་ལས་བཅུ།  ༡༤ མི་དགེ་འཁྲུལ་པའི་ལས་བཅུ།  ༡༥ མ་དག་ལོག་པའི་ལས་བཅུ།  ༡༦  ཞེ་རྔམ་ལོག་པའི་སྡིག་བཅུ།  ༡༧  ཚིག་རྩུབ་ངན་པའི་སྨྲ་བ་བཅུ།  ༡༨  དུག་ལྔ་གཞི་བསྐྱེད་ཀྱི་ལས་བཅུ།  ༡༩  སྒོ་གསུམ་འཁྲུལ་པའི་ལས་བཅུ།  ༢༠  འཚེ་བ་ཉེས་པའི་ཟས་བཅུ།  ༢༡ ལོག་པར་ཕྱོགས་པའི་འགྲོས་བཅུ།  ༢༢  ཚུལ་མེད་ལྡོལ་པའི་ཡན་ལག་བཅུ།  ༢༣ དཔག་མེད་སྤྱོད་པའི་ཡན་ལག་བཅུ།  ཞེས་སྡེ་ཚན་ཉེར་གསུམ་ལས་བཅུ་ཚན་ཉེར་གཉིས་དང་།  ལྔ་ཚན་གཅིག་བཅས་བསྡོམས་ན་ཉིས་བརྒྱ་དང་ཉེར་ལྔ།  དེའི་ཐོག་གོང་གི་གཙང་ཁྲིམས་ཉེར་ལྔ་བསྣན་ན་ཉིས་བརྒྱ་ལྔ་བཅུ་ཡོང་བ་འདི་རྣམས་ཡིན་དགོས་འདུག་ཅིང་།   སྡེ་ཚན་དེ་དག་གི་ནང་གསེས་གང་དང་གང་ཡིན་པའང་གཞུང་དེར་གསལ།  མོ་ཁྲིམས་སུམ་བརྒྱ་དྲུག་ཅུ་ཇི་ལྟར་ཡིན་པའི་སྐོར་ཡང་།  དེ་ཉིད་ལས།  “གཞན་ཡང་སོག་པར་ཕྱོགས་འཐེན་གྱི་སྡེ་དྲུག་ཅུ་དང་།  མ་རིག་འཁྲུལ་རྟོག་གི་ལས་ལྔ་བཅུ་སྟེ། སུམ་བརྒྱ་དྲུག་ཅུའི་ཚུལ་ཁྲིམས་ཐམས་ཅད་ནི།  བསོད་ནམས་དམན་པར་སྐྱེས་པའི་ལུས་སྐྱེས་བསྲུང་ན།  ལས་ཀྱི་སྒྲིབ་པ་མ་ལུས་བྱང་བར་འགྱུར་རོ། །”ཞེས་སོག་པར་ཕྱོགས་འཐེན་གྱི་སྡེ་དྲུག་ཅུ་དང་།  མ་རིག་འཁྲུལ་རྟོག་གི་ལས་ལྔ་བཅུ་གཉིས་བསྡོམས་བརྒྱ་དང་བཅུ་པོ་གོང་གི་ཉིས་བརྒྱ་ལྔ་བཅུའི་ཐོག་བསྣན་ན་སུམ་བརྒྱ་དྲུག་ཅུ་ཡོང་བར་བསྟན་འདུག    འོན་ཏེ་འདིའི་སྡེ་གཉིས་པོའི་ནང་གསེས་གྲངས་འདྲེན་གང་ཡིན་གཞུང་དེར་མ་མཇལ་བས་གང་ཡིན་དཔྱད་རྒྱུ་དང་།  གཞན་གཞུང་འདིར་དུག་ལྔ་ལ་གཞི་བསྐྱེད་ཀྱི་ལས་མི་དགེ་བ་སུམ་བརྒྱ་ཉི་ཤུ་སྡེ་ཚན་སོ་གཉིས་ཀྱིས་བསྟན་འདུག་པ་ལྟར་གྱི་སྡོམ་བྱང་ནི།  ༡ གཏི་མུག་ལས་གྱུར་པའི་མི་དགེ་བ་བཅུ། ༢ ཞེ་སྡང་ལས་གྱུར་པའི་མི་དགེ་བ་བཅུ། ༣ འདོད་ཆགས་ལས་གྱུར་པའི་མི་དགེ་བ་བཅུ། ༤ ང་རྒྱལ་ལས་གྱུར་པའི་མི་དགེ་བ་བཅུ།  ༥ ཕྲག་དོག་ལས་གྱུར་པའི་མི་དགེ་བ་བཅུ། ༦ ངག་འཆལ་གྱི་མི་དགེ་བ་བཅུ། ༧ ཚིག་རྩུབ་ཀྱི་མི་དགེ་བ་བཅུ། ༨ འཕྲ་མའི་མི་དགེ་བ་བཅུ། ༩ མངན་སེམས་ཀྱི་མི་དགེ་བ་བཅུ། ༡༠ གདུག་སེམས་ཀྱི་མི་དགེ་བ་བཅུ། ༡༡ ལོག་ལྟའི་མི་དགེ་བ་བཅུ། ༡༢ རྔམ་སེམས་ཀྱི་མི་དགེ་བ་བཅུ། ༡༣ འདོད་སེམས་ཀྱི་མི་དགེ་བ་བཅུ། ༡༤ འཇུར་འགེགས་ཀྱི་མི་དགེ་བ་བཅུ། ༡༥ སེར་སྣའི་མི་དགེ་བ་བཅུ། ༡༦ བྱུང་ཚོར་གྱི་མི་དགེ་བ་བཅུ། ༡༧ ཉོན་མོངས་ཡིད་འབྱུང་བའི་མི་དགེ་བ་བཅུ། ༡༨ ལེ་ལོའི་མི་དགེ་བ་བཅུ། ༡༩ ཕྱིན་ཅི་ལོག་གི་སྨོན་པ་བཅུ། ༢༠ ལྟ་ལོག་རེ་དོགས་ཀྱི་ལས་བཅུ། ༢༡ འཁོར་བར་ཆགས་པའི་མི་དགེ་བ་བཅུ། ༢༢ བསམ་པ་གཡེང་བའི་ལས་བཅུ། ༢༣ མི་དགེ་བ་འཁྱལ་བའི་བློ་བཅུ། ༢༤ རྣམ་སྨིན་དྲུག་པོའི་ལས་བཅུ། ༢༥ བག་ཆགས་ངན་པའི་ལས་བཅུ། ༢༦ སྦྱོར་བ་ངན་པའི་མི་དགེ་བཅུ། ༢༧ མཚན་ཉིད་ངན་པའི་མི་དགེ་བཅུ། ༢༨ རྒྱུ་བ་ངན་པའི་བློ་བཅུ། ༢༩ སྣང་འཁྲུལ་ལོག་པའི་མི་དགེ་བཅུ། ༣༠ འཁྲུལ་པ་མངོན་འབྱུང་གི་མི་དགེ་བཅུ། ༣༡ རྟོག་པ་འཕྲལ་འབྱུང་གི་མི་དགེ་བཅུ། ༣༢ བག་མེད་སྤྱོད་པའི་ལས་བཅུ་བཅས་ཡིན་ལ། དེ་དག་ནང་གསེས་རྣམས་ཀྱང་གཞུང་དེར་ཁ་གསལ་པོ་འདུག  འདིར་བསྟན་སྤང་བྱ་བསྡོམས་སུམ་བརྒྱ་ཉི་ཤུ་ཡོད་པ་རྣམས་སྣང་བ་ཚུལ་ཁྲིམས་ཀྱི་ལེའུའི་ནང་གསལ་བའི་མི་དགེ་བའི་སྡེ་དང་།  ཉོན་མོངས་པའི་སྡེ། འཁྲུལ་པའི་སྡེ།  ཕྱིན་ཅི་ལོག་གི་སྡེ་བཅས་དང་གོ་རིམ་འགའ་ཙམ་ལས་དོན་ཕལ་ཆེར་འདྲ་མཚུངས་སུ་གྱུར་འདུག་པ་ལ་བསམ་ན་འདི་དང་ཁམས་ཆེན་གཉིས་འབྲེལ་བ་ངེས་ཅན་ཞིག་ཡོད་པའང་ཤུགས་ལས་དཔོག་ཐུབ་པ་འདུག  འོན་ཏེ་འདི་དག་དྲང་སྲོང་ཕོ་མོའི་ཁྲིམས་ཀྱི་རྣམ་གྲངས་སུ་བརྩི་བའི་གསལ་ཁ་གང་ཡང་མི་འདུག་ལ།  གལ་སྲིད་བརྩི་བའི་དབང་དུ་བྱས་ནའང་གོང་གསལ་དྲང་སྲོང་ཕོ་མོའི་ཁྲིམས་རྣམས་དོར་བའམ་ཡང་ན་ལུགས་མི་འདྲ་བ་གཉིས་ཙམ་བསྟན་པར་འདོད་དགོས་པ་སོགས་ལ་དཔྱད་བྱ་ཙམ་ལས་འདིར་ཁ་ཚོན་མ་ཆོད་པས་དེ་ཙམ་དུ་བཞག   གཞན་གཞུང་འདིར་དགེ་བསྙེན་དང་བསྙེན་གནས་གཉིས་ཀྱི་ཁྲིམས་རྣམས་གསལ་བར་བསྟན་འདུག་རུང་ད་ལན་འདིར་བཀོད་མེད།

