འོལ་མོ་ལུང་རིང་ལ་དཔྱད་པ་ཤེལ་དཀར་མེ་ལོང་།
དམུ་ར་ཝེར་ལ་པ་ཏ་ཡ། སྟོན་པ་གཤེན་རབ་མི་བོ་ཆེ་སྐུ་འཁྲུངས་སའི་ཡུལ་འོལ་མོ་ལུང་རིང་ཞེས་པ་འདི་ཉིད་ལ་དུས་རབས་ཉི་ཤུ་པའི་དུས་མཇུག་ཙམ་ནས་ངོས་འཛིན་མི་འདྲ་བ་ཞིག་བྱུང་བ་ལས། དེའི་ཡར་སྔོན་དུ་སྔ་ཕྱིའི་བོན་གྱི་མཁས་གྲུབ་རྣམས་ནས་ངོས་འཛིན་ཕལ་ཆེར་གཅིག་གྱུར་ཡིན་པར་སྣང་། དུས་རབས་ཉི་ཤུ་པའི་སྨད་ཙམ་ནས་བོད་ཀྱི་མཁས་པ་ནམ་མཁའི་ནོར་བུ་མཆོག་ནས་ཕྱི་གླིང་ཁུལ་དུ་བོད་ཀྱི་ལོ་རྒྱུས་འཆད་ཁྲིད་བོན་དང་འབྲེལ་བའི་སྒོ་ནས་གནང་། བོན་དང་འབྲེལ་བའི་ལོ་རྒྱུས་གླེང་བ་ལ་ཞང་ཞུང་དང་གཤེན་རབ་སོགས་རྒྱུ་མ་ཕུ་འདེད་ཀྱི་ཚུལ་དུ་གླེང་དགོས། དེས་ན་གཤེན་རབ་གྱི་འཁྲུང་ཡུལ་སོགས་ཀྱི་སྐོར་གླེངས་པ་རེད། འོན་ཀྱང་དེའི་སྐབས་ཁོང་ལ་བོན་གྱི་དཔེ་རྒྱུན་གྱི་ཆ་རྐྱེན་ཞན་པའམ། ཡང་ན་བོན་དཔེར་རྒྱུས་མངའ་ཆུང་བས་དོན་གྱི་གོ་བ་མ་རྙེད་པ། གཞན་དུ་ན་དངོས་གཙོ་བ་ལ་འཆད་ཁྲིད་ཀྱི་གནས་སྐབས་དགོས་མཁོ་སོགས་རྒྱུ་རྐྱེན་གང་ཞིག་བྱུང་མིན་གང་ལྟར་ནའང་། ཁོང་གིས་འོལ་གླིང་དེ་བོད་ཀྱི་གངས་ཏི་སེའི་སྐོར་དུ་ངོས་འཛིན་གནང་བ་ནས་བཟུང་། བོད་ཀྱི་གསར་བུ་རྣམས་ནས་ཁོང་གི་རྔ་མ་འོག་ཏུ་མཆུ་བཅུག་ནས་མིག་བཙུམ་སྟེ་འགྲོ་རྒྱུ་ཙམ་ལས། འདི་དང་འབྲེལ་བའི་བོན་དཔེ་དག་ལ་ལྟ་ཀློག་དང་དཔྱད་བསྡུར་ཞིབ་མོར་བགྱི་མཁན་ཧ་ལམ་མ་བྱུང་བའི་ཚོད་ཙམ་ལགས།
ཁོ་བོ་ལ་མཚོན་ན་དེ་སྔར་རང་གཞུང་གི་ལོ་རྒྱུས་དང་རྣམ་ཐར་སོགས་ལ་རྒྱུས་མངའ་ཆེ་ཙམ་མེད་མོད། ཅུང་ཟད་ཐར་ཐོར་རེ་མཐོང་ཐོས་བྱུང་བའི་བོན་དཔེ་དག་ལས་འོལ་གླིང་སྟོད་ཀྱི་མངའ་རིས་སུ་ངོས་བཟུང་མཁན་གཅིག་ཀྱང་བྱུང་མི་འདུག་པས་ན། གནད་དོན་ཅི་ཞིག་གིས་ལན་པ་ཡིན་ནམ་སྙམ་བཞིན་དཔེ་གཞུང་དང་རྣམ་ཐར་སོགས་ལ་གོ་བསྡུར་དང་ཞིབ་འཇུག་གི་བགྱི་བ་ཅུང་ཟད་བྱས། བར་བར་དུ་དེང་གི་ས་གཤིས་དང་། ཡུལ་ཁམས་ཀྱི་ཆགས་ལུགས། ཆུ་བོའི་འབབ་ཡུལ། དཔག་ཚད་རྩི་སྟངས་སོགས་འདི་དང་འབྲེལ་བའི་རིགས་ལ་དོ་སྣང་གང་ཐུབ་ཐུབ་བྱས་ཏེ་བསགས་པའི་དཔྱད་འབྲས་ཀྱི་ཚུལ་དུ་གསལ་བཤད་མདོར་བསྡུས་ཤིག་འབྲི་བར་འཇུག་གོ། དེ་ཡང་འཛམ་གླིང་གི་ཆོས་ལུགས་སུ་ཞིག་གི་སྟོན་པའི་ལོ་རྒྱུས་གླེང་བར་འདོད་ན་གཙོ་བོ་ཆོས་ལུགས་དེ་ཉིད་ཀྱི་ལོ་རྒྱུས་རྣམ་ཐར་དཔེ་གཞུང་དེ་དག་ལ་གཞི་བཅོལ་ནས་བཤད་དགོས་པ་སྨོས་མེད་ལ། སྟོན་པ་གཤེན་རབ་མི་བོ་ཆེའི་སྐོར་ནས་གླེང་བ་ལ་ཁོང་གི་རྣམ་ཐར་རྒྱས་འབྲིང་བསྡུས་གསུམ་གྱིས་གཙོར་བྱས་པའི་དཔེ་རྒྱུད་རྣམས་ཀྱིས་གཞུང་བསྲང་། དེ་འབྲེལ་ཕྱིས་བྱུང་གི་མཁས་གྲུབ་རྣམས་ཀྱི་དཔྱད་རྩོམ་ཁག་གིས་ཟུར་བརྒྱན། དེ་དག་གི་ལུང་དོན་རྣམས་གོང་འོག་འགལ་མེད་དུ་བསྡེབས་ནས་རང་གི་རིག་པས་མཐའ་རྟེན་ནས་བཤད་དགོས་པ་གལ་ཆེན་དུ་ཡིན་གཤིས། ངོས་ནས་ཀྱང་འབད་པ་འདི་གསུམ་གྱི་ངང་ནས་གླེང་བར་སྤྲོའོ། །དེ་ཡང་འོལ་གླིང་གང་དུ་ཡོད་པར་བསྟན་པའི་རང་གཞུང་གི་ལུང་གང་ཞིག་ལ་གཞི་བཅོལ་ནས་གླེང་སྟེ་རྩ་བའི་གཞུང་ཤིང་དུ་འདྲེན་པ་ལ། སྟོན་པའི་མཛད་མདོ་རྒྱས་འབྲིང་བསྡུས་གསུམ་གཙོ་བོར་བཞག་སྟེ་གླེང་བར་བྱ་བ་ཡིན་ཞིང་དེའི་ནང་ནས་ཀྱང་མཛད་མདོ་བསྡུས་པ་མདོ་འདུས་གཙོ་བོར་འདྲེན་པ་ཡིན། རྒྱུ་མཚན་ནི་མཛད་མདོ་རྒྱས་འབྲིང་བསྡུས་གསུམ་ནང་ནས་ཀྱང་མཛད་མདོ་བསྡུས་པ་ནི་ཞལ་ནས་གསུངས་པའི་བཀའ་ཡིན་པ་མ་ཟད། དེ་ཡང་ཁོང་གིས་རང་རྣམ་གྱི་ཚུལ་དུ་འཁོར་ལ་གསུངས་པ་ཡིན་ལ་ལུང་འདི་ཉིད་ནི་རྩ་བའི་རྨིང་རྡོ་ལྟ་བུ་ཡིན།
འོལ་མོ་ལུང་རིང་ལའང་འདུས་མ་བྱས་པའི་འོལ་མོ་ལུང་རིང་ངམ། ས་ཐོབ་ཀྱི་འཕགས་པ་ཁོ་ནའི་སྣང་ངོར་རུ་གྱུར་བའི་འོལ་མོ་ལུང་རིང་དང་། སྐལ་ལྡན་གྱི་སེམས་ཅན་ཐུན་མོང་གི་སྣང་ངོ་རུ་གྱུར་པའི་འདུས་བྱས་ཀྱི་འོལ་མོ་ལུང་རིང་ངམ་སྤྲུལ་སྐུའི་ཞིང་མཆོག་གཉིས་ཡོད་ཅིང་། ད་ལན་འདིར་གཙོ་བོར་གླེང་བར་བྱ་བ་ནི་སྐལ་ལྡན་གྱི་སེམས་ཅན་གྱི་སྣང་ངོར་གྱུར་པའི་སྤྲུལ་སྐུ་སྟོན་པ་གཤེན་རབ་མི་བོ་ཀུན་ལས་རྣམ་པར་རྒྱལ་བ་དེ་ཉིད་འགྲོ་བ་རང་མཐུན་གྱི་ཚུལ་དུ་འཁྲུངས་སའི་ཞིང་མཆོག་དེ་ཉིད་ཡིན། དེ་ཡང་སྤྲུལ་སྐུའི་ཞིང་ཁམས་དེ་ཉིད་མ་གླེང་བའི་སྔོན་དུ་རྫོགས་སྐུའི་ཞིང་ཁམས་སུ་གྱུར་བའི་འོལ་གླིང་སྐོར་ཅུང་ཟད་གླེང་བར་བྱ། གླེང་གཞི་བསྟན་པའི་བྱུང་ཁུངས་ལས།p370 