ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

རྗེ་བླ་མའི་མཛད་རྣམ་སྙིང་བསྡུས་བཀའ་དྲིན་རྗེས་དྲན་ཞེས་པ་བཞུགས་སོ། །

“བདེ་སྡུག་རྩ་བ་རང་གི་སེམས་ལགས་པས། །

བཙའ་སྐྱོང་ཤེས་ན་ཕན་བདེའི་གཞི་མ་དང་། །

རང་ཁར་བཏང་ན་སྡུག་བསྔལ་རྒྱ་མཚོའི་རྒྱུ། །

ཇི་ལྟར་འདེམ་ཁ་ཤེས་ན་སྐྱེས་བུ་རབ། །”

རྗེ་བླ་མའི་མཛད་རྣམ་སྙིང་བསྡུས་བཀའ་དྲིན་རྗེས་དྲན་ཞེས་པ་བཞུགས་སོ། །

 

ཇི་སྐད་དུ། བླ་མ་སློབ་དཔོན་ཐར་པའི་ལམ་འདྲེན་ཡིན།

འཕྲུལ་གྱི་ཡི་གེ་ལྐུགས་པ་ཁ་འབྱེད་ཡིན།

བཀའ་ལུང་མན་ངག་བདུད་རྩི་བང་མཛོད་ཡིན།

ཞེས་པའི་ལུང་གིས་ཁོག་ཕུབ་སྟེ། སྐབས་དོན་གླེང་གཞི་གསང་གསུམ་བོན་གྱི་མཛོད་འཛིན། རྒྱུད་གསུམ་བསྟན་པའི་མངའ་བདག བསླབ་གསུམ་བསྟན་པའི་སྲོག་ཤིང་སོགས་མཚན་གྱིས་བླ་རུ་བཏེགས་པའི་རྗེ་བཙུན་བླ་མ་ངེས་པ་དོན་གྱི་མངའ་བདག་༧སྐྱབས་རྗེ་རྒྱལ་བ་སྨན་རི་བའི་ཡོངས་འཛིན་སྨྲ་བའི་དབང་པོ་སློབ་དཔོན་བསྟན་འཛིན་རྣམ་དག་རིན་པོ་ཆེ་མཆོག་ཕྱི་ལོ་ ༡༩༢༦ ལོར་འཇིག་རྟེན་དུ་སྐུ་སྐྱེ་བ་མི་རུ་བཞེས་ནས་ད་བར་འཆི་མེད་ཚེ་ལྷའི་ངོ་བོར་བཞུགས་ཤིང་གསང་གསུམ་གྱི་མཛད་འཕྲིན་རླབས་པོ་ཆེ་བསྐྱངས་དང་སྐྱོང་བཞིན་པ་ནི་འགྲོ་བ་སྤྱི་དང་། སྒོས་སུ་རང་རེའི་བསོད་ནམས་ཀྱི་དཔལ་དང་གཟི་བརྗིད་དུ་གྱུར། རྗེ་བཙུན་བླ་མ་འདི་པའི་སྐུ་ཚེ་ཧྲིལ་པོར་ཞང་བོད་མི་རིགས་ཀྱི་ཤེས་རིག་གོམས་སྲོལ་སྤྱི་དང་། ལྷག་པར་དུ་གཤེན་བསྟན་རིན་པོ་ཆེ་འཛམ་གླིང་དུ་གནས་པ་དང་། འཕེལ་བ། བརྟན་པ་བཅས་ཀྱི་ཆེད་དུ་སྤྱི་ཚོགས་གསར་རྙིང་གི་གཉན་འཕྲང་དུས་རབས་ནང་སྐུ་ཚེགས་འོ་རྒྱལ་བསམ་ཡུལ་ལས་འདས་པ་བྱུང་བ་དེ་དག་ལ་བཟོད་པ་དང་། ཤེས་རབ། སྙིང་རྗེ་དང་། བརྩོན་འགྲུས་བཅས་ཀྱི་དཔུང་བསྐྱེད་ནས་བོད་དང་། རྒྱ་གར། བལ་ཡུལ། ནུབ་གླིང་གི་ཁུལ་བཅས་ཡུལ་གྲུ་གང་སར་བསྟན་པ་འཛིན་སྐྱོང་སྤེལ་བའི་རླབས་ཆེན་གྱི་བྱ་བཞག་འབུར་ཐོན་གནང་སྟེ། བོན་མདོ་སྔགས་སེམས་གསུམ་དང་། རིག་པའི་གནས་བཅས་འཐུས་སྒོ་ཚང་བའི་བཤད་སྒྲུབ་ཀྱི་སྡེ་གཉིས་ཟུང་འབྲེལ་དུ་བཙུགས་པ་དང་། གཡུང་དྲུང་བོན་གྱི་བསྟན་པ་ཉག་ཕྲ་ས་ནས་བསྐྱངས་ཤིང་གཏིང་ཟབ་ས་ནས་བསླབ་སྟེ། བོན་སྡེ་ཕྱི་ནང་གསང་གསུམ་གྱི་དབང་ལུང་མན་ངག་གི་རྒྱུན་མཐུད་པ་དང་། བསྟན་པ་ཉམས་པ་གསོས་ཤིང་འཆད་རྩོད་རྩོམ་གསུམ་དང་། ཐོས་བསམ་སྒོམ་གསུམ་གྱི་འཆད་ཉན་ཕྱོགས་ཀུན་ཏུ་སྤེལ་བ་བཅས་བསྟན་པའི་རྩ་ལག་སྒོ་ཀུན་ནས་འཐུས་སྒོ་ཇེ་ཚང་དུ་བཏང་བ་མ་ཟད། རྒྱལ་བ་སྨན་རི་བའི་མཁན་རྒྱུན་ལྔ་ཡི་རིང་དུ་གཡུང་དྲུང་བོན་གྱི་བསྟན་རྒྱུན་བསྐྱངས་ཤིང་། སྔ་ཕྱིར་རབ་འབྱམས་དགེ་བའི་བཤེས་གཉེན་བརྒྱ་ཕྲག་བརྒལ་བར་སྐྱེད་སྲིང་གནང་། དེ་དག་གི་སློབ་རྒྱུན་དུ་གཏོགས་པ་རྣམས་ཀྱིས་ཀྱང་བོད་ཕྱི་ནང་གཉིས་ཀྱི་དགོན་སྡེ་ཁག་ལ་བཤད་སྒྲུབ་སྒོམ་གསུམ་གྱི་བསྟན་པ་སྤེལ་བཞིན་པའི་ཚུལ་འདི་ནི་ཉིད་ཀྱི་ཐུགས་རྗེའི་ཆུ་གཏེར་ལས་འོང་བའི་ཕྲིན་ལས་ཀྱི་རླབས་ཕྲེང་ཞིག་ཏུ་གྱུར་ཡོད།

