ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

མོན་རི་ཟུར་གསུམ་གཡུང་དྲུང་ཀུན་གྲགས་གླིང་དགོན་པ་གསར་བཞེངས་ཀྱི་སྒོ་འབྱེད་དང་རབ་གནས་མཛད་སྒོའི་གནས་བསྡུས།

 

 

 

མོན་རི་ཟུར་གསུམ་གཡུང་དྲུང་ཀུན་གྲགས་གླིང་དགོན་པ་ནི་བལ་ཡུལ་གྱི་རྒྱལ་ཁོངས་དོལ་པོའི་ཕྱོགས་དོལ་པོའི་རྫོང་གི་ཁོངས་ཁ་ལེས་བྷོན་གྱི་ཡུལ་དུ་ཆགས་ཡོད་ལ། མོན་རི་ཟུར་གསུམ་གྱི་གནས་འདི་ནི་བོན་གྱི་གསང་སྔགས་མ་རྒྱུད་ལས་གསལ་བའི་མ་རྒྱུད་ཀྱི་གནས་ཆེན་ཉེར་བཞིའི་ནང་ཚན་མོན་རི་ཟུར་གསུམ་མཁའ་འགྲོ་གཟིག་གདོང་ལྔ་ཞེས་པའི་མཁའ་འགྲོ་གཟིག་གདོང་གི་གནས་དེ་ཡིན། གནས་དེ་རུ་སྔར་མོན་བོན་ཧ་ར་ཅི་པར་ཕེབས་ནས་སྒྲུབ་པ་ཉམས་ལེན་གནང་ནས་བྱིན་གྱིས་བརླབས་པའི་གནས་ཡིན་པ་མ་ཟད། ཕྱིས་སུ་གྲུབ་པའི་ཁྱུ་མཆོག་དཀར་རུ་གྲུབ་དབང་བསྟན་འཛིན་རིན་ཆེན་རིན་པོ་ཆེ་མཆོག་ཡུལ་དེ་རུ་ཕེབས་པ་དང་། གནས་མདུན་དེ་རུ་བྱོན་ནས་རྡོ་ཕ་བང་ཞིག་ལ་ཞབས་སྤུས་བགྲད་དེ་གནས་དེ་ལ་ཞལ་གཟིགས་ནས་གནས་དེ་མ་རྒྱུད་ཀྱི་གནས་ཆེན་ཉེར་བཞིའི་ནང་ཚན་མཁའ་འགྲོ་གཟིག་གདོང་གི་གནས་ཡིན་པར་དགོངས་ནས་མཁའ་འགྲོ་གཟིག་གདོང་གི་གནས་ངོས་འཛིན་གནང་། ཁོང་གི་རྡོ་ཕ་བོང་ལ་ཞབས་སྤུས་བགྲད་དེ་གནས་ལ་གཟིགས་སྐབས་ཀྱི་ཞབས་སྤུས་ཀྱི་རྗེས་ཀྱང་ད་ལྟ་གསལ་པོར་མཇལ་རྒྱུ་འདུག། གནས་མདུན་དེའི་རི་གདོང་དུ་ཕྱིས་སུ་བྱེས་ཀྱི་གདན་ས་སྨན་རིའི་གླིང་གི་དགེ་བཤེས་ཐོག་མ་ཤེལ་ཞིག་དྲང་སྲོང་ཉི་མ་འོད་ཟེར་རིན་པོ་ཆེས་དགོན་པ་རྒྱག་རྒྱུའི་ཐུགས་བསྐྱེད་དང་འཆར་གཞི་བཏིང་། དེ་ནས་ཁོང་གི་དགོངས་པ་ལྟར་དགེ་བཤེས་དབང་རྒྱལ་མཆོག་གིས་དགོན་པ་གསར་བཞེངས་གནང་ནས་འཚོགས་ཁང་གི་ཕྱི་ཡི་ཁང་པ་ཙམ་གྲུབ་སྐབས། དགེ་བཤེས་ཁོང་རྫོང་ཐོག་ནས་ཕ་ཡུལ་ལ་རྐང་ཐང་དུ་ཕེབས་ལམ་ནས་མི་གཞན་གྱིས་ལྐོག་གསོད་བཏང་སྟེ་དགོན་པ་བཞེངས་རྒྱུའི་འཕྲོ་ལྷག་པ་དང་ཡུལ་དགོན་གཉིས་ལ་བསམ་ཡུལ་ལས་འདས་པའི་གྱོང་གུན་ཆེན་པོ་ཐེབས། དེ་ནས་དགེ་བཤེས་ཉི་མ་འོད་ཟེར་རིན་པོ་ཆེས་དགོན་པ་གཟིགས་རྟོག་གནང་བ་དང་། ཁོང་གིས་ཁྲི་བརྟན་ནོར་བུའི་རྩེའི་དགེ་བཤེས་ཚུལ་ཁྲིམས་མཆོག་ལྡན་དགོན་པའི་མཁན་པོ་གནང་དགོས་པའི་བསྐུལ་མ་གནང་བ་ལྟར་ཁོང་དགོན་གྱི་མཁན་པོ་མངའ་གསོལ་ཞུས་ཏེ་ཁོང་གིས་དགོན་པ་བཞེངས་རྒྱུའི་འགན་བཞེས། སྐབས་དེར་དགོན་པ་བཞེངས་པར་ཆ་རྐྱེན་ཤིན་ཏུ་ཞན་སྟབས་དགེ་བཤེས་ཚུལ་ཁྲིམས་མཆོག་ལྡན་ནས་ཁྱུང་པོ་སྟེང་ཆེན་དགོན་གྱི་མཁན་པོ་རྒྱ་མཚོ་ནོར་བུ་རིན་པོ་ཆེ་ལ་དགོན་པ་རྒྱག་ཆེད་དཔལ་འབྱོར་རོགས་རམ་ཞུས་པ་ལྟར་ཁོང་གིས་རོགས་སྐྱོར་རྒྱ་ཆེན་པོ་གནང་བ་དང་། དེ་བཞིན་རྣམ་དཀར་དད་སྦྱིན་རྣམ་པའི་མཐུན་རྐྱེན་སྦྱར་བ་ལ་བརྟེན་ནས་དགོན་པ་བཞེངས་འཕྲོ་སྐྱོང་སྐབས་དགོན་པའི་ཕྱི་ཁོག་དེ་ཡུན་རིང་ལུས་པའི་རྐྱེན་གྱིས་ཞིག་རལ་གྱུར་ཡོད། སླར་བསྐྱར་བཞེངས་ཀྱི་གྲབས་བྱེད་སྐབས་ཡུལ་དེའི་མི་སྡེ་ཡོངས་རྫོགས་སྐྲག་སའི་ལྷ་ཞིག་འབབ་རྒྱུ་ཡོད་པ་དེ་ལྷ་བ་ལ་བབས་ཏེ་དགོན་པ་རྒྱག་མི་ཆོག་པའི་བཀའ་གནང་ནས་དགོན་པ་བཞེངས་མཚམས་འཇོག་དགོས་བྱུང་སྟེ་བསམ་ཡུལ་ལས་འདས་པའི་དཀའ་ངལ་འཕྲད། མཐར་ས་གནས་གཞན་ཞིག་ཏུ་རྒྱག་ཆོག་པའི་བཀའ་ཁྲོལ་ཐོབ་ནས་དགོན་གནས་སྤོས་ཏེ་དགོན་པ་གསར་རྒྱག་གི་ལས་བརྩམས་ཤིང་དགོན་པའི་རྟེན་དང་བརྟེན་པ་བཅས་དཀའ་ངལ་འོ་རྒྱལ་ཚད་ལས་འདས་པ་ཞིག་གི་བརྒྱུད་རིམ་ཁྲོད་ནས་ལེགས་གྲུབ་བྱུང་བ་དང་བསྟུན་འདི་ལོར་སྒོ་འབྱེད་དང་རབ་གནས་ཀྱི་མཛད་སྒོ་འཚོག་རྒྱུ་བྱུང་འདུག། ཕྱི་ལོ་ ༢༠༢༣ ལོའི་ཟླ་ ༡༡ ཚེས་ ༡༨ དང་ ༢༠ བར་མཛད་སྒོ་འཚོགས་སོང་ལ། མཛད་སྒོའི་སྐུ་མགྲོན་གཙོ་བོ་གདན་ས་ཁྲི་བརྟན་ནོར་བུའི་རྩེའི་བཤད་སྒྲུབ་དཔོན་སློབ་དགེ་བཤེས་བློ་གྲོས་གཙུག་ཕུད་མཆོག་གདན་འདྲེན་ཞུས་པ་དང་། དམིགས་བསལ་སྐུ་མགྲོན་དོལ་པོ་རྫོང་གི་རྫོང་དཔོན་ Jana Chandra Buddha