མདོ་འདུས་དང་གཟེར་མིག་ནས། མེ་བདུན་ཆུ་གཅིག་དུས་ན་ནམ་མཁའ་ལ་འཕགས་ནས་མི་འཇིག་བརྟན་པར་གསུངས་པ་ནི། གདོས་བཅས་འཇིག་ཅིང་འོག་མིན་གྱི་གནས་ན་འོད་སྣང་གི་ཚུལ་དུ། ས་བཅུ་འཕགས་པའི་གནས་གཅིག་འདི་དང་ཆ་མཐུན་དུ་གནས་པ་ལ་བཏགས་པ་སྟེ། མདོ་འདུས་ལས། འོག་མིན་ས་བཅུ་འོལ་མོ་གླིང་ཆེན་དང་། རིག་པ་མདའ་བསྣུན་ལས། འོག་མིན་དག་པའི་འོལ་མོ་ལུང་རིང་དང་། འདུས་མ་བྱས་པའི་འོལ་མོ་ལུང་རིང་དང་། འདུས་བྱས་འོལ་མོ་ལུང་རིང་དང་། ཞེས་གསུངས་པའི་ཕྱིར་རོ།། ཞེས་གསུངས། དེ་དང་མཐུན་པར། བསྒྲག་གླིང་ལས། p127 དེ་ལ་འཛམ་བུ་གླིང་འདིར། ངོ་མཚར་བསྒྲགས་སུ་རུང་བ་ནི། འཛམ་བུ་གླིང་གི་དབུས་དཀྱིལ་ཐད་ཀྱི་ནམ་མཁའ་ལ་གངས་ཏི་སེ་ཡོད། དེའི་ཤར་ན་མཚོ་མ་ཕམ་ཡོད། དེ་གཉིས་ནམ་མཁའ་ལ་ཡོད། དེ་ཡང་གངས་ཏི་སེའི་རྩ་བ། ཨར་མོ་ལི་ཀའི་རྡོ་དང་མཉམ། རྩེ་མོ་བསམ་གཏན་བཞི་པའི་ཐད་ན་འདུག དེ་ལྟར་གྱི་གངས་ཏི་སེ་དང་མཚོ་དེ། བསྐལ་པ་འཇིག་དུས་ཀྱང་ཟོ་བ་གཡང་ལ་བཏགས་པ་ལྟར་གནས་ཏེ། མེ་ཆུ་རླུང་གསུམ་གྱིས་མི་ཤིག་བརྟན་པའི་གཡུང་དྲུང་ངོ་།། དེའི་འོག་གི་ཐད་དྲང་སོ་ན། གངས་ཡ་ཕག་ཤ་ར་བྱ་བ་ཡིན་ཏེ། མི་རྣམས་ཀྱིས་ཏི་སེ་གངས་ཡིན་ཟེར་བ་དང་། མཚོ་མ་དྲོས་བྱ་བ་ཡིན་ཏེ། མ་ཕམ་མཚོ་ཟེར་བ་དེ་གཉིས་ཡིན་ནོ།། ཞེས་པས་བསྟན་ཏེ། སོ་སྐྱེའི་མཐོང་ངོ་རུ་མ་གྱུར་བའི་འོལ་མོ་ལུང་རིང་ལ་ཏི་སེ་དང་མ་ཕམ་གྱི་རྣམ་ཅན་ཞིག་ནམ་མཁའ་ལ་ཡོད་པ་དང་། དེའི་འོག་ཏུ་ང་ཚོས་མཐོང་བཞིན་པའི་གངས་ཏི་སེ་དང་། མ་ཕམ་སོགས་ཡོད་པ་གསལ་བར་གསུངས་པ་ཡིན་ནོ།། འོ་ན་འཕགས་པའི་སྣང་ངོར་གྱི་འོལ་གླིང་དེ་མངའ་རིས་ཀྱི་གངས་ཏི་སེའི་ནམ་མཁའ་ལ་ཡོད་དགོས་པ་ཅིའི་ཕྱིར་ཞེ་ན། དུས་དེར་ནང་པ་གཤེན་རབ་པའི་བསྟན་པའི་ཆ་ལ་གནས་པའི་ཞང་བོད་ཀྱི་འགྲོ་བ་ལ་འདི་ལྟར་སྨྲས་པ་ཡིན་གྱི། དོན་ལ་འཕགས་པའི་སྣང་ངོར་རུ་གྱུར་པའི་ཞིང་ཁམས་ནི་གང་དུ་ཡང་ཡོད་ཆོག་གོ།
དེས་ན་དུས་བཞི་ཆ་སྙོམས་པ་དང་། འཇིག་འབྲལ་མི་མངའ་བ་སོགས་ཀྱི་ཆ་རྐྱེན་ལྡན་ཞིང་། འོལ་མོ་ལུང་རིང་གནས་སུ་སྐྱེ་བར་ཤོག ཅེས་སྨོན་ལམ་འདེབས་ཡུལ་གྱི་གནས་ནི་འདི་ཉིད་ཡིན་ནོ།། འོ་ན་སྤྲུལ་སྐུའི་ཞིང་མཆོག་དམ་པ་འོལ་མོ་ལུང་རིང་སྟེ་རྒྱལ་བོན་ཐོད་དཀར་གྱི་སྲས་པོ་སྟོན་པ་གཤེན་རབ་མི་བོ་ཆེ་དེ་ཉིད་འཁྲུངས་སའི་འོལ་གླིང་དེར་སྐྱེ་བར་ཤོག་ཟེར་ནས་སྨོན་ལམ་འདེབས་ཡུལ་ཡིན་ནམ་མིན་ཞེས་འདྲི་ན། སྟོན་པ་བཞུགས་པའམ་བསྟན་པ་གནས་པའི་དུས་ཡིན་ན་སྨོན་ལམ་འདེབས་ཡུལ་དུ་ལོས་ཡིན་མོད་ཀྱི། གལ་སྲིད་གནས་དེར་སངས་རྒྱས་ཀྱི་བསྟན་པ་རྫོགས་ཟིན་ན་གནས་དེར་སྐྱེ་བ་ལ་དགོས་པ་གང་ཡང་མེད་པ་ཡིན། འདི་ཡན་གྱིས་འདུས་མ་བྱས་པའི་འོལ་གླིང་རོབ་ཙམ་ཞུས་ཟིན་ནོ།།
འོལ་མོ་ལུང་རིང་དེ་ཕྱོགས་གང་དུ་ཡོད་པར་ངོས་བཟུང་བ།
དེ་ཡང་མདོ་འདུས་ལས། p105 འོལ་མོ་ལུང་རིང་གི་ཞིང་བཀོད་བསྟན་པའི་སྐབས། “གཤེན་ཡུལ་འོལ་མོ་ལུང་རིང་ནི། དཔག་ཚད་ལྔ་བརྒྱ་ཆུ་ཞིང་མཉམ། གླིང་བཞི་རི་རབ་ཚུལ་དུ་གྲུབ། ལྷོ་འཛམ་བུ་གླིང་གི་ནུབ་བྱང་ན། མུ་ཁྱུད་འཛིན་གྱི་ལྷོ་ཡི་ཕྱོགས། འཛམ་བུ་སྨྲིག་ཤད་ཤིང་གི་རྩར། རི་བོ་གངས་ཅན་ཏི་ཙེའི་དྲུང་། མཚོའ་ནི་མ་པང་གཡུ་མཚོའི་འགྲམ། ཆུ་བོ་ཆེན་པོ་བཞི་འདུས་འགྷོ། སྤོས་རི་ངད་ལྡན་དང་ཉེ་བའི་ས། རི་ནག་པོ་དགུ་འདས་ཀྱི་ར་བ་སྟེ། ཆུ་བོ་བག་ཤུ་དང་སི་འདུས་བཅད་པ་སྟེ། དུས་གསུམ་སྟོན་པ་འབྱུང་བའི་གནས། ངོ་མཚར་རྨད་དུ་བྱུང་བའི་ས། ས་ནི་པད་མ་འདབ་བརྒྱད་བཀྲ། བཀྲ་ཤིས་མེ་ཏོག་ཨུ་དུ་འབར་ར་སྐྱེས། རི་ནི་གཡུང་དྲུང་དགུ་བརྩེགས་རི། གནམ་ནི་འཁོར་ལོ་རྩིབས་བརྒྱད་འདྲ། ཉི་མ་དྲོ་ཞིང་ཟླ་བ་གསལ། ནམ་མཁའ་གཡུ་ཡི་ལྡིང་ཁང་སྒོ་འབྱེད་བྱེད། གླིང་བཞི་གླིང་ཕྲན་ལྕགས་རིར་བཅས། དཔག་ཚད་སྟོང་དང་ལྔ་བརྒྱས་བསྐོར། དབུས་ནི་གཡུང་དྲུང་དགུ་བརྩེགས་རི། རིན་ཆེན་སྣ་བཞི་ལས་གྲུབ་པ། ཆུ་ཞེང་དཔག་ཚད་ལྔ་བཅུ་ཡོད།” ཅེས་དང་། མཛད་མདོ་འབྲིང་པོ་གཟེར་མིག་ལས། P843།“འཇིག་རྟེན་གྱི་ཁམས་ལྷོ་འཛམ་བུ་གླིང་གི་ནུབ་ཕྱོགས། ཆུ་བོ་ཆེན་པོ་བཞི་འབབ་པའི་འགོ། གངས་དབལ་སོ་མདུང་རྩེའི་ར་བ། རི་གཡུང་དྲུང་དགུ་བརྩེགས་ཀྱི་རྩར། །བྲག་སེང་གེའི་རྒྱབ་བསྣོལ་གྱི་བར། ཤིང་འཇའ་ཚོན་འོད་འབར་གྱི་གསེབ། རྩྭ་མེ་ཏོག་སྣ་ཚོགས་ཀྱི་ཚལ། གསོས་བདུད་རྩི་སྨན་གྱི་ནགས། གནམ་འཁོར་ལོ་རྩིབས་བརྒྱད་ཀྱི་འོག