ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

འབྲས་ལྗོངས་བོན་དགོན་སོག་གཡུང་དྲུང་གླིང་དབུ་བརྙེས་ནས་ལོ་བཅུ་འཁོར་བའི་མཛད་སྒོའི་གནས་བསྡུས།

གདན་ས་ཆེན་མོ་དཔལ་ལྡན་ཁྲི་བརྟན་ནོར་བུའི་རྩེའི་སྒྲུབ་ཐོན་པ་མཁན་པོ་ཡོན་ཏན་རྒྱ་མཚོ་མཆོག་གིས་རྒྱ་གར་འབྲས་ལྗོངས་སུ་བོན་དགོན་སོག་གཡུང་དྲུང་གླིང་ཕྱག་བཏབ་ནས་ལོ་བཅུ་འཁོར་བའི་དུས་ཆེན་རྒྱས་འཚོགས་གནང་ཡོད།

ཕྱི་ལོ་༢༠༢༣ལོའི་ཟླ་བ་༣པའི་ཚེས་༢༩ཉིན་དུས་ཆེན་གྱི་མཛད་སྒོ་དང་འབྲེལ་གདན་ས་དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེ་ནས་ཆེད་དུ་གདན་འདྲེན་ཞུས་པའི་གྲྭ་བཙུན་རྣམ་པ་དང་སོག་གཡུང་དྲུང་གླིང་དགོན་པའི་བླ་སློབ་བཅས་ནས་སྣང་སྲིད་ཞི་བའི་སྦྱིན་བསྲེག་གི་ཆོ་གའི་སྟ་གོན་ལེགས་པར་གྲུབ་པ་གནང་སྟེ་ཚེས་༣༠ཉིན་སྣང་སྲིད་ཞི་བའི་གཞུང་བསྲང་།

ཚེས་༣༡ཉིན་སོག་གཡུང་དྲུང་གླིང་གི་འདུས་སྤྱི་ནས་གདན་ཞུའི་གསོལ་འདེབས་ཞུས་པ་བཞིན་ཞྭ་དཀར་བསྟན་པའི་གཙུག་རྒྱན་༧སྐྱབས་རྗེ་རྒྱལ་བ་སྨན་རི་བའི་ཁྲི་འཛིན་སོ་བཞི་པ་མཁན་ཆེན་ལུང་རྟོགས་ཟླ་བ་དར་རྒྱས་རིན་པོ་ཆེ་མཆོག་དང་། གདན་ས་དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེའི་སློབ་དཔོན་ཚངས་པ་བསྟན་འཛིན་རིན་པོ་ཆེ་འཁོར་བཅས་སི་ལི་གྷུ་རིས་(Siliguri)ནས་མཇལ་འཛོམས་གནང་ཐོག་ལྷན་དུ་ཆིབས་བསྒྱུར་བསྐྱངས་ཤིང་སོག་གཡུང་དྲུང་གླིང་དགོན་པའི་བླ་གྲྭ་མི་མང་ཡོངས་ནས་སེར་ཕྲེང་དང་བཅས་ཕེབས་བསུ་དང་བླ་མ་མཆོད་པའི་སྒོས་རྟེན་བཞུགས་མཎྜལ་སྐུ་གསུང་ཐུགས་རྟེན་འདེག་འབུལ་བཅས་ཞུས།

ཕྱི་ཟླ་༤པའི་ཚེས་༡ཉིན་སྔ་དྲོ་ཚོགས་གུར་ཆེན་མོའི་ནང་མཛད་སྒོའི་སྐུ་མགྲོན་དང་དེ་བཞིན་སེར་སྐྱ་མི་མང་བཅས་ལྷན་བཞུགས་ཐོག་༧སྐྱབས་རྗེ་རྒྱལ་བ་སྨན་རི་བའི་ཁྲི་འཛིན་རིན་པོ་ཆེ་མཆོག་དང་། སྐྱབས་རྗེ་སློབ་དཔོན་ཚངས་པ་བསྟན་འཛིན་རིན་པོ་ཆེ་རྣམ་པ་གཉིས་དབུ་བཞུགས་གནང་སྟེ་གདན་ས་ཆེན་མོ་དཔལ་གཤེན་བསྟན་སྨན་རིའི་གླིང་དང་། གདན་ས་ཆེན་མོ་དཔལ་ལྡན་ཁྲི་བརྟན་ནོར་བུའི་རྩེ་གཉིས་ནས་ཕེབས་པའི་བླ་གྲྭ་རྣམ་པ་དང་དགོན་འདིའི་བླ་གྲྭ་བཅས་ཀྱིས་སྣང་སྲིད་ཞི་བའི་སྦྱིན་བསྲེག་གསུངས།

