ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

ཚད་མ་རིག་པར་སློབ་སྦྱོང་བྱེད་པའི་དགོས་པ།

 

བཀའ་སློབ་གསུང་པ་པོ། ༧སྐྱབས་རྗེ་དཔོན་སློབ་རིན་པོ་ཆེ་ཚངས་པ་བསྟན་འཛིན།

12095999_768705203257526_1750820613440733553_nཚད་མ་རིག་པ་ནི་གཞན་ལ་དགག་པ་བྱེད་སྤྱད་ཁོ་ནར་རློམས་པ་ནི་ཚད་མར་ཆ་རྒྱུས་མེད་པའི་མིའི་སྐད་ཆ་ཙམ་རེད། ཚད་མའི་རིགས་ལམ་ནི་མིའི་བློ་སྒོ་འབྱེད་བྱེད་དང་། རང་རྒྱུད་མངའ་བའི་མ་རྟོགས་ལོག་རྟོག་གི་སྒྲོ་འདོགས་གཅོད་བྱེད་ཀྱི་མཚོན་ཆ་ཡག་ཤོས་ཤིག་ཡིན་པ་ཚད་མའི་རིགས་ལམ་ལ་སློབ་སྦྱོང་བྱེད་མཁན་རྣམས་ཀྱི་ཉམས་མྱོང་གིས་ཤེས་ཐུབ། རྫོགས་ཆེན་གྱི་དཔེ་ཆའི་ནང་གནས་ལུགས་ངོ་སྤྲོད་ཀྱི་སྐབས་སུ་བློ་རབ་འབྲིང་ཐ་མ་གསུམ་ལ་ངོ་སྤྲོད་ལུགས་མི་འདྲ་བ་གསུམ་བཤད་པའི་བློ་འབྲིང་དང་རབ་གཉིས་ནི་ཚིག་ལ་དེ་ཙམ་ལྟོས་མི་དགོས་ཀྱང་འདི་འདྲའི་བློ་རིགས་ཅན་ཤིན་ཏུ་དཀོན་པོ་ཡིན་པར་གསུངས།

བློ་ཐ་མ་ལ་ཚིག་གི་སྒྲོན་མེས་དོན་གྱི་གསེར་འཚོལ་དགོས་པ་དང་། དེ་ཡང་དང་པོ་ཚིག་ལ་སྒྲོ་འདོགས་གཅོད་དགོས་པ་མ་གཏོགས་ཚིག་ལ་རྨོངས་ན་དོན་རྟོགས་པའི་སྐལ་པ་མེད་སོང་བས་ལོས་ཡིན། ང་ཚོས་ནམ་རྒྱུན་ཉམས་ལེན་གྱི་སྐོར་བཤད་དུས་ཐོས་བསམ་སྒོམ་གསུམ་གྱི་སྐད་ཆ་མང་པོ་གླེང་གི་ཡོད། ཐོས་བསམ་སྒོམ་པ་ཟེར་བ་དེ་གཅིག་ལ་གཅིག་བརྟེན་དང་། རྒྱུ་འབྲས་ཀྱི་འབྲེལ་བ་ཆགས་བསྡད་པ་ཡིན་ཙང་སྒོམ་པའི་ཤེས་རབ་རྒྱུད་ལ་སྐྱེ་བར་ངེས་པར་དུ་ཐོས་བསམ་གྱི་ཤེས་རབ་དགོས་པ་རེད། དེ་ཡང་དང་པོ་ཚིག་ཐོས་པ་དང་དེ་ལ་ཚིག་སྤྱིའི་གོ་བ་ཆགས་ཐབས་ལ་འབད་དགོས་ཤིང་། དེ་ནས་ཚིག་དོན་ལ་བསམ་བློ་གཏོང་ནས་དོན་ལ་གོ་རྟོགས་རྙེད་དགོས། ཚིག་ལ་གོ་བརྡ་མ་འཕྲོད་ན་དོན་ཧ་མི་གོ་ཞིང་། དོན་མ་གོ་ན་བསྒོམ་རྒྱུའི་མ་རྩ་བརླགས་ཚར་བ་རེད། ཚིག་ལ་གདར་ཤ་གཅོད་ཐབས་ལ་ཚད་མའི་རིགས་འགྲོས་འདི་ལས་ལྷག་པ་རྙེད་དུ་མེད་སྟབས་རྩོད་པའི་རྣམ་བཞག་ལ་དགོས་དོན་ཆེན་པོ་ཡོད།

རྩོད་པ་བྱེད་པ་ནི་དེང་དུས་ཀྱི་ཁ་སྐད་ལྟར་བྱས་ན་བསམ་ཚུལ་བརྗེ་རེས་ཀྱི་བགྲོ་གླེང་ཟེར་ན་འགྲིག་ས་རེད། དང་པོ་དགེ་རྒན་གྱི་མདུན་ནས་ཐོས་པ་དང་། དཔེ་ཆའི་ནང་གསལ་བའི་དོན་དག་ཁག་ལ་བརྗོད་དོན་གཅིག་ལས་མེད་ཀྱང་། སློབ་མ་ཚོས་རང་ངོས་ནས་གོ་སྟངས་མི་འདྲ་བ་མང་པོ་ཡོང་གི་ཡོད་པ་རྣམས་ཁོག་པར་སྦས་བསྡད་ན་མ་རྟོགས་པ་དང་། ལོག་པར་རྟོག་པའི་སྒྲོ་འདོགས་ཀྱི་ལམ་དུ་འཕྱན་འགྲོ་བའི་ཉེན་ཁ་ཡོད་ཙང་། ཕན་ཚུན་གཅིག་གིས་གཅིག་ལ་བགྲོ་གླེང་དང་རྩོད་པའི་ལམ་ནས་བསམ་ཚུལ་བརྗེ་རེས་དང་། གོ་རྟོགས་སྤེལ་རེས་བྱས་ན་དོགས་པ་དང་ལོག་རྟོག་རྣམས་སེལ་ཐུབ། དེ་མིན་གོ་ཡོད་མདོག་ངང་བསྡད་ན་ཕྱི་ནས་སྤམ་ཚུགས་འདྲ་ཆགས་པོ་བཟུང་ཡང་དོན་ངོ་མ་ནང་ནས་སྤམ་ཤོར་ཡོད་སྟབས་གནས་ལུགས་དང་ཐག་རིང་དུ་མི་འགྲོ་བའི་ངེས་པ་མེད།