ས་པད་མ་འདབ་བརྒྱད་གྱི་སྟེང༌། གནས་རིན་པོ་ཆེ་འབར་བའི་མཁར་བར་པོ་སོ་བརྒྱད་ན། སྟོན་པ་གཤེན་རབ་མི་བོ་བཞུགས་པས་གསན་ཏེ།” ཞེས་དང་། མཛད་མདོ་རྒྱས་པ་དྲི་མེད་གཟི་བརྗིད་ལས། p319 “གླིང་བཞིའི་ནང་ནས་ཀྱང་། ལྷོ་འཛམ་བུ་གླིང་ཞེས་བྱ་བའི་མིག སོག་ཁ་གཡུ་ལས་གྲུབ་པའི་བརྡལ་པ། སོག་མཚོ་ལྷུན་པོར་གཏད་པའི་དབུས་སུ། གནས་མཆོག་དམ་པ་འོལ་མོ་གླིང་ཆེན་ཞེས་བྱ་བ། དབལ་སོ་གངས་ཀྱི་ར་བའི་ནང་དུ་ཆགས་ཏེ།” ཞེས་དང་། མི་ནུབ་མཚན་མདོ་ཀ་ལས། p3 “ལྷོ་འཛམ་བུ་གླིང་གི་སོག་ཀ རི་བོ་གངས་ཅན་ཏི་སེ་ཡི་བྱང་ནུབ། གཡུང་དྲུང་གསལ་བ་འོད་ཀྱི་གནས། ཏ་ཟིག་ནོར་གྱི་རྒྱལ་པོའི་བང་མཛོད། སྟག་གཟིག་ཁྲོམ་པའི་གླིང་ཆེན། བྱང་ཤམ་བྷ་ལའི་གནས་མཆོག དབལ་སྭོ་གངས་ཀྱི་ར་བའི་ནང་དུ། དུས་གསུམ་སངས་རྒྱས་ཐམས་ཅད་འཁྲུངས་པའི་ཡུལ། གནས་མཆོག་དམ་པ་འོལ་མོ་གླིང་ཆེན་ཞེས་བྱ་བ་ལ།” ཞེས་དང་། གསོ་རིག་ཐུགས་འབུམ་མཁའ་སྔོན་ལས།p1 “མི་མཇེད་པའི་འཇིག་རྟེན་གྱི་ཁམས་ལྷོ་འཛམ་བུ་གླིང་གི་མིག གནས་མཆོག་དམ་པ་འོལ་མོ་གླིང་ཆེན་ཞེས་བྱ་བ། དབལ་སོ་གངས་ཀྱི་ར་བའི་ནང་དུ་ཆགས་སྟེ། དེ་ཡང་མཚོ་མུ་ཁྱུད་བདལ་བའི་འཁོར་མོ་འཁོར་ཁྱུད་ཀྱི་གླིང་ན། ཡང་ལ་ཁོད་སྙོམས་ཤིང་བདལ་བ། ངོ་མཚར་གྱི་ལྟས་མོ་ཕུན་གསུམ་དུ་འཚོགས་པ། རི་བོ་དང་རི་བྲན་དང་། རྒྱ་མཚོ་དང་ནེའུ་ཐང་དང་། ཆུ་བོ་དང་ཆུ་བྲན་དང་། ལུ་མ་དང་ལྡིང་ཀ་དང་། དཔག་བསམ་དང་ནགས་ཚལ་དང་། མེ་ཏོག་དང་། སྨན་དང་། གྲོང་དང་གྲོང་ཁྱེར་དང་གྲོང་བརྡལ་དང་། རི་དྭགས་དང་། གཅན་གཟན་དང་། འདབས་ཆགས་དང་། ཆུ་གནས་དང་། གཡུང་དྭགས་དང་། མི་ནོར་དང་། ཡུལ་མཁར་དང་། ལོངས་སྤྱོད་ཕུན་གསུམ་འཚོགས་པ་རུ་མངའོ།། ཞེས་དང་། རྩ་རྒྱུད་ཉི་ཟེར་སྒྲོན་མ་ལས། p44 “འཛམ་བུ་གླིང་གི་ནུབ་ཕྱོགས་ན། རི་མུ་ཁྱུད་འཛིན་གྱི་ལྷོ་ཕྱོགས་ན།འཛམ་བུ་ཊིཥ་ཤིང་གི་རྩ། རི་བོ་གངས་ཅན་ཏི་ཙེའི་དྲུང་། མཚོ་ནི་མ་པང་གཡུ་མཚོའི་འགྲམ། ཆུ་བོ་བཞི་འདུས་ཀྱི་འགོ། སྤོས་རི་ངད་ལྡན་དང་ཉེ་བའི་སར། རི་ནག་པོ་དགུ་འདུས་ཀྱི་ར་བ། ཆུ་བོ་པག་ཥུ་དྭངས་བསིལ་འདུས་པས་བར་བཅད་པ། གནམ་ནི་འཁོར་ལོ་རྩིབས་བརྒྱད་པ། ས་ནི་པད་མ་འདབ་བརྒྱད་བཀྲ། གཡུང་དྲུང་དགུ་བརྩེགས་རི་བོ་མཆོག་རབ་ཚུལ། རིན་ཆེན་བཞི་ལས་གྲུབ་སྟེ་དཔག་ཚད་ལྔ་བཅུ་ཡོད། དེའི་ཕྱི་རིམ་ཚལ་ཆེན་པོ་བཞི་ཡོད་དེ” ཞེས་དང་། ནམ་མཁའ་འཕྲུལ་མཛོད་གཤེན་རབ་མཛད་པ་མཐར་ཕྱུང་གི་གཟེར་བུ་ལས།p54 ནུབ་ཕྱོགས་འཇིག་རྟེན་གྱི་ཁམས། ཆུ་བོ་བཞི་འདུས་ཀྱི་མགོ་བོ། གངས་བཟང་པོ་མདུང་རྩེའི་ར་བ། རི་གཡུང་དྲུང་དགུ་བརྩེགས་ཀྱི་རྩ་བ། བྲག་སེང་གེ་རྒྱབ་བསྣོལ་གྱི་བར། སོགས་ནས། ཡུལ་འོལ་མོ་ལུང་རིང་། མཁར་བར་པོ་སོ་བརྒྱད། ཅེས་སོ། །ལུང་འདི་དག་གཙོ་བོར་བྱས་པའི་མདོ་རྒྱུད་མཐའ་དག་ལས་འོལ་མོ་ལུང་རིང་དེ་འཛམ་བུ་གླིང་གི་ནུབ་བྱང་ངམ་ནུབ་ཕྱོགས་སུ་ཡོད་པར་གསལ་བར་བསྟན་ཡོད། འདིར་ལུང་གོང་མས་ནུབ་བྱང་དང་། འོག་མས་ནུབ་ཕྱོགས་སུ་བསྟན་པ་ལ་སྐྱོན་མེད་དེ། ནུབ་སྨད་དང་ནུབ་བྱང་གཉིས་གཞི་གཅིག་ཏུ་འབབ་ཅིང་། ལྷག་པར་ཏུ་འདིར་དཔག་ཚད་སྟོང་ཕྲག་མང་པོའི་ཕ་རོལ་གྱི་ཡུལ་ལ་གཞིག་པས་ན་དེ་ཙམ་གྱི་གནོད་པ་གང་ཡང་མེད། འདིར་གང་དུའང་མི་འཆུག་པའི་གནད་ཀྱི་གཟེར་ཆེན་ནི། “འཛམ་བུ་གླིང་གི་ནུབ་བྱང་ན།” ཞེས་པའི་ཚིག་རྐང་གཅིག་འདི་ཡིན། འོལ་གླིང་ས་ཕྱོགས་གང་དུ་ཡོད་མེད་བསྟན་པའི་གཞུང་རྩ་བ་ནི་གོང་དུ་དྲངས་པ་འདི་རང་དུ་ངེས་ཤིང་། ཕྱིས་བྱུང་འོལ་གླིང་དང་འབྲེལ་བའི་བཀའ་རྟེན་མང་ཆེ་བས་ལུང་ཁུངས་འདི་རང་དྲངས་ཡོད། འདི་ཡན་ནི་འོལ་མོ་ལུང་རིང་དེ་ཉིད་འཛམ་བུ་གླིང་གི་ཕྱོགས་གང་དུ་ཡོད་པར་བསྟན་པའི་ལུང་ཁུངས་མ་རྣམས་ཡིན་ནོ།།
སྤྱིར་འཛམ་བུ་གླིང་ངོས་བཟུང་བ་དང་། སྒོས་སུ་འཛམ་གླིང་གི་དབུས་དང་། དེ་ལ་གནས་པའི་ཡུལ་ཁམས་སོགས་ངོས་འཛིན་པ་ལ།