གདན་འདྲེན་ཞུས་པ་ལྟར་ཕེབས་འདུག། དེ་བཞིན་གདན་ས་ཁྲི་བརྟན་ནོར་བུ་རྩེའི་སྐུ་ཚབ་གཙོས་པའི་དོལ་པོ་ཁུལ་གྱི་དགོན་པ་ཁག་གི་བླ་མ་དང་སྔགས་པ། གངས་ཅན་ཏི་སེའི་རྒྱལ་སྤྱིའི་སློབ་གྲྭའི་སྐུ་ཚབ་དང་། སྔར་སྲོལ་གསོ་རིག་འབུམ་བཞིའི་སློབ་གྲྭའི་དབུ་འཛིན། དེ་བཞིན་ས་གནས་དེ་གའི་དཔོན་རིགས་བཅས་སྐུ་མགྲོན་དང་ཡུལ་མི་མང་པོ་ཕེབས་འདུག་པ་མ་ཟད་གདན་ས་ཁྲི་བརྟན་ནོར་བུ་རྩེ་ནས་དགེ་བཤེས་མང་པོ་ཆེད་ཕེབས་གནང་འདུག། མཛད་སྒོ་ཉིན་དང་པོ་ཕྱི་ཚེས་ ༡༨ ཉིན་ལ་སྔ་དྲོ་གདན་ས་ཁྲི་བརྟན་ནོར་བུ་རྩེའི་བཤད་སྒྲུབ་དཔོན་སློབ། གཡུང་དྲུང་འགྲོ་འདུལ་གླིང་གི་དབུ་བླ། ཚེ་ལུང་སྲིད་རྒྱལ་དགོན་གྱི་བླ་མ་བཅས་དབུ་བཞུགས་ཐོག་གདན་ས་ཁྲི་བརྟན་ནོར་བུ་རྩེ་ནས་ཕེབས་པའི་དགེ་བཤེས་རྣམ་པ་དང་། དོལ་པོ་ཁུལ་གྱི་སྔགས་པ་བཅས་ཀྱིས་སྣང་སྲིད་ཞི་བའི་སྦྱིན་སྲེག་བཏང་བ་དང་། དེ་མཚམས་དགོན་པ་སྒོ་འབྱེད་བྱས་ཏེ་གཡུང་དྲུང་བོན་གྱི་བསྟན་པའི་དར་ཆེན་མཁའ་ལ་བསྒྲེངས་ནས་བསྟན་པ་རྒྱས་པའི་སྨོན་ལམ་གསུངས་པ་དང་། ཕྱེ་མར་མཁའ་ལ་མཆོད་དེ་ལྷ་རྒྱལ་བཅས་འཐེན་སོང་། ཉིན་རྒྱབ་དབང་ལྡན་དུས་ཀྱི་འཁོར་ལོ་དང་མངའ་དབུལ་བཀྲ་ཤིས་གཏེར་མཛོད་ལྟར་དགོན་པའི་རྟེན་དང་བརྟེན་པ་ལ་མངའ་དབུལ་རབ་གནས་བྱས། མཛད་སྒོ་ཉིན་གཉིས་པ་ཕྱི་ཚེས་ ༡༩ ཉིན་སྔ་དྲོ་ལྷ་སྡེ་མི་མང་ལ་ཡི་དམ་དབལ་ཁྱུང་དམར་པོའི་བཀའ་དབང་བསྐུར་བ་དང་། ཉིན་རྒྱབ་སྨན་རིའི་དགེ་བཤེས་གཡུང་དྲུང་དཀོན་མཆོག་དང་། ཁྲི་བརྟན་ནོར་བུ་རྩེའི་སྒྲུབ་ཐོན་པ་ཡེ་ཤེས་གཡུང་དྲུང་གཉིས་ཀྱིས་ཤ་བའི་གར་འཆམ་དང་། དེ་བཞིན་སྤུས་མོ་ཡུལ་གྱི་དགོན་པའི་སྔགས་པ་དང་། ཚེ་ལུང་སྲིད་རྒྱལ་དགོན་གྱི་སྔགས་པ་བཅས་ནས་གར་འཆམ་སྣ་ཚོགས་གཟིགས་འབུལ་ཞུས་གནང་སོང་། མཛད་སྒོ་ཉིན་གསུམ་པ་ཕྱི་ཚེས་ ༢༠ ཉིན་དམིགས་བསལ་སྐུ་མགྲོན་དོལ་པོ་རྫོང་གི་རྫོང་དཔོན་ Jana Chandra Buddha