ལྔ།  འདུལ་བ་རྒྱུད་དྲུག་ནས་བསྟན་ཚུལ།

དེ་ལ་སྤྱིར་འདུལ་བ་རྒྱུད་དྲུག་ལ་མི་འདྲ་བ་འགའ་ཞིག་ཡོད་མོད་ཀྱང་ད་ལན་འདིར་བཤད་བྱ་ཡོངས་གྲགས་ཀྱི«འདུལ་བ་རྒྱུད་དྲུག»སྟེ། དེང་གི་བཀའ་འགྱུར་གྲལ་དུ་འཁོད་པའི་རྒྱུད་དྲུག་དེ་ཉིད་ཡིན་ལ་དེ་ཡང«བཱ་ག་ཡངས་མ་ཀུན་འབྱུང་དབྱིངས་དག་རྒྱུད་དྲུག་རྩ་བ»སྡེབ༼༡༥༽ལས།  “འཁོར་ཟུང་བཞི་ཡ་བརྒྱད་ལ་སོགས་པ།  དག་པ་དྲང་སྲོང་སྡེ་དང་གཙང་གཙུག་གྲངས་ཅན་དང་། དགེ་བསྙེན་ན་ཁན་སྡེ་དང་། བསྙེན་གནས་ཡན་ལག་བརྒྱད་སྲུང་བོན།”   ཞེས་སྤྱིར་ན་འདུལ་བ་སྡེ་རིགས་བཞི་བསྟན་ཅིང་།   འདིར་སྐབས་སུ་བབ་པ་དྲང་སྲོང་ཕོ་མོའི་ཁྲིམས་ཇི་ལྟར་བསྟན་པ་ཡང་།  རྒྱུད་དེ་ཉིད་ལས།  “རྩ་བ་མུ་ཕྱེད་ཉེར་གཅིག  དེ་ལ་གྱེས་པའི་ཡན་ལག་དང་།  ཆང་གི་འཆལ་བ་ཉེར་ལྔ་སྟེ།  ཕོ་ཁྲིམས་ཉིས་བརྒྱ་ལྔ་བཅུ་བོན།”  ཞེས་རྩ་བ་བཞི་ལས་སྲོག་གཅོད་ལ་དྲུག༼ཀུན་འབྱུང་དབྱིངས་དག་ཏུ་དངོས་བསྟན་མཚམས་མེད་ལྔ་ཞེས་གསལ་ཞིང་།  དེ་དང་དགོངས་མཐུན«འདུལ་བ་དོན་གྱི་ཀུན་བརྗོད»ཅེས་པར“སྲོག་གཅོད་ལ་མཚམས་མེད་ལྔ་མུ་ཕྱེད། ཕ་མ་བུ་དཔོན་གསས་རང་བསད།  གཞན་སྟོབས་དབང་མེད་སྲོག་བཅད་དང་དྲུག” ཅེས་གསལ་བ་ལྟར་ཡིན་སྙམ༽དང་།  གཞན་གསུམ་རེ་རེར་ལྔ་རེ་ཕྱེས་པས་ཉེར་གཅིག  དེའི་ཐོག་རྩ་བཞི་ལས་གྱེས་པའི་ཡན་ལག་ལ་སྲོག་གཅོད་ཀྱི་ཡན་ལག་ལ་བདུན་ཅུ་དོན་གསུམ་སྟེ།  ལྗི་བ་ཉེར་ལྔ།  སྦོམ་པོ་སུམ་ཅུ།  མྱུར་ཤང་བཅོ་བརྒྱད་དོ།  །མ་བྱིན་ལེན་པའི་ཡན་ལག་ལ་སུམ་ཅུ་སོ་གཉིས་ཏེ།  ཐབས་བསླུ་བཅོ་ལྔ།  སྟོབས་ཤུགས་དགུ།  འདྲ་ཚུལ་དྲུག་གོ  །༼འདིར་སྡོམ་བྱང་ལྟར་ན་གཉིས་མ་ཚང་བ་ལྟ་བུར་འདུག༽  ལོག་གཡེམ་གྱི་ཡན་ལག་ལ་སུམ་ཅུ་སོ་གཅིག་སྟེ།  མཐུན་པ་བཅུ་བཞི།  འདྲིས་པ་བཅུ་དྲུག  རྩལ་བསྣུན་གཅིག་གོ  །རྫུན་གྱི་ཡན་ལག་ལ་དྲུག་ཅུ་རེ་ལྔ་སྟེ།  ཕན་པའི་རྫུན་བཅུ་བདུན།  ༼འདིར་སྡོམ་བྱང་དུ་བཅུ་གཉིས་གསལ་ཡང་གྲངས་འདྲེན་སྐབས་བཅུ་བདུན་འདུག་པ་ལྟར་འཐད་སྙམ༽གནོད་པའི་རྫུན་བཅུ་གཉིས།  འཇམ་རྫུན་སུམ་ཅུ།  མ་ཐོས་པའི་རྫུན་ལྔའོ། །༼འདིར་འདུལ་བ་དོན་གྱི་ཀུན་བརྗོད་དུ་མ་ཐོ་བ་ལྔ་ཞེས་གསལ༽ བཅས་བསྡོམས་པས་ཉིས་བརྒྱ་དང་ཉེར་གཉིས།  དེའི་ཐོག་ཆང་ལ་ཉེར་ལྔ་བཅས་བསྡོམས་པས་ཉིས་བརྒྱ་དང་ཞེ་དྲུག   ད་དུང་བཞི་མ་ཚང་བ་ནི་རྩ་བ་བཞི་པོ་བསྣན་པའམ་དེ་མིན་གང་འཐད་བརྟག་དགོས་འདུག    མོ་ཁྲིམས་སུམ་བརྒྱ་དྲུག་ཅུ་ནི«ཀུན་འབྱུང་དབྱིངས་དག»ངོས༼༣༩༽ལས། “ཕོ་ཁྲིམས་ཉིས་བརྒྱ་ལྔ་བཅུ་ནི།  དྲང་སྲོང་མོ་ཡང་འཆང་བར་བྱེད། དེ་ཐོག་མོའི་རྩ་བཞི།  ཡན་ལག་བརྒྱད༼བརྒྱ༽བཅུ་འཛིན། མོ་ཡི་རྩ་བཞི་སེར་སྣ་ཆགས་སྡང་བློ།  གཡོ་རྒྱུ༼སྒྱུ༽སྐྱེས་དམན་རིགས་འཆལ་བཞི།” ཞེས་ཉིས་བརྒྱ་ལྔ་བཅུ་གོང་གསལ་ཐོག་མོ་ཡི་རྩ་བཞི་སྟེ།  སེར་སྣ་དང་།  ཆགས་སྡང་།  གཡོ་སྒྱུ། སྐྱེས་དམན་རིགས་འཆལ་བཅས་ཀྱི་ཡན་ལག་བརྒྱ་དང་བཅུ་ཡོད་པ་ནི།  སེར་སྣ་ལ་ཉེར་དྲུག་སྟེ།  ཆགས་པ་བཅོ་ལྔ།  འགྱོད་པ་བཅུ་གཅིག་གོ །ཆགས་སྡང་ལ་སུམ་ཅུ་སོ་དགུ་སྟེ།  ཕོ་ལ་ཆགས་སྡང་བཅུ་དགུ།  རང་མངལ་ལ་གཡོས་པའི་ཆགས་པ་གཅིག་གོ  །གཡོ་སྒྱུ་ལ་སུམ་ཅུ་སོ་གཉིས་ཏེ།  རང་འབྱུང་བཅུ་བདུན།  མཐོང་ཤེས་བཅོ་ལྔའོ། །སྐྱེས་དམན་རིགས་འཆལ་ལ་བཅུ་གསུམ་སྟེ།  གཞན་དབང་བརྒྱད།   རང་བྱེད་ལྔའོ། །དེ་ལྟར་ཀུན་བསྡོམས་པས་བརྒྱ་དང་བཅུ་ཐམ་པའི་གྲངས་འགྲིག་ཅིང་།  འདིར་རྩ་བཞི་གྲངས་སུ་མི་རྩི་བ་ནི།  དེ་ཉིད་ལས།  “ཕོ་ཁྲིམས་ཉིས་བརྒྱ་ལྔ་བཅུ་ལ།  །མོ་ཁྲིམས་རང་གི་བརྒྱ་དང་བཅུ་བསྣན།  །མོ་ཁྲིམས་སུམ་བརྒྱ་དྲུག་ཅུར་བོན།  །རྩ་བ་མ་བསྣན་དྲང་སྲོང་ཕོ་མོ་ཐེག་པའི་བོན།  །”ཞེས་གསུངས། 