ད་ནི་འོལ་མོ་ལུང་རིང་དེ་ཉིད་འཛམ་བུ་གླིང་གི་ནུབ་བྱང་དུ་ཡོད་ངེས་པ་ལུང་གིས་བསྟན་དོན་ངོས་ཟིན་པའི་རྗེས་སུ། འཛམ་བུ་གླིང་དེ་གང་དུ་ཡོད་པ་ངོས་ཟིན་དགོས་ཏེ། འཛམ་བུ་གླིང་ངོས་མ་ཟིན་པར་འཛམ་བུ་གླིང་གི་ནུབ་བྱང་ངོས་ཟིན་པ་ཞིག་མི་སྲིད་པའི་ཕྱིར་རོ།། དེས་ན་འཛམ་བུ་གླིང་ངོས་བཟུང་བའི་རྒྱབ་རྟེན་གྱི་བཀའ་ལུང་མི་ཤིག་གཡུང་དྲུང་གི་བྲག་ཆེན་ལྟ་བུ་ནི་མདོ་འདུས་ཀྱི་ཕྱི་སྣོད་བསྟན་པའི་སྐབས་སུ། སྤྱིར་ན་ཕྱི་སྣོད་ཆགས་ལུགས་དང་། སྒོས་སུ་ཚངས་རྒྱུང་གཅིག་གི་བཀོད་པ་བསྟན་པ་མ་ཟད། གླིང་གཞན་གསུམ་མདོར་བསྡུས་སུ་བསྟན་ཅིང་། ཡང་སྒོས་སུ་འཛམ་གླིང་དབུས་ཀྱི་བཀོད་པ་གངས་རི་མཚོ་གསུམ་འབབ་པའི་ཆུ་བཞི་དང་བཅས་པ་གསལ་བར་བསྟན་པའི་མོད་ལ། འཛམ་བུ་གླིང་ཁྱོན་ཡོངས་ཀྱི་ཡུལ་སྡེ་གང་དང་གང་ཡིན་པ། དེ་དག་གི་གནས་ཡུལ་སོགས་གསལ་བར་བསྟན་ཡོད། དེ་ཡང་རྩ་རྒྱུད་ཉི་སྒྲོན་དང་བསྒྲག་གླིང་སོགས་དང་དེ་འབྲེལ་དཔེ་རྒྱུད་འགའ་ལས་ཀྱང་གསལ་པོར་བསྟན་པ་ནི་འདི་ལྟར་སྟེ། མདོ་འདུས་ལས། p8 “དེ་ཡང་ཁྱད་པར་འཛམ་གླིང་དབུས། རི་འོ་གངས་ཅན་ཏི་ཙེ་ནི། གཡུང་དྲུང་དགུ་བརྩེགས་རི་ཞེས་བྱ། ཆུ་ཞེང་དཔག་ཚད་ལྔ་བརྒྱའོ། (“ལྔ་བརྒྱ་”ཟེར་བ་མ་དག་པ་གསལ་བཤད་གཤམ་དུ་བྱ་) རི་ནི་སྤོས་རི་ངད་ལྡན་དང་། བར་ན་མཚོ་ནི་མ་ཏྲོས་པ། ཆུ་ཞེང་དཔག་ཚད་ལྔ་བཅུ་པ། ཕྱོགས་བཞིར་ཆུ་བཞི་འབབ་པ་ནི། ཀང་གྷ་ཤར་ཕྱོགས་གླང་ཆེན་ཁ་ནས་འབབ། སི་འདུ་ལྷོ་ཕྱོགས་ཁྱུ་མཆོག་ཁ་ནས་འབབ། པག་ཤུ་ནུབ་ཕྱོགས་རྟ་ཡི་ཁ་ནས་འབབ། སི་ཏཱ་བྱང་ཕྱོགས་རྨ་བྱའི་ཁ་ནས་འབབ། (ཆུ་བོ་འདི་དག་གི་འབབ་ཕྱོགས་ལ་དཔེ་གཞན་དང་བསྡུར་དགོས) ཆུ་ཀླུང་རབ་མཆོག་བཞི་པོ་དེ་དག་ནི། རེ་རེ་ལ་ཡང་ཆུ་གཡོག་ལྔ་བརྒྱ་དང་བཅས་པར། ཆུ་ཡི་རྒྱུན་རྣམས་ཕྱོགས་བཞི་རྒྱ་མཚོར་འགྲོ། རྫིང་བུ་དལ་གྱི་འབབ་(པ)དང་། ཤིང་ནི་ས་ལ་རབ་བརྟན་བྱ་བ་ཡོད། དེའི་ནུབ་བྱང་གཤེན་ཡུལ་འོལ་མོ་གླིང་། དཔག་ཚད་སྟོང་ཕྲག་བཞི་གནས་ཡོད། ཆུ་བོ་པཀྵུ་སི་འདུས་རབ་བཅད་དེ། རི་ནག་པོ་དགུས་བཅད་པའོ།།” ཞེས་དང་། (ཁོ་བོར་ལག་སོན་བྱུང་བའི་དཔེ་རྣམས་སུ་འདིའི་གཡུང་དྲུང་དགུ་བརྩེགས་ཏེ་གངས་ཏི་སེ་ལ་ཆུ་ཞེང་དཔག་ཚད་ལྔ་བརྒྱ་ཡོད་ཟེར་བ་འདུག་ཀྱང་ནོར་བ་ཡིན་ངེས་ཏེ། ལུང་དང་དོན་དངོས་གཉིས་ལ་མི་མཐུན་པ་ཡིན། འདི་ལྟར་ན་ལུང་དོན་དང་མི་མཐུན་པ་ཡིན་ཏེ། མདོ་འདུས་ཀྱི་ལུང་དེའི་འཕྲོ་ན། མ་དྲོས་མཚོ་ལ་དཔག་ཚད་ལྔ་བཅུ་ཡོད་པར་བསྟན་པ་དང་། དེ་དང་ཡོངས་སུ་མཐུན་པ་བསྒྲག་གླིང་ནའང་མ་དྲོས་མཚོ་ལ་ཆུ་ཞེང་ལྔ་བཅུ་ཡོད་པར་གསུངས་ཏེ། “མཚོ་དེའི་ཆུ་ཞེང་ལ་དཔག་ཚད་ལྔ་བཅུ། མཐའ་སྐོར་ལ་ཉིས་བརྒྱ་ཡོད།”ཅེས་གསུངས། དེས་ན་མ་པང་མཚོ་ལ་ཆུ་ཞེང་དཔག་ཚད་ལྔ་བཅུ་ལས་མེད་པར་གངས་ཏི་སེ་ལ་དཔག་ཚད་ལྔ་བརྒྱ་མི་སྲིད་པའི་ཕྱིར་ཏེ། དེང་ཚན་རིག་པས་ཡུལ་དངོས་སུ་འཇལ་དུས། མ་པང་གི་སྐོར་ལམ་ལ་སྤྱི་ལེ་༨༨་ཡོད་པར་བཤད་ལ། གངས་ཏི་སེའི་སྐོར་ལམ་ལ་སྤྱི་ལེ་༥༢་ལྷག་ཡོད་པར་བཤད་པས་གངས་ཏི་སེ་ནི་མ་པང་ལས་ཆུང་བ་ཡིན། དེས་ན་ཏི་སེ་འདི་མ་པང་ལས་རྡབ་བཅུ་སྐོར་ཆེ་བ་བཤད་ན་དོན་དངོས་དང་རྦད་དེ་འགལ་བའི་སྐད་ཆ་ཡིན་པས་དཔེ་རྙིང་གཞན་དང་བསྡུར་བ་གལ་ཆེ།)མདོ་འདུས་དང་མཐུན་པ་རྩ་རྒྱུད་ཉི་ཟེར་སྒྲོན་མ་ལས།p43 “ཁྱད་པར་ལྷོ་འཛམ་བུ་གླིང་གི་གནས་ལུགས་ནི། འཛམ་གླིང་སོག་ཁར་འདུག་པའི། སོག་མཚོ་རི་བདུན་རྩར་གཏད། སོག་འགུལ་ལྕགས་རི་མ་སླེབ་ཙམ། སོག་སྒང་གངས་ཅན་བོད་ཀྱི་ཡུལ། འཛམ་བུ་གླིང་གི་ལྟེ་བ་ནི། རི་བོ་གངས་ཅན་ཏི་ཙེ་ཡིན། ཆུ་ཞེང་དཔག་ཚད་བཅོ་བརྒྱད་དོ། རི་ནི་སྤོས་རི་ངད་ལྡན་ཡོད། དེའི་བར་ན་མཚོ་ནི་མ་དྲོས་དང་། རྫིང་བུ་དལ་གྱིས་འབབ་པ་ཡོད། སྨན་མཆོག་ཨ་པར་ལྗོན་པ་དང་། ཤིང་ནི་ས་ལ་རབ་བརྟན་ཡོད། དེའི་བྱང་ནུབ་གཤེན་ཡུལ་འོལ་མོ་ལུང་རིང་གླིང་།” ཞེས་དང་།
གཞན་ཡང་གོང་གི་ལུང་གཉིས་དང་མཐུན་པར་འདུར་རྒྱུད་ཕྱར་བ་ཐང་ཆེན་ལས་འཛམ་གླིང་ལྟེ་བ་ངོས་བཟུང་ཚུལ་ནི། འདུར་རྒྱུད་ཕྱར་བ་ཐང་ཆེན་ལས། p117 “ལྷོ་ཡི་འཛམ་བུ་གླིང་ཆེན་ནི། དུས་གསུམ་སངས་རྒྱས་འབྱོན་པ་ཡི། མི་སྨྲ་རྒྱལ་གསུམ་འཚོགས་པའི་གནས། མཐོ་རིས་ངན་སོང་འདྲིམ་པའི་སྒོ། དགེ་སྡིག་ཤན་ཐང་འབྱེད་པའི་སྲང་། ཤི་འདུར་བརླག་བཙལ་སྲོལ་བའི་ཡུལ། བཟང་ངན་འབྲིང་གསུམ་ཀུན་འཛོམས་པའི། གླིང་མཆོག་འདི་ཡི་ཡུལ་བསྐོས་ནི། དབུས་སུ་གཡུང་དྲུང་དགུ་བརྩེགས་རི། གངས་དཀར་ཏི་ཙེ་ཞེས་ཀྱང་བྱ། རྩ་བར་མ་པང་གཡུ་མཚོ་འཁྱིལ། མཚོ་འགྲམ་སྤོས་རི་ངད་ལྡན་ལ། ཁྱུང་གི་གཡུང་དྲུང་ཁྱིམ་བུ་བདུན། བྲག་ནི་གསེར་གྱི་བྱ་སྐྱིབས་ཅན། ཤིང་ནི་སལེ་ལྗོན་པའི་ཚལ། གངས་ནི་མཆོད་རྟེན་བཀོད་ལེགས་འདྲ། མཚོ་ནི་མ་འདལ་བཤམས་པ་འདྲ། དེ་འདྲའི་བཀོད་པ་ཁྱད་པར་ཅན། སྟོན་པ་འདོད་པ་དགུ་འགྱུར་གྱིས། ཐེག་པ་རིམ་དགུ་བཤད་པ་སྟེ། འཛམ་བུ་གླིང་གི་ས་དབུས་སོ།།” ཅེས་སོ། །