གཙོས་ཡུལ་དེའི་དཔོན་རིགས་མང་པོ་ཕེབས་སོང་ལ། དེ་བཞིན་ཡུལ་དེའི་ས་ཐག་རིང་ཐུང་མང་པོ་ཞིག་ནས་མི་མང་མང་པོ་མཉམ་ཞུགས་གནང་སོང་། མདོ་འཛིན་པས་མདོ་འཛིན་གནང་བ་ལྟར། ཐོག་མར་གདན་ས་ཁྲི་བརྟན་ནོར་བུའི་རྩེའི་བཤད་སྒྲུབ་དཔོན་སློབ་མཆོག་ནས་སྣང་གསལ་མར་མེ་ཞལ་འབྱེད་གནང་བ་དང་། དོལ་པོའི་རྫོང་དཔོན་གྱིས་འཕྲེད་དར་ཞལ་འབྱེད་གནང་། དེ་རྗེས་གངས་ཅན་ཏི་སེའི་རྒྱལ་སྤྱིའི་སློབ་གྲྭར་ཡོད་པའི་ཡུལ་དེའི་སློབ་ཕྲུག་དང་། སྤུང་མོ། ཚེ་ལུང་། འུ་རི་སྐོར། ཁ་ལིས་བྷོན་བཅས་ཀྱི་བུ་དང་བུ་མོ་ཚོས་གཞས་དང་ཞབས་བྲོ་གཟིགས་འབུལ་ཞུས། དེ་བཞིན་སྐུ་མགྲོན་གཙོ་བོ་དང་། དམིགས་བསལ་སྐུ་མགྲོན། དགོན་གྱི་མཁན་པོ་དགེ་བཤེས་ཚུལ་ཁྲིམས་མཆོག་ལྡན་གཙོས་གལ་ཆེའི་སྐུ་མགྲོན་ཁག་གིས་གསུང་བཤད་གནང་། དམིགས་བསལ་དགོན་པར་ལྷག་བསམ་རྣམ་དག་གི་སྒོ་ནས་ཞབས་ཕྱི་ཞུ་མཁན་དང་མཛད་སྒོའི་ལས་དོན་གཉེར་མཁན་གྱི་གལ་ཆེའི་མི་སྣ་ཁག་ལ་ཐུགས་རྗེའི་ཆེ་ཞུའི་གཟེངས་རྟགས་དང་བཅས་ཉིན་གསུམ་པའི་མཛད་སྒོ་ལེགས་གྲུབ་བྱུང་སོང་། ཕྱི་ཚེས་ ༢༡ སྔ་དྲོ་བླ་གྲྭ་སྔགས་གསུམ་དང་དགོན་གྱི་ལྷ་སྡེ་མི་མང་བཅས་མཉམ་འཛོམས་ཐོག་བཀྲ་ཤིས་གསོལ། དེ་མཚམས་དགོན་དེའི་མཁན་པོ་ཚུལ་ཁྲིམས་མཆོག་ལྡན་ནས་སྤྱིར་དགོན་པའི་ལས་ཀ་དང་། ཁྱད་པར་མཛད་སྒོ་དེ་དང་འབྲེལ་བའི་ཕྱག་ལས་གནང་མཁན་ཚང་མ་ལ་བསྔགས་བརྗོད་དང་བཅས་མགུལ་དར་སྒྲོན་གནང་། དེའི་རྗེས་དགོན་དེའི་མཁན་པོ་ཚུལ་ཁྲིམས་མཆོག་ལྡན་ལགས་སྡེ་དགོན་གཉིས་ཀྱི་དགོན་དུ་སྐུ་ཚེ་ཡུན་རིང་བཞུགས་པ་དང་བསྟན་འགྲོའི་དོན་ཆེན་འགྲུབ་པའི་གསོལ་འདེབས་སུ་དགོན་པའི་ལྷ་སྡེ་དང་སྔགས་གྲྭ་རྣམས་ཀྱིས་མནྜལ་སྐུ་གསུང་ཐུགས་རྟེན་དང་ལྷ་དར་རྟེན་འབྲེལ་ལེགས་མཚོན་བཅས་ཕུལ་ཏེ་མཛད་སྒོ་ཡོངས་རྫོགས་མཇུག་ལེགས་པར་གྲུབ་པ་བཅས་ཀྱི་གནས་བསྡུས་སུ་ཁྱུང་ཁྲི་ལྡེས་ ༢༠༢༣ ༡༡ ༢༤ ཉིན་སྤེལ།། །།

(སྤྱིའི་གཟིགས་གྲངས། 696 དེ་རིང་། 1)

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
  ༧སྐྱབས་ར…
error: རྩོམ་འདི་བདག་དབང་ཅན་ཡིན།