ཕྱི་དྲོ་དགོན་པའི་ཉེ་མཁྲིས་སུ་གྲ་སྒྲིག་བྱས་པའི་ཚོགས་གུར་ཆེན་མོའི་ནང་དུ་༧སྐྱབས་རྗེ་རྒྱལ་བ་སྨན་རི་བའི་ཁྲི་འཛིན་མཆོག་ཚོགས་མགོན་དུ་དབུ་བཞུགས་གནང་ཐོག་སྐྱབས་རྗེ་སློབ་དཔོན་ཚངས་པ་བསྟན་འཛིན་རིན་པོ་ཆེ་དང་། གདན་ས་ཁྲི་བརྟན་ནོར་བུའི་རྩེའི་བཤད་སྒྲུབ་མཁན་པོ་དགེ་བཤེས་སྐལ་བཟང་སྨོན་ལམ། དེ་བཞིན་ས་གནས་ཀྱི་དཔོན་རིགས་ཁག་དང་། སྦྱིན་བདག་རྣམ་པ། གཡུང་དྲུང་བོན་གྱི་སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་ལགས་དང་། དགེ་བཤེས་ཨ་ཀྲོང་རིན་ཆེན་རྒྱལ་མཚན་རྣམ་པ་གཉིས། བོན་སྤྱི་ཟུར་པ་བ་ར་ཚེ་དབང་བཀྲ་ཤིས་སོགས་འབྲེལ་ཡོད་སྐུ་མགྲོན་རྣམ་པ་དང་། བལ་ཡུལ་དང་། རྒྱ་གར་འབྲུག་སོགས་ས་གནས་གང་ས་ནས་ཆེད་ཕེབས་གནང་བའི་སེར་སྐྱ་མི་མང་ཡོངས་སུ་འཛོམས་ཏེ་དགོན་པ་དབུ་བརྙེས་ནས་ལོ་བཅུ་འཁོར་བའི་དངོས་གཞིའི་མཛད་སྒོ་དབུ་འཛུག་གནང་།

མཛད་སྒོའི་ཐོག་༧སྐྱབས་རྗེ་རྒྱལ་བ་སྨན་རི་བའི་ཁྲི་འཛིན་མཆོག་ནས་བཀའ་སློབ་བཀའ་དྲིན་བསྩལ་གནང་མཛད་པ་དང་། དེ་བཞིན་མཛད་སྒོའི་སྐུ་མགྲོན་གཙོ་བོ་འབྲས་ལྗོངས་དྲུང་ཆེ་ཟུར་པ་ཡབ་ཚེ་རྒྱལ་བཀྲ་ཤིས་ལགས་ནས་གསུང་བཤད་དང་། མཁན་པོ་ཡོན་ཏན་རྒྱ་མཚོ་མཆོག་ནས་བལ་བོད་སྐད་གཉིས་ཀྱི་ཐོག་རང་གི་དམིགས་ཡུལ་དང་དཀའ་ངལ། ད་བར་ལོ་བཅུའི་ནང་ཕྱི་དགོན་པ་དང་སློབ་གྲྭ། ནང་གྲྭ་བཙུན་དང་སློབ་མ་བཅས་ཀྱི་སློབ་གཉེར་ཐད་གྲུབ་འབྲས་སོགས་ཀྱི་སྐོར་གསུང་བཤད་གནང་ཞིང་སྔ་ཕྱི་གསུང་བཤད་ཀྱི་བར་སྐབས་རྣམས་སུ་མཛད་རིམ་བཀོད་བསྒྲིག་ལྟར་ཡེ་ཤེས་དབལ་མོའི་གར་འཆམ་དང་། དེ་བཞིན་གངས་ཅན་ཏི་སེའི་རྒྱལ་སྤྱིའི་སློབ་གྲྭའི་སློབ་ཕྲུག་དང་། དགོན་གྱི་ས་ཏྲིག་ཨེར་སངས་སློབ་གླིང་གི་སློབ་ཕྲུག གཡང་སྒང་སློབ་འབྲིང་གི་སློབ་ཕྲུག་བཅས་ནས་ཞབས་བྲོ་འཁྲབ་སྟོན་དང་། དགོན་པའི་ལོ་དེབ་«དུས་ཀྱི་སྒྲོན་མེ»དབུ་འབྱེད་སོགས་ཉིན་དེའི་མཛད་སྒོ་ཁག་ལེགས་པར་གྲུབ།

ཕྱི་ཚེས་༢ཉིན་གྱི་ཉིན་གུང་༧སྐྱབས་རྗེ་རྒྱལ་བ་སྨན་རི་བའི་ཁྲི་འཛིན་མཆོག་ནས་སེར་སྐྱ་མི་མང་ཡོངས་ལ་ཚེ་སྒྲུབ་ཀྱི་བཀའ་དབང་ཟབ་མོ་བསྩལ་གནང་མཛད་པ་དང་།