དྲུག   གབ་པའི་འགྲེལ་ནས་བསྟན་ཚུལ།

དེ་ཡང་བླ་ཆེན་དྲན་པ་ནམ་མཁས་མཛད་ཅིང་ཕྱིས་གཏེར་སྟོན་ཁུ་ཚ་ཟླ་འོད་ཀྱིས་སྤ་གྲོ་ཕུག་ཅལ་ནས་གཏེར་དུ་བཞེས་པའི«བྱང་སེམས་གབ་པ་དགུ་སྐོར་གྱི་དགོངས་པ་བཀྲོལ་བའི་འགྲེལ་བཞི་རིག་པའི་རྒྱ་མཚོ»ལས་དྲང་སྲོང་ཕོ་མོའི་རྩ་བ་ཡན་ལག་གི་ཁྲིམས་ཀྱི་སྐོར་ཐེངས་གཉིས་ཙམ་བསྟན་འདུག་པ་ལས། དྲང་སྲོང་པའི་ལྟ་བ་བསྟན་པའི་སྐབས་སུ་བསྟན་པའི་ལུང་ཆ་ཚང་དྲངས་ན།  “ཕོ་ཁྲིམས་རྩ་བ་བཞི་ཡི་སྒོ་ནས་བསྲུང་སྟེ། རྩ་བ་བཞི་ནི། སྲོག་གཅོད་པ།  མ་བྱིན་པར་ལེན་པ།  མི་ཚངས་བ་སྤྱོད་པ་དང་གསུམ་ལུས་ཀྱི་སྒོ་ནས་བསྲུང་། ངག་གི་སྒོ་ནས་ངག་འཁྱལ་བ་དང་ཕྲ་མ་བཞི་བསྲུང་པའོ། །ཡན་ལག་ནི་སྲོག་གཅོད་པ་ལ་ཉེས་དམིགས་ལྔ་བཅུ།  མ་བྱིན་ལེན་པ་ལ་ཉེས་དམིགས་ལྔ་བཅུ།  མི་ཚངས་པར་སྤྱོད་པ་ལ་ཉེས་དམིགས་ལྔ་བཅུ།  བརྫུན་དུ་སྨྲ་བ་ལ་ལྔ་བཅུ།  ཁ་ཟས་དང་སྤྱོད་ལམ་གྱི་སྒོ་ནས་ལྔ་བཅུ་སྟེ།  ཉིས་བརྒྱ་ལྔ་བཅུ་ཚང་པར་བསྲུང་པའོ། །མོ་ཁྲིམས་རྩ་བ་བརྒྱད་ཀྱིས་གཞི་བཟུང་ནས་བསྲུང་བར་འདོད་དེ།  རྩ་བ་བརྒྱད་ནི།  བརྫུན་དང་ཕྲ་མ་དང་། འདོད་ལོག་མ་བྱིན་པར་ལེན་པ།  སྲོག་གཅོད་པ་དང་ལོག་ལྟ།  ཁོང་ཁྲོ་དང་གནོད་སེམས་དང་བརྒྱད་བསྲུང་དགོས་པར་འདོད་ལ། ཡན་ལག་ནི་ལུས་ཀྱི་སྒོ་ནས་བསྲུང་བའི་ཁྲིམས་བརྒྱ།  ངག་གི་སྒོ་ནས་བསྲུང་བའི་ཁྲིམས་བརྒྱ།  ཡིད་ཀྱི་སྒོ་ནས་བསྲུང་བའི་ཁྲིམས་བརྒྱ།  སྤྱོད་ལམ་གྱི་སྒོ་ནས་བསྲུང་བའི་ཁྲིམས་ཉི་ཤུ།  རྒྱན་དང་གོས་ལག་གི་སྒོ་ནས་བསྲུང་བའི་ཁྲིམས་ཉི་ཤུ།  ཤ་ཆང་དང་སྒོག་བཙོང་གི་ཁ་ཟས་ལས་སོགས་ཀྱི་སྒོ་ནས་ཉི་ཤུ་སྟེ་སུམ་བརྒྱ་དྲུག་ཅུ་བསྲུང་པའོ།  །”ཞེས་གསལ།   དེ་ལས་ཕོ་ཡི་རྩ་བཞིའི་སྐབས་ངག་འཁྱལ་དང་ཕྲ་མ་ཞེས་ངག་གི་མི་དགེ་བ་གཉིས་གཅིག་ཏུ་བརྩི་དགོས་པའི་བཟོ་འདུག་མོད།  འགྲེལ་དེའི་དྲང་སྲོང་པའི་འཇུག་སྒོ་བསྟན་སྐབས་སུ་རྫུན་སྨྲ་བ་ཕོ་ཁྲིམས་རྩ་བའི་གྲངས་སུ་བཞག་འདུག་ལ།  དེའི་ཡན་ལག་སྐབས་སུ་ཡང་རྫུན་དུ་སྨྲ་བ་ལ་ཉེས་པ་ལྔ་བཅུ་ཞེས་རྫུན་རྩ་བར་བྱས་པའི་དེའི་ཡན་ལག་ལྔ་བཅུ་བསྟན་ཅིང་། བཀའ་ལུང་གཞན་དག་ནས་ཀྱང་རྩ་བཞིའི་སྐབས་ངག་གི་མི་དགེ་བ་བཞིའི་ནང་ནས་རྫུན་སྨྲ་འདྲེན་པ་དང་མཐུན་འདུག་སྟབས་དེ་བཞིན་ཡིན་དགོས་འདུག་ལ་དེ་མིན་གཞུང་གཅིག་ཏུ་གོང་འོག་མི་མཐུན་པར་བསྟན་པའི་དགོས་པ་དམིགས་བསལ་བ་ཅི་ཡོད་སྙམ།  གཞན་འགྲེལ་འདིར་དྲང་སྲོང་ཕོ་མོའི་ཡན་ལག་གི་ཁྲིམས་ཀྱི་སྐོར་ལའང་སྡོམ་ཚིག་སྟབས་བདེ་རེ་བཞག་འདུག་རུང་།  དེ་དག་སོ་སོར་རྩི་ཚུལ་མ་གསལ་བས་འབྲེལ་ཡོད་ཡིག་ཆ་གཞན་དུ་གསལ་མིན་སོགས་ནི་ད་དུང་དཔྱད་པར་བྱ་རྒྱུ་ཙམ་ལས་འདིར་ཇི་ལྟར་སྨྲ་བའི་ཁུངས་ནི་མ་རྙེད་པས་དཔྱོད་ལྡན་དག་གི་ལས་སུ་བཞག་གོ །