བྱེ་བྲག་ཏུ་མཆོག་ཉིད་ཀྱི་རླབས་ཆེའི་མཛད་འཕྲིན་ཆེ་ལོང་ཙམ་དྲན་གསོས་ཞུ་བ་ལ། དེ་ཡང་༧ཡོངས་འཛིན་གོང་མ་རྣམས་ཀྱི་རྗེས་སུ་བཟུང་སྟེ་སྔ་ཕྱིར་བོད་ཕྱི་ནང་གཉིས་སུ་རྩ་བའི་གདན་ས་དཔལ་ལྡན་སྨན་རི་བའི་བཤད་སྒྲུབ་ཀྱི་མཛད་འགན་ཁུར་དུ་བཞེས་ནས་མདོ་སྔགས་སེམས་གསུམ་རིག་གནས་དང་བཅས་པའི་སློབ་ཚན་གྱི་ལམ་སྲོལ་འཐུས་སྒོ་ཇེ་ཚང་དུ་བཏང་ནས་བསྟན་པ་འཛིན་སྐྱོང་སྤེལ་གསུམ་གྱི་ཕྱག་ལེན་རྨད་དུ་བྱུང་བ་བསྐྱངས་པ་སྟེ། དེ་ཡང་ཕྱི་སྤོང་ལམ་མདོ་མཛོད་འདུལ་བ་གསུམ་ལ་བསླབས་ཤིང་ཚངས་སྤྱོད་ཚུལ་ཁྲིམས་ཀྱི་བསླབ་པ་ལ་བརྟེན་ནས་སྤྱོད་པ་རྒྱུ་འབྲས་ཚད་ཐུབ་ཀྱི་བདེན་པ་བསྲུང་བའི་མིག་ལྟོས་མཛད་པ་དང་། ནང་སྒྱུར་ལམ་གསང་སྔགས་རྒྱུད་སྡེའི་ཉམས་ལེན་ལ་བསླབས་ཏེ་ཏིང་འཛིན་གསུམ་དང་། རིམ་པ་གཉིས་ཀྱིས་སྣང་ཞེན་སྦྱངས་ནས་དག་པ་སྐུ་དང་། ཡེ་ཤེས། ཞིང་ཁམས་སུ་གསལ་ཐེབས་པའི་སྔགས་རིམ་གྱི་ལམ་སྣ་བསྟན་པ་དང་། གསང་བ་གྲོལ་ལམ་བླ་མེད་རྫོགས་ཆེན་སྡེ་བཞི་མ་བུ་དང་བཅས་པའི་ཁྲིད་ལུང་དབང་གསུམ་གྱི་བརྒྱུད་པ་བཟུང་ཞིང་ཐུགས་དམ་དུ་མཛད་ནས་ཕྱག་ལེན་ལམ་སྲོལ་བཙུགས་པ་བཅས་བཤད་སྒྲུབ་གཉིས་ཀྱི་བསྟན་པ་ལ་བླ་ན་མཐོ་བ་དང་། འབུར་དུ་ཐོན་པའི་ཕྱག་