ཕྱི་དྲོར་ཚོགས་གུར་ཆེན་མོར་དམིགས་བསལ་སྐུ་མགྲོན་རྣམ་པ་དང་། སེར་སྐྱ་མི་མང་ཡོངས་སུ་འཛོམས་ཐོག་མཛད་རིམ་ལྟར་མཁན་པོ་ཡོན་ཏན་རྒྱ་མཚོ་མཆོག་དང་། དགོན་པའི་སྦྱིན་བདག་ཧེ་ཌི་མུ་ལོར་(Heidy Muller)ལགས། བོད་གཞུང་ཆོས་རིག་དྲུང་ཆེ་འཆི་མེད་ཚེ་གཡང་། འབྲས་ལྗོངས་གྲོས་ཚོགས་ཀྱི་MLA Madamལགས་དང་། མཛད་སྒོའི་སྐུ་མགྲོན་གཙོ་བོ་གཞུང་གི་ཤིང་ནགས་བློན་ཆེན་ཀརྨ་བློ་གྲོས་མཆོག་བཅས་ནས་གསུང་བཤད་དང་དེ་དག་གི་བར་མཚམས་རྣམས་སུ་གཤེན་གྱི་གར་འཆམ་གཟིགས་འབུལ་དང་། གོང་གསལ་སློབ་གྲྭ་ཁག་གི་སློབ་མ་རྣམ་པ། དེ་བཞིན་ཆེད་ཕེབས་གནང་བའི་གཞས་པ་རྣམས་ནས་གཞས་སྣ་དང་ཞབས་བྲོ་སོགས་ཅི་དགར་གཟིགས་འབུལ་ཞུས་པ་མ་ཟད། གོང་ས་མཆོག་དང་། སྐྱབས་རྗེ་ཡོངས་འཛིན་རིན་པོ་ཆེ་རྣམ་པ་གཉིས་སྐུ་ཚེ་ཞབས་བརྟན་ཆེད་དུ་གཡང་ལུག་གཉིས་དམིགས་བསལ་ཚེ་ཐར་སྲོག་བསླུ་གནང་བ་སོགས་ཉིན་དེའི་མཛད་རིམ་ཁག་གྲུབ།

ཕྱི་ཚེས་༣ཉིན་གྱི་ཉིན་རྒྱབ་ཕྱག་ཚོད་ ༡ ༣༠ ནས་མཛད་སྒོ་སྔོན་དངོས་རྣམས་གྲུབ་པའི་གཏང་རག་ཚུལ་དུ་གངས་ཅན་ཏི་སེའི་རྒྱལ་སྤྱིའི་སློབ་གྲྭའི་སློབ་མ་དང་། དགོན་གྱི་ས་ཏྲིག་ཨེར་སངས་སློབ་གླིང་གི་སློབ་མ། གཡང་སྒང་སློབ་འབྲིང་གི་སློབ་མ། དམིགས་བསལ་བལ་ཡུལ་ནས་ཆེད་ཕེབས་གནང་བའི་གཞས་པ་སོགས་ཤོད་དར་རྒྱས་ལགས་དང་། རག་ཕྲུག་ཚེ་རིང་བཀྲ་ཤིས་བཅས་ནས་གཞས་སྣ་དང་། ཞབས་བྲོ་འཁྲབ་སྟོན་སོགས་དགའ་སྟོན་ཕུན་སུམ་ཚོགས་པར་གནང་མཐར་མཛད་སྒོའི་ཚོགས་མི་ལྷན་རྒྱས་ནས་རེ་ཞུས་བཞིན་མཁན་པོ་ཡོན་ཏན་རྒྱ་མཚོ་ལགས་ཀྱིས་ལོ་བཅུའི་རིང་གི་ཉམས་མྱོང་སྐོར་དང་འབྲེལ་བའི་བཀའ་སློབ་ཟབ་རྒྱས་གནང་། དེ་ལྟར་ཉིན་དེར་སོག་གཡུང་དྲུང་གླིང་བོན་པོ་དགོན་པ་ཕྱག་བཏབ་ནས་ལོ་བཅུ་འཁོར་བའི་མཛད་སྒོ་དེ་ཉིད་ཁ་དགེ་བཀྲ་ཤིས་ཀྱིས་རྒྱལ་ཁའི་ངང་མཇུག་གྲུབ་སོང་།

མཛད་སྒོའི་གནས་ཚུལ་མདོར་བསྡུས་ཙམ་དུ་གུས་སྐྱ་ཀ་ཁྲ་བོས་ཕྱི་ལོ་ ༢༠༢༣ ༤ ༣ ཉིན།། །།

 

(སྤྱིའི་གཟིགས་གྲངས། 1,140 དེ་རིང་། 1)

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
འཆར་ཅན་བཞི…
error: རྩོམ་འདི་བདག་དབང་ཅན་ཡིན།