བདུན།    འདུལ་བ་ཀུན་བཏུས་ནས་བསྟན་ཚུལ།

དེ་ཡང་བསྟན་པ་ཕྱི་དར་དུས་སུ་བྱུང་བའི་འདུལ་བའི་གཞུང་དང་ལུགས་སྲོལ་འགའ་ཤས་བྱུང་ཡོད་སྲིད་མོད་ད་ལྟའི་ཡན་དུ་གྲགས་ཆེ་བ་ནི་ཡར་མེ་བ་མཆོག་གིས་བརྩམས་གནང་བའི་འདུལ་གཞུང་རྒྱས་པ«འདུལ་བ་ཀུན་ལས་བཏུས་པའི་གཞུང»དང་། དེ་ལ་རང་འགྲེལ་ཡོད་མེད་གང་ལྟར་ཡང་དྲང་སྲོང་ཡེ་ཤེས་རྒྱལ་མཚན་དང་།  རྗེ་རིན་པོ་ཆེའི་འགྲེལ་བ་གཉིས་ནི་ད་ལྟའང་བཞུགས་ལ།   རྩ་འགྲེལ་དེ་དག་ཏུ་གསལ་བའི་དྲང་སྲོང་ཕོ་མོའི་ཁྲིམས་ལ་སྤྱིའི་སྡེ་ཚན་བརྒྱད་དུ་བྱས་ནས་བསྟན་ཡོད་པ་ནི།  «འདུལ་བ་ཀུན་ལས་བཏུས་པའི་གཞུང»སྡེབ་ངོས༼༢༦༽ལས།  “ད་ནི་ཡན་ལག་བརྒྱད་ཀྱི་བྱེ་བྲག་བཤད། །མི་དགེ་བ་དང་ཉོན་མོངས་འཁྲུལ་ལྟ་དང་། །ཕྱིན་ཅི་ལོག་དང་ཁྲིམས་ཆེན་ཁྲི་སྟན་དང་། །ཁ་ཟས་ཐོར་བུའི་སྡེ་རྣམས་སྤང་བར་བྱ། །”ཞེས་དྲང་སྲོང་ཕོ་མོའི་ཁྲིམས་ཀྱི་ཡན་ལག་ལ་སྤྱིའི་སྡེ་ཚན་བརྒྱད་དེ།  ༡ མི་དགེ་བའི་སྡེ་ལ་དྲུག་ཅུ་རེ་གསུམ།  ༢ ཉོན་མོངས་པའི་སྡེ་ལ་དྲུག་ཅུ་རེ་བརྒྱད།  ༣ འཁྲུལ་ལྟའི་སྡེ་བརྒྱ་དང་བཅུ།  ༤  ཕྱིན་ཅི་ལོག་གི་སྡེ་བརྒྱ་དང་དགུ། ༥  ཁྲིམས་ཆེན་གྱི་སྡེ་བདུན།  ༦ ཁྲི་སྟན་གྱི་སྡེ་བཞི།  ༧  ཁ་ཟས་ཀྱི་སྡེ་བཞི།  ༨  སིལ་བུའི་སྡེ་གསུམ་བཅས་བསྡོམས་ན་སུམ་བརྒྱ་དང་རེ་བདུན་ཙམ་ཡོད་པ་ལས།  རྩ་བ་གྲངས་སུ་བགྲང་བ་དང་མི་བགྲང་བའི་ལུགས་གཉིས་སུ་བྱུང་ཞིང་། གཞན་ཕྱིན་ཅི་ལོག་གི་སྡེ་དྲང་སྲོང་མའི་ཁྲིམས་སུ་བསྣན་མིན་དང་།  ཁྲིམས་ཆེན་བདུན་སོགས་གཅིག་གམ་སོ་སོར་བརྩི་བ་བཅས་གྲངས་ལ་སྣོན་འཕྲི་ཅི་རིགས་ཀྱིས་མདོ་དོན་ཕོ་ཁྲིམས་ཉིས་བརྒྱ་ལྔ་བཅུ་དང་།  མོ་ཁྲིམས་སུམ་བརྒྱ་དྲུག་ཅུ་ཏག་ཏག་འགྲིག་པར་མཛད་ཡོད་ལ།  དེ་དག་ཞིབ་ཕྲ་མཁྱེན་དགོས་ཚེ་རྗེ་རིན་པོ་ཆེའི«ཀུན་ལས་བཏུས་པའི་འགྲེལ་བ་གསལ་བའི་སྒྲོན་མེ»རུ་གསལ་བས་དེར་གཟིགས་པར་འཚལ།  