ལུང་འདི་དག་གིས་འཛམ་བུ་གླིང་གི་དཀྱིལ་ལམ་དབུས་ཀྱི་བཀོད་པ་བོད་ཡུལ་གྱི་གངས་ཏི་སེ་དང་། མཚོ་མ་པང་སོགས་གསལ་བར་བསྟན་ཡོད། བོད་ཡུལ་གྱི་གངས་རི་མཚོ་གཉིས་ལ་ཏི་སེ་དང་མ་པང་གི་ཐ་སྙད་དེ་དུས་ནམ་ཞིག་བྱུང་ཞེ་ན། ཕལ་ཆེར་གཤེན་རབ་མི་བོ་ཆེ་བོད་དུ་ཕེབས་སྐབས་འོལ་གླིང་གི་རི་མཚོ་གཉིས་ཀྱི་མཚན་དེ་རྟེན་འབྲེལ་གྱི་ཚུལ་དུ་འདི་གཉིས་ལ་གསོལ་བ་འདྲ་ལ། དེའི་གོང་དུ་འཛམ་གླིང་དབུས་ཀྱི་རི་མཚོ་འདི་གཉིས་ལ་གངས་གཉན་ཡ་བག་ཤ་ར་དང་། (ཡ་ཕག་ཟེར་བའང་འདུག) མལ་དྲོས་གཟི་ཆེན་མཚོ་མོ་ཞེས་འབོད་པར་སྣང་སྟེ། སྨྲ་དབང་ཡོངས་འཛིན་མཆོག་གིས་བོད་ཡུལ་གནས་ཀྱི་ལམ་ཡིག་ནང་དུ་ཏི་སེའི་དཀར་ཆགས་ཚང་དབྱངས་ཡིད་འཕྲོག་གི་ལུང་དྲངས་པ། “སངས་རྒྱས་བསྟན་པའི་གཙོ་བོ་དེས། གངས་དཀར་ཏི་སེའིི་ལྷོ་ནུབ་ཏུ། གཤེན་གླུ་ཐེངས་གསུམ་མགུར་དུ་བླངས། ནམ་མཁའི་ལྷ་བོན་སུམ་བརྒྱ་དེ། གཤེན་རབ་སྤྱན་སྔར་ཆར་བཞིན་བབ། གླུ་གར་རོལ་མོའི་བྲོ་གླུ་འཁྲབ། མི་འགྱུར་བཀའ་རྟགས་རྡོ་ལ་བཞག དེ་དུས་གངས་གཉན་ཡ་བག་ཤ་ར་ལ། གངས་དཀར་ཏི་སེ་བྱ་བར་བཏགས། མ་དྲོས་གཟི་ཆེན་མཚོ་མོ་ལ། མ་པང་གཡུ་མཚོ་བྱ་བར་བཏགས།” ཅེས་དང་། བསྒྲགས་པ་གླིང་གྲགས་ལས། p92 “དེ་ཡང་ད་ལྟ་མི་ཀུན་གྱིས་མཐོང་བའི་ཏི་སེ་དང་མ་པང་ཞེས་པ། ཏི་ཙེ་འཛམ་བུ་གླིང་གི་དབུས་ཡིན་པར་ངེས་ཏེ་གངས་དེ་ཡ་བག་ཤ་ར་དང་། མཚོ་དེ་མལ་དྲོས་ཞེས་བྱའོ།།” ཞེས་གསུངས་པས་སོ། །སྨྲ་དབང་ཡོངས་འཛིན་ཆེན་མོའི་བསྟན་འབྱུང་ཉུང་བསྡུས་ལས།p193གཉིས་པ་ནི་འཛམ་གླིང་གི་དབུས་ལྟེ་གངས་ཏི་སེ་དང་མཚོ་མ་ཕམ་སྟེ་རི་མཚོ་འདི་གཉིས་ཡིན་ཞིང་། ཞེས་གསུངས།
གོང་དུ་དྲངས་མ་ཐག་པའི་ལུང་འདི་དག་མཁས་བླུན་མང་པོ་ཞིག་གིས་འོལ་གླིང་གནས་ཡུལ་བསྟན་བྱེད་ཡིན་ཤག་ཤག་གིས་འོལ་གླིང་བསྟན་པའི་རྒྱབ་རྟེན་དྲུད་ནས་མགོ་བོ་གདུགས་ལྟར་ཀྱི་ལི་ལི་འཁོར་ཏེ་འགྲོ་བཞིན་འདུག་མོད། དེ་དག་ནི་འཛམ་བུ་གླིང་གི་དབུས་དང་། འཛམ་བུ་གླིང་གི་ནུབ་བྱང་དབྱེ་མ་ཤེས་པར་ཟད་དོ།། འདི་དག་གི་རིགས་ལ་གནད་ཀྱིས་གདམས་དགོས་པ་ནི། མདོ་འདུས་ཀྱི“དེ་ཡང་ཁྱད་པར་འཛམ་གླིང་དབུས།” ཅེས་པའི་ཚིག་རྐང་འདི་དང་། རྩ་རྒྱུད་ཉི་སྒྲོན་གྱི་“འཛམ་བུ་གླིང་གི་ལྟེ་བ་ནི།” སོགས་དང་། འདུར་རྒྱུད་ཕྱར་བ་ཐང་ཆེན་ལས། “འཛམ་བུ་གླིང་གི་ས་དབུས་སོ།།”ཞེས་དང་། དེ་བཞིན་གོང་དུ་དྲངས་མ་ཐག་པའི་བསྒྲག་གླིང་གི་ལུང་དང་། རྗེ་སྨྲ་དབང་ཆེན་མོའི་གསུང་སོགས་ལུང་དེ་དག་གིས་མདོ་འདུས་སུ་འཛམ་གླིང་གི་དབུས་བསྟན་པའི་ལུང་དང་གོ་བ་ལེན་སྟངས་ཆུ་ལ་ཆུ་བཞག་ཏུ་བསྟན་པ་ཡིན། འདུར་རྒྱུད་ཕྱར་བ་ཐང་ཆེན་གྱི་ལུང་འདི་ཉིད་འོལ་གླིང་བསྟན་བྱེད་དུ་འཁྲུལ་བའི་མཁས་བླུན་རྣམས་ལ་གནད་ཀྱིས་གདམས་པ་ནི། ལུང་འདིའི་ཚིག་རྐང་མཐའ་མ་”འཛམ་བུ་གླིང་གི་ས་དབུས་སོ།།” ཞེས་པས། ལུང་འདི་ཉིད་ཀྱིས་འཛམ་བུ་གླིང་གི་དབུས་སམ་ས་ཚིགས་ཀྱི་ཡུལ་དབུས་ངོས་འཛིན་བྱེད་ཡིན་པ་གསལ་པོ་ཡིན་ལ། དེས་མ་ཚད་འདི་རུ་ཡོད་པའི”བྲག་ནི་གསེར་བྲག་བྱ་སྐྱིབས་ཅན།” ཅེས་པའི་གསེར་བྲག་བྱ་སྐྱིབས་ཅན་ནི་བོད་ཡུལ་དུ་ཡོད་དེ། བསྒྲགས་གླིང་ལས། p126 བོད་ན་བྲག་བྱ་སྐྱིབས་ཅན་ཡོད་པས་ཉི་ཟླ་ལྟ་བུའི་བསམ་གཏན་སྐྱེ། ཞེས་གསུངས་པས་ཤེས་སོ།།
དེ་ཡང་མདོ་འདུས་ལས་”ཤིང་ནི་ས་ལ་རབ་བརྟན་བྱ་བ་ཡོད” ཅེས་པའི་བར་གྱིས་འཛམ་གླིང་གི་དབུས་བསྟན་ཟིན་ཅིང་། དེ་ནས་བསྟན་མ་ཐག་པའི་འཛམ་གླིང་གི་དབུས་དེར་འཛུབ་མོ་འཛུག་ནས། “དེའི་ནུབ་བྱང་གཤེན་ཡུལ་འོལ་མོ་གླིང་། དཔག་ཚད་སྟོང་ཕྲག་བཞི་གནས་ཡོད། ཆུ་བོ་པཀྵུ་སི་འདུས་རབ་བཅད་དེ། རི་ནག་པོ་དགུས་བཅད་པའོ།།” ཅེས་པའི་མདོ་འདུས་ཀྱི་ལུང་དེས་འོལ་མོ་ལུང་རིང་ནི་འཛམ་གླིང་གི་དཀྱིལ་དེར་མེད་པར་དེའི་ནུབ་བྱང་ཕྱོགས་སུ། དཔག་ཚད་བཞི་སྟོང་གི་མཚམས་སུ་ཡོད་པར་བསྟན་པ་མ་ཚད། དེའི་བར་ན་ཆུ་བོ་ཆེན་པོ་གཉིས་དང་རི་ནག་པོ་དགུ་སོགས་ཀྱིས་བཅད་ཡོད་པ་གསལ་པོར་གསུངས་ཡོད་པ་དང་། དེ་དང་མཐུན་པར། རྩ་རྒྱུད་ཉི་སྒྲོན་ལས། “དེའི་བྱང་ནུབ་གཤེན་ཡུལ་འོལ་མོ་ལུང་རིང་གླིང་།” ཞེས་གསུངས། འདིའི་ཐད་ཀྱི་ལུང་དེ་དག་ལ་ལེགས་པར་སོམས་དང་གོ་བ་རྣལ་མ་དེ་རྒྱུད་ལ་འབྱོར་ངེས་ཡིན། འདིའི་ཆུ་བོ་གཉིས་དང་རི་ནག་པོ་དགུ་ནི་རོབ་ཙམ་གཤམ་དུ་འཆད་པར་བྱ། “དཔག་ཚད་སྟོང་ཕྲག་བཞི་གནས་ཡོད།” ཅེས་པས། འགའ་ཞིག་གིས་ལུང་འདིས་འོལ་གླིང་གི་རྒྱ་ཁྱོན་བསྟན་པ་ཡིན་སྲིད་བསམ་མོད་ཀྱི། མ་ཡིན་ཏེ། གོང་དུ་དྲངས་པའི་མདོ་འདུས་ཀྱི་འོལ་གླིང་ཞིང་བཀོད་ལས། p105 “དཔག་ཚད་སྟོང་དང་ལྔ་བརྒྱས་བསྐོར།” ཞེས་པས་འོལ་གླིང་ལ་དཔག་ཚད་ཆིག་སྟོང་ལྔ་བརྒྱ་ཡོད་པ་གསལ་པོར་བསྟན་པའི་ཕྱིར། ལར་འོལ་གླིང་ལ་ཕྱི་གླིང་དང་། བར་གླིང་། ནང་གླིང་སོགས་ཀྱི་དབྱེ་མཚམས་ཀྱིས་རྒྱ་ཁྱོན་ལ་ཁྱད་པར་ཡོད་མོད་ཀྱི། ལུང་ཁུངས་ཀྱི་དཔེ་རྒྱུད་དེ་རང་སྟེ་མདོ་འདུས་ཁོ་རང་ལས་འོལ་གླིང་གི་རྒྱ་ཁྱོན་ལ་དཔག་ཚད་ཆིག་སྟོང་ལྔ་བརྒྱ་ཡོད་ཅེས་བསྟན་པ་དང་། ཡང་རྒྱ་ཁྱོན་དཔག་ཚད་བཞི་སྟོང་ཡོད་གསུང་མི་སྲིད་པའི་ཕྱིར་རོ།། དེས་ན་”དཔག་ཚད་སྟོང་ཕྲག་བཞི་གནས་ཡོད།” ཅེས་པའི་ལུང་འདིས་ཡུལ་དབུས་ཀྱི་གངས་ཏི་སེ་ནས་འོལ་གླིང་བར་གྱི་བར་ཐག་བསྟན་པ་གསལ་པོ་ཡིན།
འདིའི་དཔག་ཚད་རྩི་སྟངས་ནི་ནམ་རྒྱུན་མཛོད་ལུགས་སུ་བརྩི་ན་མི་འོས་ཏེ། མཛོད་ལུགས་སུ་བརྩི་བའི་དབང་དུ་བཏང་ན་མ་མཐར་ཡང་སྤྱི་ལེ་ཉིས་ཁྲི་ལྔ་སྟོང་དྲུག་བརྒྱ་ཙམ་དུ་འགྲོ་ཞིང་། དེས་ན་ས་ཡི་གོ་ལར་སྐོར་བ་ཕོག་ལྷག་ལས་བརྒལ་འགྲོ་བ་ཡིན་ནོ།། ད་འོ་ན་འདིའི་ལུགས་ཀྱིས་དཔག་ཚད་བརྩི་སྟངས་ཇི་ལྟར་ཡིན་ཞེ་ན། དམུ་གཤེན་དྲན་པ་ནམ་མཁས་མཛད་པའི་བསྒྲག་པ་གླིང་གྲགས་ལས། མ་པང་མཚོ་ལ་ཆུ་ཞེང་དཔག་ཚད་ལྔ་བཅུ་དང་། མཐའ་སྐོར་དུ་དཔག་ཚད་ཉིས་བརྒྱ་ཡོད་པ་གསལ་བར་གསུངས་པ་དང་། དེ་དང་མཐུན་པར་མདོ་འདུས་རང་ལས་ཀྱང་གསུངས་པར་གཟུ་རྒྱག་སྟེ་འཇལ་ན་དོན་མཐུན་དུ་འགྲོ་བའོ།།
གཞན་ཡང་འཇལ་ཚུལ་འདི་དོན་དང་མཐུན་པ་ཡིན་པའི་རྒྱུ་མཚན་ཇི་ལྟར་ཡིན་ཞེ་ན། “ བསྒྲག་གླིང་p91་ལས། “མཚོ་དེའི་ཆུ་ཞེང་ལ་དཔག་ཚད་ལྔ་བཅུ། མཐའ་སྐོར་ལ་ཉིས་བརྒྱ་ཡོད།” ཅེས་གསུངས། དེ་དང་མཐུན་པར་མདོ་འདུས་ལས། p8 “བར་ན་མཚོ་ནི་མ་ཏྲོས་པ། ཆུ་ཞེང་དཔག་ཚད་ལྔ་བཅུ་པ། “ ཅེས་དྲན་པའི་འཇལ་ཚུལ་གྱི་དཔག་ཚད་དེ་མདོ་འདུས་ཀྱི་དགོངས་པ་ཡོངས་སུ་མཐུན་པ་ཡིན་ནོ།། དེས་ན་འདི་ལ་(མདོ་ལུགས་ཀྱི་དཔག་ཚད་)ཅེས་སྨྲ་ནའང་མི་འགྲིག་པ་མེད་པའི་ཚོད་ཙམ་ལགས། རྩ་རྒྱུད་ཉི་སྒྲོན་p44 “སོག་སྒང་གངས་ཅན་བོད་ཀྱི་ཡུལ། འཛམ་བུ་གླིང་གི་ལྟེ་བ་ནི། རི་བོ་གངས་ཅན་ཏི་ཙེ་ཡིན། ཆུ་ཞིང་དཔག་ཚད་བཅོ་བརྒྱད་དོ།” ཅེས་གསུངས་པས། གངས་ཏི་སེའི་སྟེང་གི་ཐད་ཀའི་གཡས་ངོས་ནས་གཡོན་དུ་འཇལ་ཚེ་དེང་གི་སྤྱི་ལེ་༨་ལྷག་ཙམ་ཡོད་ལ། ལུགས་འདིའི་དབང་དུ་བྱས་ན་དཔག་ཚད་ཉི་ཤུ་ལྷག་ཙམ་འབྱུང་བས་ན་ཧེ་བག་ཆེན་པོ་མི་འབྱུང་བ་ཡིན་ཞིང་རྩ་རྒྱུད་ཉི་སྒྲོན་ལུགས་ཀྱི་དཔག་ཚད་དེའང་འདི་དང་ཆེས་ཉེ་བར་ཡོད། གཞན་ཡང་དྲན་པས་མ་པང་མཚོ་ལ་མཐའ་སྐོར་དཔག་ཚད་ཉིས་བརྒྱ་ཡོད་པར་གསུངས་པའི་ལུང་གོང་དུ་དྲང་མ་ཐག་པ་ལྟར་ལ། དེང་གི་ཚན་རྩལ་གྱི་ཚད་འཇལ་དབང་དུ་བྱས་ན་མ་པང་མཚོ་ལ་མཐའ་སྐོར་སྤྱི་ལེ་བརྒྱད་ཅུ་དང་ཚེག་བརྒྱད་80.8Kmཙམ་ཡོད། ༢༠༠་ཐམ་པ་དེ་༨༠་༨་ལ་བགོས་ཐོབ་༢་༤༧༥་ཡོང་བ་ཡིན། མདོར་ན་སྤྱི་ལེ་གཅིག་ལ་འདིའི་ལུགས་ཀྱི་དཔག་ཚད་༢་༤༧༥ཐོབ་པ་ཡིན། དེས་ན་འདི་ནས་ནུབ་བྱང་དུ་དཔག་ཚད་བཞི་སྟོང་གི་ས་ནི། དེང་རྩིས་སྤྱི་ལེ་ཆིག་སྟོང་དྲུག་བརྒྱ་བཅུ་དྲུག་1616 Kmཙམ་འཐོབ་པའོ།། གཞན་ཡང་མདོ་རྒྱུད་དག་ན་འོལ་གླིང་ལ་འཛམ་བུ་གླིང་གི་མིག་ཟེར་ནས་འབོད་པ་ལས་འཛམ་བུ་གླིང་གི་དཀྱིལ་ཟེར་ནས་གསུངས་པ་དེ་འདྲ་ཕལ་ཆེར་མེད་པ་དང་། བོད་ཡུལ་གྱི་གངས་ཏི་སེའི་སྐོར་ལ་འཛམ་གླིང་གི་དབུས་ཟེར་ནས་འབོད་པ་ལས། འཛམ་གླིང་གི་མིག་ཟེར་ནས་སྨྲས་པ་དེ་འདྲ་མེད་པ་འདི་ལ་བསམ་ནའང་གནད་ཆེན་པོ་ཞིག་གོ་བ་ཡིན།