བོན་པོའི་གཞུང་ལུགས་ནང་ལྟ་དུས་ཚད་མའི་སྐོར་མདོ་སྔགས་སེམས་གསུམ་ཀུན་ལ་ཁྱབ་ཡོད་ཀྱང་གཙོ་བོ་ཤུགས་ཆེ་ཤོས་ཡོང་ས་དེ་རྫོགས་ཆེན་གྱི་དཔེ་ཆའི་ནང་ནས་ཐོན་གི་ཡོད་པར་དཔྱད་ན་ཚད་མ་རིག་པ་ནི་རྫོགས་ཆེན་ལ་དཔེ་གལ་ཆེན་པོ་ཡིན་ས་རེད། ལི་ཤུ་དང་། དྲན་པ། ཤ་རི་ཨུ་ཆེན། སྟོང་རྒྱུང་བཅས་ཀྱིས་གསུངས་པའི་རྫོགས་ཆེན་གྱི་བོན་སྡེ་མང་པོ་རྟགས་དང་། ཐལ་འགྱུར་གྱི་རིགས་ལམ་ནང་དུ་ཡོད་སྟབས། ཚད་མའི་རིགས་འགྲོས་མ་ཤེས་ན་ལྗགས་ལུང་གནང་བ་ལྟར་ཀློག་བཞག་ན་མ་གཏོགས་འགྲེལ་ཐབས་དཀའ་ལས་ཁག་པོ་རེད།  དེ་ཡིན་དུས་རྫོགས་ཆེན་གྱི་གནས་ལུགས་གཏན་ལ་འབེབས་པ་ལ་ཚད་མའི་རིགས་འགྲོས་འདི་ལྡེ་མིག་ལྟ་བུ་ཆགས་འདུག ང་ཚོས་སྒོམ་བྱེད་པ་དང་། དཔེ་ཆར་སློབ་སྦྱོང་བྱེད་པ་ཚང་མ་མཐར་གཏུགས་ན་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་འཐོབ་ཆེད་དང་། སྡུག་བསྔལ་གྱི་འབྱུང་རྩ་བདག་འཛིན་མ་རིག་པའི་རྩ་བ་གཅོད་པའི་ཆེད་དུ་དམིགས་པ་ཡིན། དེ་ལ་ཡང་དག་པའི་གནས་ལུགས་ལ་ངོ་འཕྲོད་ཐོག་ནས་མ་བརྟགས་ཉམས་དགའི་སྣང་བ་དང་། ཞེན་འཛིན་གྱི་བསམ་བློ་ངན་པ་རྣམས་ལ་ཁ་གཏད་གཅོག་ནས་དབང་དུ་འདུ་མ་ཐུབ་ན་སྟོང་ཉིད་ལ་ངེས་ཤེས་རྙེད་དཀའ་མོ་ཡིན། ཁ་གཏད་གཅོག་ཚུལ་ཡང་བདག་འཛིན་གྱི་བསམ་ཚུལ་ལྟར་བདེན་པ་ཡིན་མིན་ཡང་དག་རིགས་པའི་ལམ་ནས་ཞིབ་འཇུག་བྱེད་པ་དང་། དོན་གྱི་གནས་ཚུལ་ངོ་མ་ཇི་ལྟར་ཡིན་པ་འཚོལ་དགོས། དེ་འདྲའི་རིགས་པས་དཔྱད་ཐབས་ལ་གཞན་དང་ལྷན་དུ་རྟགས་དང་ཐལ་འགྱུར་གྱི་བགྲོ་གླེང་ལམ་ནས་གནས་ལུགས་འཚོལ་བ་དང་། རང་ཉིད་ཁོ་ནས་རིགས་པའི་ལམ་ནས་དཔྱད་པ་བྱེད་ཐབས་གཉིས་སུ་ཡོད། གཏན་ཚིགས་རིགས་པའི་ཁ་སྐད་ལྟར་བྱས་ན་འདི་གཉིས་ལ་གཞན་དོན་སྐབས་ཀྱི་རྟགས་དང་། རང་དོན་སྐབས་ཀྱི་རྟགས་ཟེར། དཔྱད་སྒོམ་ཟེར་བ་དེ་འདི་ཡིན་ཞིང་། ཀུན་རྫོབ་དང་མ་རིག་པའི་རྫོང་གོག་བཤིག་པ་ལ་ཚུལ་གསུམ་གྱི་རིགས་པ་འདི་ཤིན་ཏུ་སྟོབས་ཆེན་པོ་དང་། རྣོན་པོ་ཡིན་པ་དོན་ལ་ཉམས་མྱོང་ཅན་གྱི་མཁས་པའི་གསུང་ལས་གསལ་ཏེ། སྟོང་ཉིད་པ་ཆེན་པོ་དབྲ་སྲས་འཇའ་ལུས་པས་ལས་དང་པོ་བ་ལ་དཔྱད་སྒོམ་གལ་ཆེན་པོ་ཡིན་པར་གསུངས་དོན་ཡང་བདེན་མེད་དང་། སྟོང་ཉིད་ལ་ངེས་ཤེས་འདྲེན་པ་ལ་འཇོག་སྒོམ་འབའ་ཞིག་བྱས་པ་བས་ཀྱང་དཔྱད་སྒོམ་བྱས་ན་ཐག་ཉེ་བའི་རྒྱུ་མཚན་གྱིས་རེད་བསམ། དེ་ཡང་སྣང་བ་སྟོང་གཟུགས་དང་སྒྱུ་མ་ལྟ་བུ་ཡིན་པའི་རྒྱུ་མཚན་ག་རེ་ཡིན་པ། སྣང་བ་བདེན་མེད་དང་སྟོང་པའི་རང་བཞིན་མ་ཡིན་ན་རིགས་པའི་གནོད་པ་ཇི་ལྟར་འབྱུང་བ་བཅས་གཏན་ཚིགས་ཀྱི་ལམ་ནས་ཞིབ་འཇུག་བྱེད་པར་ཚུལ་གསུམ་གྱི་འགྲོས་ཤེས་དགོས་པ་དང་། དེ་ཤེས་པར་འགལ་འབྲེལ་དང་། སྤྱི་བྱེ་བྲག་གི་རྣམ་བཞག་སོགས་ཀྱི་འགྲོ་སྟངས་མ་ཤེས་ན་རྟགས་ཚུལ་བསྒྲུབ་རྒྱུ་མེད། གང་ལྟར་སྣང་བ་སྟོང་གཟུགས་ཡིན་པའི་རྒྱུ་མཚན་ཡང་དག་པ་ཞིག་མ་མཐོང་ན། དགེ་རྒན་དང་དཔེ་ཆར་ཡིད་ཆེས་བྱས་པ་ཙམ་གྱིས་ས་ཆེན་པོ་ཆོད་མི་ནུས་ཤིང་འགྲེལ་བཤད་གཞན་དག་མཐོང་ཐོས་ཀྱི་དུས་སུ། ངུ་བའི་ཁ་ལ་བལྟས་ན་ངུ་བྲོ་ལ། དགོད་པའི་ཁ་ལ་བལྟས་ན་དགོད་བྲོ་ཟེར་བ་ལྟར་ལོག་རྟོག་དང་། ཐེ་ཚོམ་གྱི་གཡང་སར་མི་ལྷུང་བའི་ངེས་པ་མེད། ཡུལ་གྱི་ཡིན་ཚུལ་མ་ཤེས་ན་སྣང་བ་དབང་དུ་འདུ་མི་ཐུབ་ལ། དེ་མ་ཐུབ་ན་སེམས་ལ་གྲུབ་པ་མི་ཐོབ་པས། དྲན་པ་དང་ལི་ཤུ་སོགས་སྔ་དར་རིག་འཛིན་རྣམ་པས་ཡིན་ལུགས་གཏན་ལ་འབེབས་བྱེད་ལ། རྫོགས་པ་ཆེན་པོའི་ཚད་མའི་རིགས་ལམ་མང་པོ་གསུང་དགོས་བྱུང་བ་ལོས་ཡིན།

དེས་ན་ཚུལ་གསུམ་གྱི་རྐྱ་བར་ནས་བཤར་བའི་རིག་པ་ནི་ལོག་གོལ་འཁྱར་གསུམ་གྱིས་དབེན་པའི་ཚད་མ་ཡང་དག་པ་དང་། ཤེས་བྱའི་གནས་ལུགས་འཇལ་བའི་ཚད་ཤིང་ཡོ་འཁྱོག་མེད་པ་ཡིན་ཙང་།  སྟོང་ཉིད་དང་བདེན་མེད་སྒྲུབ་བྱེད་ཀྱི་གཏན་ཚིགས་རྣམས་ལ་དད་པ་འཇོག་དགོས་ཞེས་བདག་ཅག་གི་འདྲེན་མཆོག་སྨྲ་བའི་དབང་པོའི་ཞལ་གདམས་དེ་ཡང་འདི་འདྲར་དགོངས་ནས་གསུངས་པ་ཡིན།

ཁ་ཤས་ཀྱིས་ཚད་མའི་རིགས་ལམ་ལ་སྦྱངས་ན་སྤྱི་ཚོགས་ལ་ཕན་པ་ཡོད་མ་རེད། མི་མང་ལ་མི་ཤི་རྐྱེན་ཆག་ཡོང་དུས་ཞབས་རིམ་འདོན་པ་མ་གཏོགས་མཚན་ཉིད་རྩོད་ས་མེད་སོགས་ཟེར་ཏེ་མཚན་ཉིད་ནི་ཁ་ཤག་འགྱེད་སྤྱད་ཙམ་ལ་བསམ་བློ་གཏོང་བ་དང་། ལ་ལས་མཚན་ཉིད་ནི་གྲུབ་མཐའ་གཞན་དགག་བཞག་བྱེད་སྤྱད་ཡིན་པས་ཐར་པ་སྒྲུབ་མཁན་ལ་དགོས་པ་མེད་ཟེར་བ་སོགས་ནི་ཉམས་མྱོང་དང་གོ་རྟོགས་ཞན་པའི་མིའི་སྐད་ཆ་ལས་མ་འདས། འདོན་པ་འདོན་དུས་རབ་ཏིང་ངེ་འཛིན་ལས་མ་གཡོས་པའི་ངང་ནས་གསུང་པ་དང་། འབྲིང་ཏིང་འཛིན་གྱིས་རྒྱས་ཐེབས་པ། ཐ་མ་ཚིག་དོན་ལ་གོ་བརྡ་འཕྲོད་ཙམ་བཅས་ལ་ཕན་ཡོན་དང་ནུས་པ་ཆེ་ཆུང་ཡང་དེ་བཞིན་འབྱུང་ཚུལ་ཤེས་ན་ཚད་མའི་རིན་ཐང་ཡང་ཤེས་ཐུབ། དམའ་ས་ནས་རིམ་པར་ཕྱིན་ན་མཐོ་སར་སླེབས་པ་ལྟར་ཐོས་བསམ་གྱི་ལམ་ནས་སྒོམ་བྱུང་ལ་རིམ་པར་འཕར་བ་ནི་ཉམས་ལེན་གྱི་འགྲིག་རིམ་བརླིང་ཤོས་ཡིན་པར་གྲུབ་ཐོབ་རྣམ་པའི་གསུང་རྩོམ་ལས་གསལ་བ་ལྟར། ཐོས་བསམ་སྒོམ་པའི་གོམ་པ་རེ་རེ་བཞིན་མ་སྤོས་པར་རབ་གཅིག་ཆར་བ་ལྟར་མཆོང་ཁུལ་བྱས་ན་འདྲེད་གཅིག་འཛུར་གཉིས་ཀྱིས་ལུང་མ་བསྟན་པའི་གཡང་རོང་དུ་གཤེགས་ཉེན་མཆིས།