 བརྒྱད།   མཛོད་ཀུན་བཏུས་ནས་བསྟན་ཚུལ། 

དེ་ཡང་སྒ་སྟོན་ཚུལ་ཁྲིམས་རྒྱལ་མཚན་གྱིས་མཛད་པའི«མཛོད་ཀུན་བཏུས་རྩ་བ»སྡེབ་ངོས༼༢༠༽ལས། “ཚུལ་ཁྲིམས་ཉིས་བརྒྱ་ལྔ་བཅུ་སྟེ། །ཉོན་མོངས་ལྔ་དང་མི་དགེ་བཅུ། །ཁ་ཟས་སྡེ་བཞི་གྲོགས་བཞི་ཡི། །གྱེས་པའི་རྩ་བ་ཉི་ཤུ་གསུམ། །ཡན་ལག་བརྒྱ་དང་ལྔ་བཅུ་དང་། །ལོ་མ་བདུན་ཅུ་རྩ་བདུན་ནི། །”ཞེས་དང་།  དེའི«རང་འགྲེལ»སྡེབ་ངོས༼༢༠༨༽ལས། “ངོ་བོ་ནས་དབྱེ་བ་ལ།  ཚུལ་ཁྲིམས་ཉིས་བརྒྱ་ལྔ་བཅུར་བཤད་ཀྱང་། རྩ་བ་དང་།  ཡན་ལག་དང་།  ལོ་མ་དང་གསུམ་དུ་འདུས་ཏེ། དེ་ལ་རྩ་བ་ནི། ཞེ་སྡང་ལ་སོགས་ཉོན་མོངས་ལྔ་སྤང་བའི་རྩ་བ་དང་གཅིག  སྲོག་གཅོད་ལ་སོགས་མི་དགེ་བཅུ་སྤང་བའི་རྩ་བ་དང་གཉིས། ཤ་ཆང་དང་སྒོག་དགོང་ཁ་ཟས་སྡེ་བཞི་སྤང་བའི་རྩ་བ་དང་གསུམ།  སྡིག་ཅན་དང་སྐྱེ་དམན་གྱི་གྲོགས་གཉིས་གོ་མཚོན་དང་རིན་ཆེན་རྒྱན་གཉིས་ཏེ་རྒྱན་དང་གྲོགས་བཞི་སྤང་བའི་རྩ་བ་བཞི་ནི།  གྱེས་པའི་རྩ་བ་བཞི་ཞེས་བྱ་སྟེ།  ཆར་དབྱེ་ན་ཉི་ཤུ་རྩ་གསུམ་མོ། །ཡན་ལག་བརྒྱ་དང་ལྔ་བཅུ་ནི་རྩ་བ་ཉེར་གསུམ་པོ་དེ་ལས་ཡང་ཆར་དབྱེ་བ་སྟེ། ཞེ་སྡང་སྐྱེ་བ་བཅུ་བཞི་ལ་སོགས་སོ། །ལོ་མ་བདུན་ཅུ་རྩ་བདུན་ནི་སིལ་བུའི་སྡེ་སྟེ། སྤྲོ་ཐུང་དང་གཏོགས་འདོད་ཆེ་བ་ལ་སོགས་སོ། །”ཞེས་ཕོ་ཁྲིམས་ཉིས་བརྒྱ་ལྔ་བཅུ་པོ་རྩ་བ་དང་།  ཡན་ལག  ལོ་མ་བཅས་སྤྱི་ཡི་སྡེ་ཚན་གསུམ་དང་།  ནང་གསེས་རྩ་བ་ལ་ཉེར་གསུམ།  ཡན་ལག་ལ་བརྒྱ་དང་ལྔ་བཅུ།  ལོ་མ་ལ་བདུན་ཅུ་དོན་བདུན་བཅས་བསྡོམས་ན་ཉིས་བརྒྱ་ལྔ་བཅུ་འགྲིག་འདུག  འདིའི་ཁུངས་གཡུང་དྲུང་ལས་དག་ཡིན་པ་གོང་གསལ་ལྟར་ཤེས་སླ་ལ་ཞིབ་ཕྲའི་གྲངས་བརྩི་ཚུལ་ཐད་ད་དུང་དཔྱད་བྱར་སྣང་། དེ་བཞིན་མོ་ཁྲིམས་ལའང་དེ་ཉིད་ལས། “མོ་ཁྲིམས་ལ་དེ་བཞིའི་ཡ་བར་ཆགས་སྡང་དང་། འཆབ་སེམས་ད་ང། གཡོ་སྒྱུ་དང་། རིགས་དམན་བསྣན་པས་རྩ་བ་བརྒྱད་དོ། །ལོ་མ་ཡང་བརྒྱ་དང་བཅུ་ཚོ་གཅིག་བསྣན་ཏེ་ཆགས་སྡང་ལ་སོགས་ཀྱི་རྩ་བཞི་དེ་ལས་གྱེས་པའོ། །”ཞེས་མོ་ཁྲིམས་སྐོར་གསལ་བ་དང་། འདིའི་མོ་ཡི་རྩ་བཞི་རྩི་ཚུལ«འདུལ་བ་རྒྱུད་དྲུག»དང་མཐུན་པ་ཙམ་ལས་གཞན་དྲང་སྲོང་མོའི་ཁྲིམས་བརྒྱ་དང་བཅུ་ཚོ་གཅིག་དེ་དག་གང་ཞིག་ཡིན་པ་རེ་རེ་ནས་རྩི་ཚུལ་མ་གསལ། སྤྱིར་ན་འགྲེལ་འདིར་རྩ་བཞི་འཇོག་ཚུལ་ཐུན་མོང་མ་ཡིན་པ་ཡང་འདུག་པ་ནི།  དེ་ཉིད་ལས།  “གསུམ་པ་གྱེས་རྩ་དང་ཉམས་རྩ་ལ།  གོང་དུ་བཤད་པའི་རྩ་བ་བཞི་པོ་ནི་གྱེས་པའི་རྩ་བཞི་སྟེ།  དེ་བཞི་ལས་མ་གྱེས་པའི་ཡན་ལག་མེད་པས་སོ། །གསོད་གཡེམ་རྐུ་རྫུན་སྤང་བ་བཞི་ནི་ཉམས་པའི་རྩ་བཞི་ཞེས་བྱ་སྟེ།  དེ་གསུམ༼བཞི༽གང་རུང་གཅིག་ཉམས་ན་གསུམ་གྱིས་བཙུན་པའི་གོ་མི་ཆོད་པའི་ཕྱིར་རོ། །”ཞེས་གསུངས།