ལེན་རྗེས་བཞག་གནང་བ་མ་ཟད། བོན་ཕྱི་ནང་གསང་གསུམ་གྱི་བཅའ་འདོན་གྱེར་དབྱངས་སོགས་གསང་སྔགས་ཀྱི་ལས་ཚོགས་ཐམས་ཅད་དང་། ཐིག་རྡུལ་ཚོན་སྐོར། དེ་བཞིན་བརྡ་དག་སྙན་གསུམ་དང་། སྒྲ་གསོ་བཟོ་གསུམ་བཅས་ཕྱི་ནང་རིག་གནས་ཐམས་ཅད་ཀྱི་ཕྱག་ལེན་བསླབ་ཅིང་སློབ་སྦྱོང་གི་གོ་སྐབས་བསྐྲུན་པས་ན། རྒྱལ་བ་བྲུ་ཡི་རིང་ལུགས་ཀྱི་འཆད་ཉན་ལམ་སྲོལ་ལ་དུས་རབས་ཀྱི་འཕེལ་ཕྱོགས་དང་བསྟུན་པའི་སྔར་ལྷག་ཕུན་སུམ་ཚོགས་སུ་བཏང་གནང་ཡོད་། ལྷག་ཏུ་ཞང་བོད་ཀྱི་ཤེས་རིག་དང་ལོ་རྒྱུས། ཕྱི་ནང་གི་རིག་གནས་སྤྱི་དང་ཁྱད་པར་དུ་མདོ་སྔགས་སེམས་གསུམ་གྱི་དཀའ་གནད་གསད་བཀྲོལ་གནང་བའི་གསུང་རྩོམ་པོད་ཕྲེང་ཉི་ཤུ་ལྷག་ཕྱག་རྗེས་སུ་བཞག་གནང་ཡོད་པ་འདི་ནི་སྤྱིར་འཛམ་གླིང་མིའི་རིགས་ཀྱིས་སེམས་ཀྱི་ཞི་བདེ་སྒྲུབ་ཐབས་ཀྱི་གཏེར་མཛོད་ལྟ་བུ་ཞིག་དང་། སྒོས་སུ་ཁ་བ་གངས་ཅན་པའི་ཆོས་དང་རིག་གཞུང་གི་མཚོན་དཔེ་ལྟ་བུར་ཡིན་ཕྱིར་རང་རེའི་བསོད་ནམས་ཀྱི་དཔལ་དང་གཟི་བརྗིད་དུ་གྱུར་པ་མ་ཟད། ཡང་སྒོས་གཡུང་དྲུང་བོན་གྱི་བསྟན་པའི་གསལ་བྱེད་དང་ཐར་ལམ་གྱི་འཛེགས་སྐས་ལྟ་བུ་ཡིན་ཕྱིར་དངོས་གྲུབ་ཀྱི་ནེམ་པ་ལེན་པའི་སྐྱེས་བུ་རྣམས་ནི་ཨེ་མ་ངོ་མཚར་ཆེའོ། །