སྤྱིར་འཛམ་བུ་གླིང་ལ་ཡུལ་ཇི་ཙམ་ཚུད་ཡོད་མེད་སྐོར།
འཛམ་བུ་གླིང་འདིའི་སྤྱིའི་རྒྱ་ཁྱོན་དང་ཡུལ་ཁམས་སོགས་ལ་དུས་སྔ་ཕྱིའི་དབང་གིས་ཅུང་ཟད་རེ་མི་མཐུན་པ་ཡོད་ནའང་། རྩ་བའི་ཆ་ནས་བཞེད་སྲོལ་གཅིག་མཚུངས་དུ་གྱུར་ཡོད། མདོ་འདུས་ལས། p8ནུབ་ཕྱོགས་དམུ་ཡི་ཡུལ། ཤར་ཕྱོགས་རྒྱ་ཡི་ཡུལ། ལྷོ་ཕྱོགས་མོན་གྱི་ཡུལ། ཤར་ལྷོ་འཇང་གི་ཡུལ། བྱང་ཕྱོགས་ལི་བལ་ཕྲོམ། བྱང་ཤར་ཧོར་གྱི་ཡུལ། གངས་ཅན་བོད་ཀྱི་ཡུལ། མྱི་རིགས་སུམ་བརྒྱ་དྲུག་བཅུ་གནས། ཡུལ་ཆེན་བཅུ་དྲུག་དང་། ཡུལ་ཕྲན་སྟོང་དང་བཅས། དེ་དག་འཛམ་བུ་གླིང་ཡིན་ནོ། ཞེས་གསུངས། རྩ་རྒྱུད་ཉི་སྒྲོན་p50“ཏི་ཙེ་གངས་ཀྱི་ནུབ་ཕྱོགས་དམུའི་ཡུལ། ཤར་ཕྱོགས་རྒྱ་ཡི་ཡུལ། ལྷོ་ཕྱོགས་མོན་གྱི་ཡུལ། བྱང་ཕྱོགས་ལི་བལ་ཕྲོམ་གྱི་ཡུལ། གངས་ཅན་བོད་གྱི་ཡུལ། ཤར་ལྷོ་འཇང་གི་ཡུལ། བྱང་ཤར་ཧོར་གྱི་ཡུལ། བྱང་ནུབ་དྲུག་ཕྲོམ་གྲུ་གུའི་ཡུལ། ལྷོ་ནུབ་སྲིན་པོའི་ཡུལ། ཡུལ་ཆེན་བཅུ་དྲུག་ཡུལ་ཕྲན་སྟོང་དང་བཅས་པ་ཡོད། དེ་ནི་འཛམ་བུ་གླིང་གི་གནས་ལུགས་ཡིན།” ཅེས་དང་། བསྒྲག་པ་གླིང་གྲགས་ལས།p125 “ད་ཡུལ་ནི་འཛམ་བུ་གླིང་འདི་ན། ཡུལ་ཆེན་པོ་བཅོ་བརྒྱད་ཡོད། ཡུལ་ཕྲན་དགུ་བཅུ་རྩ་གཅིག་ཡོད། འཐའ་འཁོབ་སྟོང་དང་སུམ་བརྒྱ་ཡོད། དེ་ལ་ཡུལ་ཆེན་པོ་བཅོ་བརྒྱད་ནི།” “ཤར་ན་རྒྱ་ནག་དང་ཁྲི་དུན་གཉིས།” (ཤར་ན་རྒྱ་ནག་དང་ཁྲི་དུན་གཉིས་ཟེར་བའི་རྒྱ་ནག་ནི་དུས་རབས་མང་པོར་རྒྱ་ནག་གི་རྒྱལ་ས་ཡིན་པའི་ཁྲང་ཨན་དེང་སང་ཤིས་ཨན་西安 དུ་འབོད་པ་འདི་དང་། ཁྲི་དུན་ནི་དེང་སང་ཁྲིན་ཏུ་成都 རུ་འབོད་པ་འདི་གཉིས་ཡིན་ནམ་སྙམས།) “བྱང་ན་གེ་སར་དང་ཧོར་གཉིས།” (ཕྲོམ་གེ་སར་ནི་དེང་ཤིན་ཇང་དུ་འབོད་པ་འདི་ཡིན་པར་སྣང་ལ། འདིའི་ནུབ་རྒྱུད་ཁཱ་ཛཀི་སིཋན་དང་། ཁིར་གི་སིཋན་དང་འབྲེལ་ནས་ཡོད། ཧོར་ནི་སྤྱིར་སོག་པོ་ལ་གོ་བ་ཡིན་ནའང་། ནང་གསེས་སུ་ཧོར་དང་སོག་པོ་གཉིས་སུ་དབྱེ་བར་སྣང་།)“ནུབ་ན་སྟག་གཟིག་དང་གཟི་འཕེན་གཉིས།” (སྐབས་འགར་སྟག་སྡེ་དང་གཟིག་འཕེན་ཟེར་བའང་སྣང་། འདི་ནི་ཏ་ཟིག་དུ་འབོད་པ་དེ་ཡིན་པར་སྣང་མོད་ཀྱི། ཕྱིས་སུ་བོད་སྐད་དུ་གོ་དོན་ཡོད་པར་བཟོ་འདོད་ཀྱིས་སྟག་གཟིག་དང་། རྟག་གཟིགས་སོགས་ཅི་རིགས་མཆིས། ཡུལ་འདིའི་རྒྱ་ཁྱོན་འདི་ཙམ་དང་། ལྟེ་བ་འདིར་ཞེས་ཐག་གཅོད་མ་ནུས་ནའང་། རོབ་ཙམ་ཞིག་ནི། དེང་ཁཱ་ཛཀི་སི་ཋན་དང་། ཁིར་གི་སི་ཋན། ཨུ་ཛི་སྦིགི་སིཋན། ཏ་ཇིག་སིཋན། ཏུར་ཀི་མིནི་སིཋན་སོགས་ཀྱི་སྐོར་ཡུལ་འདི་ལ་ངོས་འཛིན་དགོས་པར་སྣང་བས་གོང་འཁོད་ས་ཁྲར་བཀོད་པའང་རོབ་ཚོད་ཙམ་ལགས།) མདོ་འདུས་དང་རྩ་རྒྱུད་ཉི་སྒྲོན་ལས་བསྟན་པའི་ནུབ་ཕྱོགས་དམུ་ཡི་ཡུལ་དེ་དང་། བསྒྲག་གླིང་དུ་ནུབ་ཕྱོགས་སྟག་གཟིག་ཏུ་གསུངས་པ་དེ་དག་གིས་ཏ་ཟིག་དམུ་ཡི་ཡུལ་དེ་འཛམ་བུ་གླིང་གི་ནུབ་ནས་བྱང་དུ་མཆེད་པའི་ཡུལ་ཞིག་ཡིན་པ་གསལ་པོར་རྟོགས་ནུས་པ་ཡིན། “ལྷོ་ན་རྒྱ་གར་དང་ཁ་ཆེ་གཉིས།” (རྒྱ་གར་ནི་གོ་སླ་མོད། འོན་ཀྱང་གནའ་དུས་ཀྱི་རྒྱ་གར་དེ་དེང་India རྒྱལ་ཁབ་ཀྱི་ཁྱབ་ཁོངས་ཙམ་ནི་མ་ངེས་པར་སྣང་། ཁ་ཆེ་ནི་ཀསྨིར་གྱི་ཡུལ་ཡིན་ཞིང་ད་ལྟ་རྒྱ་གར་དང་པ་ཀི་སིཋན་གཉིས་ཀའི་ཁོངས་སུ་བགོས་པའི་ཡུལ་འདི་ཡིན།) “དབུས་ན་གངས་ཀྱི་ར་བ་ཅན་དང་དགུའོ།།” (དམུ་གཤེན་དྲན་པ་མཆོག་ནི་ཞང་ཞུང་བོད་ཀྱི་མངའ་འོག་ཏུ་བསྡུས་དང་བསྡུ་བཞིན་པའི་སྐབས་ཀྱི་བོད་རིགས་ཤིག་སྟེ་བོད་བཙན་པོ་དང་འབྲེལ་བ་ཆེ་བའི་གཤེན་པོ་ཞིག་ཡིན་པས་ན། བསྒྲག་གླིང་དུ་བོད་དང་ཞང་ཞུང་ལོགས་སུ་མ་དགར་བར་བཤད་ཡོད།) “ཤར་རྒྱ་ནག་གི་མཐའ་ན་རྒྱ་མོ་ཁྱི་ཁྱོ་ཅན་དང་ཐོ་གར་གཉིས། བྱང་ཧོར་གྱི་མཐའ་ན་སོག་པོ་དང་སྦལ་པ་གཉིས། ནུབ་སྟག་གཟིག་གི་མཐའ་ན་ཀེའུ་ལེ་དང་བུ་ན་གཉིས། ལྷོ་རྒྱ་གར་གྱི་མཐའ་ན་གྱད་ཡུལ་དང་ཧུ་ན་གཉིས། དབུས་ན་གསེར་ཟངས་དང་མུ་ཏིག་གི་གནམ་ཡོལ་དང་དགུའོ།།” ཅེས་གསུངས་པའི་ཡུལ་ཕྲན་འདི་དག་གསལ་པོ་མ་ཤེས་ཤིང་ཞིབ་དཔྱད་མ་བྱས་ཀྱང་། ཡུལ་ཆེན་དེ་དག་ངོས་ཟིན་རྗེས་དེ་དག་གི་ཟུར་ནི་རོབ་ཙམ་ཤེས་སླ་བ་ཡིན། གཞན་ཡང་འཛམ་གླིང་ཡུལ་ཆེན་བཅོ་བརྒྱད་དེ་དག་གི་བར་ན་རི་རྒྱུད་ཆེན་པོ་བཞིས་བཅད་ཡོད་པ་བསྒྲག་གླིང་ལས་གསལ་ཏེ། བསྒྲག་པ་གླིང་གྲགས་ལས། p126“ཤར་རྒྱ་ནག་དང་དབུས་གངས་ཀྱི་ར་བའི་བར་ན། ལ་ཤན་གྱི་གངས་རྒྱུད་དཀར་པོ་དར་དཀར་གྱི་ཡོལ་བ་དྲིལ་བ་འདྲ་བས་བཅད།” (ལ་ཤན་གྱི་གངས་རྒྱུད་དཀར་པོ་འདི་གསལ་པོར་མ་ཤེས་མོད་ཀྱི། ས་ཁྲར་ཤར་ཕྱོགས་ཀྱི་གངས་རྒྱུད་དེར་རོབ་ཚོད་བྱས་ནས་བཞག་ཡོད་པས་དཔྱད་དགོས།) བྱང་གེ་སར་དང་དབུས་གངས་ཀྱི་ར་བའི་བར་ན། བྱེ་མ་སྒོང་རིང་ཉ་ཡི་སྒལ་པ་འདྲ་བས་བཅད། (འདི་ཁོ་བོས་ཤིན་ཇང་གི་ཊག་ལ་མཱ་ཀའན་བྱེ་སྒང་ 