དགུ།   དེ་དག་ལ་ཅུང་ཟད་དཔྱད་པ།

  སྤྱིར་ན་བོན་གྱི་བཀའ་ལུང་རྒྱ་ཆེ་བས་འདི་ཙམ་དུ་མ་ཟད་ད་དུང་དྲང་སྲོང་ཕོ་མོའི་ཁྲིམས་ཀྱི་རྣམ་བཞག་འཁོད་པའི་དཔེ་ཆ་གཞན་པ་ཡོད་སྲིད་རུང་།  འདི་དག་ནི་ད་ལན་མཇལ་ཚོད་ཙམ་ཞིག་བཀོད་པ་ཡིན་ལ།   དེ་དག་ལས«འདུལ་བ་ཀུན་བཏུས»ཀྱི་བཞེད་པ་ནི་རྩ་བའི་ཁུངས་མདོ་གཟེར་མིག་ལ་བྱས།  དེ་ལ་ཁམས་ཆེན་གྱིས་རྒྱས་པར་བཀྲལ་ཏེ་མཐར་རང་རྐྱ་ཐུབ་པའི་གཞུང་ལུགས་ཤིག་གྲུབ་པར་མཛད་ཡོད་པ་དེ་ཡིན།  ཁྱད་པར་དུ་བསྲུང་བྱ་དེ་དག་མི་དགེ་བའི་སྡེ་སོགས་སྡེ་ཚན་དབྱེ་ཚུལ་དང་སྡེ་ཚན་དེ་དག་གི་ཐ་སྙད་རྣམས་བཀའ་གང་ཞིག་ལས་བྱུང་བའམ་ཡང་ན་མཁས་པ་སུ་ཞིག་གིས་གསར་གཏོད་མཛད་པའི་སྐོར་ནི་དཔྱད་གཞི་སྟེ། «འདུལ་བ་དོན་གྱི་ཀུན་བརྗོད»དུ་གསོ་སྦྱོང་གི་ལེའུ་ཚན་ཞིག་བྱུང་བ་དེའི་ནང་ཀུན་བཏུས་དང་མཚུངས་པའི་ཁྲིམས་ཀྱི་སྐོར་ཞིག་གསལ་བ་དེ་ཙམ་ལགས། མ་གཞི་བསྟན་པ་སྔ་དར་སྐབས་ཀྱི་བོན་ལུགས་དྲང་སྲོང་ཕོ་མོའི་ཁྲིམས་ཀྱི་རྩི་སྟངས་འདི་བཞིན་ཡིན་མིན་གང་ལྟར་ཡང་།  རི་ཁྲོད་པའི་དུས་སུ«གཡུང་དྲུང་ལས་དག»དང་།  «རྣམ་དག་འདུལ་འབུམ» «དྲི་མེད་གཟི་བརྗིད»གསུམ་ད་དུང་དངོས་སུ་མཇལ་ཡུལ་དུ་བྱུང་མེད་ཚོད་ལ།  «འདུལ་བ་རྒྱུད་དྲུག»བྱུང་ཟིན་ཅིང་། དེར་དྲང་སྲོང་ཕོ་མོའི་ཁྲིམས་ཆ་ཚང་གསལ་བ་ལྟར་དེ་དག་རང་ལུགས་སུ་མ་བཞག་པར«ཁམས་ཆེན་གྱི་སྣང་བ་ཚུལ་ཁྲིམས་ཀྱི་ལེའུ»རུ་གསལ་བའི་བསྲུང་བྱ་རྣམས་དབྱེ་བསྡུ་ཅི་རིགས་པའི་ཐོག་ནས་བཞག་པ་གོང་གསལ་ལྟར་ལགས།  «གཡུང་དྲུང་ལས་དག»ཏུ་དྲང་སྲོང་པའི་རྩ་བ་དང་ཡན་ལག་གི་སྡེ་ཆ་ཚང་གསལ་བ་དང་། «རྣམ་དག་འདུལ་འབུམ»དུའང་མོ་ཁྲིམས་ཆ་ཚང་མ་གསལ་བ་ལས་གཞན་དྲང་སྲོང་ཕོ་དང་།  གཙང་གཙུག  དགེ་བསྙེན། བསྙེན་གནས་བཅས་པ་དང་། «དྲི་མེད་གཟི་བརྗིད»དུ་སྤྱིར་འདུལ་བའི་སྡེ་རིགས་དང་།  སྒོས་རྩ་བ་ཡན་ལག་གི་ཁྲིམས་ཀྱི་རྣམ་དབྱེ།  ཕྱི་ཚུལ་ནང་ཁྲིམས་ཀྱི་སྡོམ་པ་འབོག་ཚུལ་དང་བཅས་ཆ་ཚང་རྒྱས་གསལ་འཁོད་འདུག་མོད།  འོན་ཏེ་ལུགས་དེ་དག་འཆད་ཉན་དང་ཕྱག་ལེན་གནང་མཁན་ད་བར་ཆེར་བྱུང་མེད་པ་ནི་གཞུང་གསུམ་པོ་དར་འཕྱི་བའི་དབང་གིས་ཡིན་པ་དང་།  གལ་སྲིད་དེ་དག་རི་ཁྲོད་པའི་དུས་ནས་བྱུང་ཡོད་ན་ལུགས་དེ་དག་གང་རུང་རང་གཞུང་དུ་བཞེད་མིན་ནི་ད་སྐབས་བརྗོད་དཀའ་བ་ཞིག་ཡིན།  «འདུལ་བ་རྒྱུད་དྲུག»ཏུ་དྲང་སྲོང་ཕོ་མོའི་རྩ་ལག་གི་ཁྲིམས་ཆ་ཚང་གསལ་བ་ལྟར་ཡེ་ཤེས་རྒྱལ་མཚན་གྱི«ཀུན་བཏུས་འགྲེལ»བར་དེའི་བཞེད་ཕྱོགས་སྤྱི་ཁོག་བཀོད་འདུག་ལ།  འོན་ཏེ་དེ་དག་རང་ལུགས་སུ་མི་འཇོག་པའི་རྒྱུ་མཚན་ནི་མ་གསལ།  མཁན་ཉི་མས«འདུལ་བ་རྒྱུད་དྲུག»འདི་ཉིད་སྟོན་པའི་བཀའ་ཡིན་པར་མ་ཟད་འདུལ་བ་སྨད་ལུགས་ཀྱི་རྒྱུད་ཀྱང་ཡིན་པར་བཞེད་པ་ལྟར་ན་ལུགས་འདི་རང་གཞུང་དུ་བཞེད་དགོས་པ་ལྟར་སྣང་རུང་དེ་དག་སྐོར་ལ་ཁོང་གིས་མཛད་པའི་འདུལ་བ་སོགས་སུ་དགག་བཞག་མཛད་པ་མ་མཐོང་།  དེ་ལྟར་བསམ་ཚེ«འདུལ་བ་ཀུན་བཏུས»ཀྱི་བཞེད་ལུགས་དྲང་སྲོང་ཕོ་མོའི་ཁྲིམས་ཀྱི་རང་ལུགས་དེ་འདུལ་བ་སྟོད་ལུགས་སམ་ཡང་ན་སྨད་ལུགས་ལྟར་ཡིན།   ཡང་ན་དེ་གཉིས་གང་ཡང་མ་ཡིན་པར་ལུགས་གཉིས་ཟུང་འབྲེལ་ཞིག་ཡིན་མིན་སོགས་དཔྱད་པར་འོས་མོད་དེ་འདིར་དེ་ཙམ་བྱས་ཤིང་།   འདི་ནི་ཐོག་མའི་གླེང་སློང་ཙམ་ཞིག་བཀོད་པ་ཡིན་ནོ། །  