དེ་ཡང་ཇི་སྐད་དུ། ཕྱི་ཚུལ་སྲུང་བ་གསེར་གྱི་མཆོད་རྟེན་ཡིན།

ནང་ཁྲིམས་ལྡན་པ་ལྷ་གཉན་ཤེལ་སྒོང་ཡིན།

གཉིས་ཀ་ཟུང་འབྲེལ་ཨུད་འབར་མེ་ཏོག་ཡིན། །ཞེས་སོ།

ཁྱད་པར་དུས་གཉན་གྱི་དཀའ་ཚེགས་ཆེ་བའི་ལོ་ཟླ་མང་པོའི་གདོང་བསུས་ནས་བོན་གྱི་ཁས་ཞན་དབང་ཆུང་གི་སྡེ་འབངས་རྣམས་ཁ་འཐོར་ཡ་འཐོར་དུ་འགྲོ་བའི་འཇིགས་ཉེན་ལས་བསྐྱབས་ཏེ། བོན་གཞིས་ཐོབ་རྒྱལ་གསར་པ་ཞེས་མིང་བརྡས་བརྒྱན་པའི་གཞིས་ས་གནས་ཁང་རང་བདག་ཅན་གྱི་བོན་ཚོགས་བཙུགས་པ་དང་། བོན་དང་བོན་པོ་ཞེས་པའི་མཚན་གྱི་ལྷག་མ་གསོས་ཏེ་བོན་ནི་བོད་ཀྱི་མེས་པོའི་ཆོས་དང་རིག་གནས་ཀྱི་གཞི་རྐང་འཛིན་སའི་གྲུབ་མཐའ་རང་ཚུགས་ཅན་དུ་གྲུབ་ཅིང་བསྐྱངས་པ་དང་། དེ་བཞིན་རྒྱལ་བ་བྲུ་ཡི་གདན་ས་སྨན་རི་དགོན་ཞེས་མི་ལོ་དྲུག་བརྒྱ་ལྷག་གི་ལོ་རྒྱུས་ཀྱི་ཉག་ཐག་མ་ཆད་པའི་ཁྲི་འཛིན་མཁན་རྒྱུད་མུ་ཏིག་ཕྲེང་བའི་མཚན་གནས་སླར་གསོས་གནང་སྟེ། བླ་ན་མཐོ་བའི་ཆེ་མཐོང་དང་གཟི་བརྗིད་ཀྱི་དཔལ་ཡོན་བསྲུང་ཞིང་བསྐྱབས་པ་དང་། འདི་ཕྱི་གཉིས་ཀྱི་སྐྱབས་རྟེན་སྲིད་ཞིའི་མཆོད་སྡོང་ཆེན་མོ་རྒྱལ་བ་མཉམ་མེད་ཆེན་པོའི་སྐུ་གདུང་དང་། སྐུ་གཟུགས། གསུང་རབ་གསུམ་དུས་ཀྱི་གཉན་འཕྲང་ནང་གཅེས་བསྲུང་གནང་བའི་རྨད་བྱུང་འཕྲིན་ལས་ཀྱི་མཛད་རྣམ་མཚུངས་ཟླ་བྲལ་བ་དང་། འཛམ་གླིང་གི་ཡུལ་གྲུ་གང་སར་བོན་གྱི་མཚན་དོན་བསྒྲགས་ཏེ་སྲིད་པའི་མེས་པོ་ཞང་བོད་ཡུལ་གྱི་སྐྱེས་ཆེན་རིམ་བྱོན་རྣམས་ཀྱི་བློ་གྲོས་དང་།  ཤེས་ཡོན། ལམ་སྲོལ་བཅས་སླར་གསོ་དང་ངོ་སྤྲོད་གནང་བས་འགྲོ་བ་མི་རྣམས་ཀྱིས་སྲིད་པ་གཡུང་དྲུང་བོན་གྱི་ཤེས་རིག་ནི་ཕན་བདེའི་གཞི་རྩ་ཞིག་ཏུ་བཀུར་ཏེ། ཆེ་མཐོང་དང་གུས་འདུད་ཞུ་བའི་གནས་སུ་གྱུར་ཡོད་པ་བཅས་དང་། དེང་འདིར་བོད་ཕྱི་ནང་གཉིས་སུ་ཉིད་ཀྱི་སློབ་རྒྱུད་དུ་གཏོགས་པ་རབ་འབྱམས་དགེ་བའི་བཤེས་གཉེན་དང་། སྒྲུབ་ཐོན་རྣལ་འབྱོར་པ་བཅས་བརྒྱ་ཕྲག་དུ་མས་རྫོགས་པའི་སངས་རྒྱས་སྟོན་པ་གཤེན་རབ་མི་བོའི་སྐུ་གསུང་ཐུགས་གསུམ་གྱི་བསྟན་པ་རིན་པོ་ཆེ་འདི་ཉིད། འཕྲིན་ལས་རྣམ་པ་བཞི་ཡི་སྒོ་ནས་བཀའ་ཡི་འཁོར་ལོ་ཕྱོགས་བཅུ་ཀུན་ཏུ་བསྐོར་ཞིང་ཕན་བདེའི་མཛད་བཟང་ཉི་ཟླས་བགྲོད་པ་ཇི་བཞིན་མཁའ་ཁྱབ་འགྲོ་བ་ཡོངས་ཀྱི་གསོས་སུ་སྨིན་སྩོལ་གནང་བཞིན་པ་བཅས་ནི། མཆོག་ཉིད་ཀྱི་ཆེ་བའི་མཛད་པ་དང་རྣམ་ཐར་གྱི་ཆ་ཤས་ཞིག་ཏེ། འགྲོ་དོན་རྒྱུན་ཆད་མེད་པའི་རྟགས་སུ་ངེས་པའོ།