དགག་སྒྲུབ་ཁྱད་པར་ཅན་གྱིས་མ་ཟིན་པའི་གོ་བ་ལ། ཡང་དག་པའི་དོན་སྤྱི་འཆར་དཀའ་བར་གསུངས་པའི་རྒྱུ་མཚན་ཡང་། ཚུལ་གསུམ་གྱི་རྐྱ་བར་ནས་བཤར་མ་མྱོང་བའི་རིག་པ་ཕལ་ཆེ་བར་གོ་སྟོབས་ཀྱི་རྣོ་དབལ་དེ་ཙམ་མེད་སྟབས་གཞུང་ལུགས་ཟབ་མོའི་གཏིང་དཀྲུག་མི་ནུས་པས། སྤོམ་ཡོར་གྱི་གོ་བའམ། ཡང་ན་ཡིད་དཔྱོད་ཙམ་དུ་གྱུར་ཡོད་པ་རེད།

ཚད་མའི་རིགས་ལམ་ལ་གོམས་པ་ཡག་པོ་བྱུང་བ་ཡིན་ན་རིག་རྩལ་ནང་ནས་འབར་སྟོབས་ཀྱིས་གཞུང་ལུགས་ཀུན་ལ་འཇུག་བདེ་བ་དང་། རིགས་འགྲེ་དང་གོ་རྟོགས་ཀྱི་ནུས་པ་ཆེ་བ། འཆད་ན་བརྗོད་དོན་སྔ་ཕྱི་འབྲེལ་ཞིང་ལྷུ་འགྲིག་པ་དང་། ཚིག་འགལ་མེད་ཅིང་དོན་ལ་འབེབས་ནུས་པ་སོགས་ཀྱི་ཕན་ནུས་ཡོད་དོ། །

མདོར་ན་ང་ཚོའི་མདོ་སྔགས་སེམས་གསུམ་གྱི་གཞུང་ལུགས་མང་པོ་ཞིག་ཚད་མའི་རིགས་ལམ་ནང་ཚུད་དེ། རིག་པ་རང་ཤར་རམ་རིག་རྩལ་ནང་ནས་འབར་བ་འདྲ་ཡིན་ན་མ་གཏོགས་ཚད་མའི་རིགས་ལམ་མ་ཤེས་ན་གཞུང་ཆེན་དེ་རྣམས་ཀྱི་གདམས་དོན་ཆ་ཚང་མྱོང་མི་ཐུབ་པ་ཆགས་ཡོད་ན་གཞུང་ཆེན་མོའི་གདམས་དོན་ལ་དད་པ་ལྡན་པ་རྣམས་ཀྱིས་ངེས་པར་དུ་ཚད་མ་རིག་པར་སློབ་སྦྱོང་བྱ་རྒྱུ་གལ་ཆེའོ།། །།

༢༠༡༥།༡༢།༢ཉིན།

(སྤྱིའི་གཟིགས་གྲངས། 570 དེ་རིང་། 1)

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
  ༡  མི་ནུ…
error: རྩོམ་འདི་བདག་དབང་ཅན་ཡིན།