༼གསལ་བཤད།  རྩོམ་འདི་སྔོན་ནས་བཏོན་ཟིན་རུང་དགོས་ངེས་ཀྱི་འཕྲི་སྣོན་འགའ་ཞིག་ཞུས་ཡོད་པས་དེ་ལུགས་མཁྱེན་འཚལ༽

དཔྱད་གཞིའི་ཡིག་ཆ།

⑴ «མདོ་གཟེར་མིག»  གསུང་རབ་སྒོ་མཛོད་རིན་པོ་ཆེའི་གླེགས་བམ།  པོད་ཉེར་དྲུག་པ། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་།   ༢༠༡༥

⑵ «དྲི་མེད་གཟི་བརྗིད»  གསུང་རབ་སྒོ་མཛོད་རིན་པོ་ཆེའི་གླེགས་བམ།  པོད་ཉེར་བཞི་པ། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་།   ༢༠༡༥

⑶ སྟོན་པ་སངས་རྒྱས། «གཡུང་དྲུང་ལས་རྣམ་པར་དག་པའི་རྒྱུད» སྟོན་པ་སངས་རྒྱས། གསུང་རབ་སྒོ་མཛོད་རིན་པོ་ཆེའི་གླེགས་བམ།  པོད་དང་པོ། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་།   ༢༠༡༥

⑷ «རྣམ་དག་འབུལ་འབུམ»  གསུང་རབ་སྒོ་མཛོད་རིན་པོ་ཆེའི་གླེགས་བམ།  པོད་ཞེ་དྲུག་པ། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་།   ༢༠༡༥

⑸ «འདུལ་བ་རྒྱུད་དྲུག» གསུང་རབ་སྒོ་མཛོད་རིན་པོ་ཆེའི་གླེགས་བམ།  པོད་གཉིས་པ། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་།   ༢༠༡༥

⑹ དྲན་པ་ནམ་མཁའ།  «བྱང་སེམས་གབ་པ་དགུ་སྐོར་གྱི་དགོངས་པ་བཀྲོལ་བའི་འགྲེལ་བཞི་རིག་པའི་རྒྱ་མཚོ» སངས་རྒྱས་གཡུང་དྲུང་བོན་གྱི་དཔེ་ཚོགས། དེབ་བརྒྱད་པ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༢༠༠༨

⑺ མེ་སྟོན་ཤེས་རབ་འོད་ཟེར། «འདུལ་བ་ཀུན་ལས་བཏུས་པའི་གཞུང» ཀོ་རྒྱལ་དགོན་བཤད་སྒྲུབ་འདུས་སྡེ།  ༢༠༡༠

⑻ གཤེན་གྱི་དྲང་སྲོང་ཡེ་ཤེས་རྒྱལ་མཚན།   «ཀུན་ལས་བཏུས་པའི་འགྲེལ་བ་གསལ་བའི་སྒྲོན་མེ» གཡུང་དྲུང་བོན་གྱི་བཀའ་བརྟེན་དཔེ་རྙིང་ཕྱོགས་བསྒྲིགས།  ལག་བྲིས་དཔེ་གཟུགས།  ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 

⑼ སྒ་སྟོན་ཚུལ་ཁྲིམས་རྒྱལ་མཚན།  «བདེན་པའི་མཛོད་ཕུགས་རྣམ་པར་འབྱེད་པའི་ལྡེ་མིག»  ཟི་ཁྲོན་མི་རིགས་དཔེ་སྐྲུན་ཁང་།  ༢༠༠༥

(མ་རྩོམ་ཡོང་ཁུངས། ཧི་མ་ལ་ཡའི་བོན།)

(སྤྱིའི་གཟིགས་གྲངས། 418 དེ་རིང་། 1)

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
སྤྱི་ལོ་ ༢…
error: རྩོམ་འདི་བདག་དབང་ཅན་ཡིན།