ཇི་སྐད་དུ།

འགྲོ་དྲུག་ཀུན་གྱི་སྐྱབས་གནས་ཡིན།

གཡུང་དྲུང་བོན་གྱི་འབྱུང་གནས་ཡིན།

གདུལ་དཀའ་འདུལ་བའི་སྐྱེས་བུ་ཡིན།

འཁྲུངས་དཀའ་མེ་ཏོག་ཨུད་འབར་ཡིན།

མཐོང་དཀའ་ཡིད་བཞིན་ནོར་བུ་ཡིན། །ཞེས་པ་ལྟར་རོ།

སྐབས་འདིར་རྗེ་བླ་མའི་གདན་ས་གསུམ་པ་དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེ་རུ་«གཡུང་དྲུང་བོན་གྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་དབུ་བརྙེས་ནས་མི་ལོ་ཉེར་ལྔ་འཁོར་བའི་དུས་དྲན་»སྲུང་བརྩི་ཞུ་བ་དང་། ༸སྐྱབས་མཆོག་གང་ཉིད་དགུང་གྲངས་ ༩༥ ལ་ཕེབས་པའི་དུས་ཚིགས་ཁྱད་པར་ཅན་གཉིས་ཚོགས་འདི་དང་བསྟུན་འདིར་འཁོད་མཁན་རིན་པོ་ཆེ་དབུས་པའི་གྲྭ་ཚང་བླ་སློབ་ཡོངས་དང་། འཛམ་གླིང་ཕྱོགས་མཐའ་ཁག་ནས་ཕེབས་པའི་དད་འབངས་སྤྱི་དང་། སྒོས་སུ་མི་རབས་རིམ་བརྒྱུད་ནས་ཧི་མ་ལ་ཡི་རི་ཀླུང་དུ་གནས་གཞིར་བཟུང་བའི་བོན་གྱི་སྡེ་དགོན་ཐུན་མོང་ནས་སྒོ་གསུམ་གུས་པ་ཆེན་པོས་བཀའ་དྲིན་རྗེས་དྲན་ཞུ་བ་དང་། སྐུ་ཚེ་མི་ཤིག་གཡུང་དྲུང་གི་ཁམས་སུ་བརྟན་ཅིང་གསང་གསུམ་གྱི་འཕྲིན་ལས་མཐའ་དག་གེགས་མེད་ལྷུན་གྱིས་འགྲུབ་པའི་གསོལ་འདེབས་ཞུ་མཚོན་དུ་མནྡལ་སྐུ་གསུང་ཐུགས་རྟེན་གཙོས་རྒྱལ་བ་དགྱེས་པའི་མཆོད་འབུལ་ཞུ་བའི་སྐལ་བཟང་གི་དུས་ཚིགས་ལགས་ན། དེར་བསྟུན་ངེད་ཚོ་ཞལ་གདམས་འཚོལ་བསྡུ་ཚན་ཆུང་གིས་དུ་སྐྱབས་རྗེ་མཁན་ཆེན་རིན་པོ་ཆེ་མཆོག་དང་། སྐྱབས་རྗེ་དཔོན་སློབ་རིན་པོ་ཆེ་རྣམ་གཉིས་ཀྱི་བཀའ་སློབ་ལམ་སྟོན་གཞིར་བཟུང་མཆོག་ཉིད་ཀྱི་བཀའ་དྲིན་རྗེས་སུ་དྲན་པའི་མཚོན་རྟེན་དུ་<<ཞལ་གདམས་སྙིང་གི་ཐིག་ལེ་>>ཞེས་པ་འདི་ཉིད་མི་ཡུལ་དུ་འགྲེལ་སྤེལ་ཞུ་རྒྱུའི་བསོད་ནམས་ཀྱི་བགོ་སྐལ་དུ་ཐོབ་པ་ལགས་ན། སྐལ་མཉམ་རིགས་ཅན་རྣམས་ཀྱིས་གསུང་གི་བདུད་རྩིར་ལོངས་སུ་སྤྱོད་ཏེ་ཉམས་བཞེས་མཛད་པར་སྐུལ་བ་དང་ཆབ་གཅིག། བདག་སོགས་བོན་འབངས་གཙོས་པའི་ཁམས་གསུམ་སྐྱེ་འགྲོ་ཡོངས་དང་། རྒྱལ་བའི་བསྟན་པ་རིན་པོ་ཆེའི་ཕན་བདེའི་གསོས་སུ་མཆོག་གི་ཞབས་པད་བསྐལ་བརྒྱར་བརྟན་ཅིང་ཐུགས་བརྩེ་ཡེ་ཤེས་ཆེན་པོས་ནམ་ཡང་མི་འདོར་བར་མཁྱེན་མཁྱེན་མཁྱེན་ཞེས་གསོལ་བ་འདེབས་པ་ལགས་སོ།། །།

 

(སྤྱིའི་གཟིགས་གྲངས། 861 དེ་རིང་། 1)

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
ཕྱི་ལོ་ ༢༠…
error: རྩོམ་འདི་བདག་དབང་ཅན་ཡིན།