塔克拉玛干沙漠 འདི་ངོས་འཛིན་བྱས་ཡོད་ལ། ཆགས་ཡུལ་སོགས་སྒོ་ཀུན་ནས་ཡིད་ཆེས་ཆོག་པར་སེམས) ནུབ་སྟག་གཟིག་དང་དབུས་གངས་ཀྱི་ར་བའི་བར་ན། བ་དག་ཤན་དུང་གི་སྒོ་མོ་འདྲ་བས་བཅད། (འདི་ནི་ས་ཁྲར་བཀོད་པ་བཞིན་ཡིད་རྟོན་རུང་བ་ཡིན་) ལྷོ་རྒྱ་གར་དང་དབུས་གངས་ཀྱི་ར་བའི་བར་ན། ཏ་ལ་ཝ་ཚེའི་ལ་རྒྱུད་ལ་དུག་སྦྲུལ་དཀྱུས་པ་འདྲ་བས་བཅད། (འདི་ནི་རི་རྒྱུད་བྱེ་བྲག་པ་གང་གི་མིང་ཡིན་མིན་ཐག་མ་ཆོད་ནའང་། བོད་དང་རྒྱ་གར་གྱི་ས་མཚམས་ལ་རྒྱུད་དུག་སྦྲུལ་དཀྱུས་པ་འདྲ་བ་ནི་ཧི་མ་ལ་ཡའི་རི་རྒྱུད་རང་དུ་ངེས་སྙམ་ནས་ས་ཁྲར་ཧི་མ་ལ་ཡའི་རི་རྒྱུད་དུ་བཀོད་ཡོད།) སོག་དབྱིབས་ཅན་གྱི་འཛམ་བུ་གླིང་འདི་ལ་སྤྱིའི་རྒྱ་ཁྱོན་ནི། མདོ་འདུས་ལས་། p7འཛམ་བུ་གླིང་ནི་སོག་ཀ་ལ། “དཔག་ཚད་དྲུག་སྟོང་ལྔ་བརྒྱ་འཁོར།” ཞེས་དང་། བསྒྲག་གླིང་ལས།p124“དེ་ལ་ལྷོ་འཛམ་བུ་གླིང་འདི། སོག་པའི་དབྱིབས་སུ་ཡོད་པའོ། སོག་ཡུ་ལ་དཔག་ཚད་ཕྱེད་བཞི། ངོས་གཉིས་ལ་དཔག་ཚད་ཉིས་སྟོང་ཉིས་སྟོང་སྟེ། མཐའ་སྐོར་ལ་དཔག་ཚད་དྲུག་སྟོང་དང་ཕྱེད་བཞི་སྣང་ངོ་།” ཞེས་གསུངས་པས་ལུང་འདི་གཉིས་ལ་ཅུང་ཟད་ཙམ་རེ་ཁྱད་པར་སྣང་མོད་ཀྱི་རྩ་བའི་རྒྱ་ཁྱོན་ལ་དྲུག་སྟོང་ལྷག་ཙམ་མཐུན་ནས་འདུག (འོན་ཀྱང་རྒྱ་ཁྱོན་འདི་ལུང་དང་དོན་དངོས་གཉིས་ཏག་ཏག་འབྱོར་བ་ཞིག་ལ་དཔྱད་གཞིའི་གནས་སུ་ལུས།)གཞན་ཡང་འཛམ་གླིང་གི་ཡུལ་ཁམས་བསྟན་པའི་ལུང་མང་ནའང་ཡིག་ཚོགས་ལ་འཇིགས་ནས་མ་སྤྲོས་སོ། །འཛམ་བུ་གླིང་གི་ཡུལ་དེ་དག་གི་མིག་ལྟ་བུ་ནི་ནུབ་བྱང་དམུ་ཡི་ཡུལ་ལམ། ནུབ་ཕྱོགས་སྟག་གཟིག་གི་ཡུལ་དང་། ཡུལ་དེ་དག་གི་ས་ཚིགས་ཀྱི་དབུས་ནི་ཞང་ཞུང་གི་གངས་ཏི་སེ་ཡིན་པ་གསལ་པོར་བསྟན་ཡོད།
སྤྱིར་ཞང་ཞུང་ལ་སྒོ་ཕུག་བར་གསུམ་དུ་ཕྱེ་སྟངས་སྐོར།
ཀུན་འབུམ་ཁྲ་བོ་ལས། p62དང་པོ་ཞང་ཞུང་ཡུལ་དུ་བབ་པས། བསྟན་པ་ཞང་ཞུང་ལ་སྔ་བའི་གཏན་ཚིགས་ཀྱང་དེ་ནས་བྱུང་། ཞང་ཞུང་བོན་གྱི་རྒྱལ་པོར་ཐོགས་(པ)་ཡང་དེར་བསྲིད་དོ། དེ་ལ་མས་གཤེགས་པ་ཁྲི་འདུལ་སྣང་རྩེ་་དང་། ཁྲི་གང་གཡུ་རྩེ་དང་། ཡེ་གད་སྟག་རྩེ་དང་། ཁྲི་དང་ཁྲོམ་རྩེ་དང་། ཞང་ཞུང་བར་པའི་ཡུལ་དུ་བྱོན། དེ་ལས་མར་གཤེགས་པ། ཞང་ཞུང་སྒོ་པའི་ཡུལ། གཡུང་དྲུང་མུ་ལེའི་དབུས། སྟ་སྒོ་ཤེལ་གྱི་གངས་ར། མ་ཕང་གཡུ་མཚོའི་ཁུག་པ། བཀྲ་ཤིས་བྱིན་དུ་ཆགས་པའི་སར། ཁྱུང་ལུང་སྤྲུལ་པའི་མཁར་ཅིག་བརྩིག ཅེས་དང་། ཀུན་འབུམ་ཁྲ་བོ་ལས། p22བདག་ཉིད་དང་པོར་སྐྱེ་བ་བཞེས་པར་མཛད་དེ། གཡུང་དྲུང་གསལ་བའི་འོད་གླིང་ཞེས་ཀྱང་བྱ། སྟག་གཟིག་ཡུལ་གྱི་སྙིང་པོ་ཡོན་ཏན་གྱི་དབུས་ཞེས་ཀྱང་བྱ། གཤེན་ཡུལ་འོལ་མོ་ལུང་རིང་ཞེས་ཀྱང་བྱ། ཤམ་བྷ་ལའི་གནས་ཆེན་ཞེས་ཀྱང་བྱ། རི་བོ་གངས་བཟང་པོའི་ར་བ་ཞེས་བྱ་བ་དེ་ན། དབུས་དཀྱིལ་གཡུང་དྲུང་དགུ་བརྩེག་དཔལ་གྱི་རི་བོ། རིན་ཆེན་སྣ་བདུན་ལས་གྲུབ་པས། ཅེས་གསུངས། ཀུན་སྒྲོལ་རླུང་ལྷའི་གཞུང་།p277དང་པོ་གཟུངས་འདི་བཀའ་སྩལ་པའི་གནས་སུམ་ཅུ་རྩ་གསུམ་རི་རབ་ཁའི་བྱང་ངོས་སུ་བཤད་པས། དག་པ་ལྷ་ཡི་སྐད་དུ་སྟོན་པས་བཀའ་སྩལ། དེ་ལ་འབྱུང་བ་རླུང་གི་བོན་པོས་བསྟན་པ་མི་ཡུལ་དུ་གདན་དྲང་སྟེ། ཞང་ཞུང་སྐད་ཕུག་པའི་ཡུལ། སངས་རྒྱས་ཀྱི་གནས་གཡུང་དྲུང་གསལ་བ་འོད་ཀྱི་གླིང་དུ་བབ་པར་མཛད། ཅེས་གསུངས། འདིའི་གསལ་བ་འོད་ཀྱི་གླིང་ནི་འོལ་གླིང་ཡིན་པ་ལས་རྩ་གསུམ་ན་ཡོད་པ་དེ་མ་ཡིན་ཏེ། “འབྱུང་བ་རླུང་གི་བོན་པོས་བསྟན་པ་མི་ཡུལ་དུ་གདན་དྲང་སྟེ།” ཞེས་གསུངས་པས་ཤེས་སོ། །འོལ་གླིང་ལ་གསལ་བ་འོད་ཀྱི་གླིང་འབོད་པ་གོང་གི་ཀུན་འབུམ་ཁྲ་བོའི་ལུང་ལས་ཤེས་སོ། །རྒྱལ་གཤེན་མི་ལུས་བསམ་ལེགས་ཀྱི་མ་རྒྱུད་སྒོམ་འགྲེལ་ཉི་མའི་དཀྱིལ་འཁོར་ལས། p190 གཉིས་པ་བདག་གིས་ཐོས་པ་བསྡུ་བ་པོའི་ངོ་བོ་ནི། ཞང་ཞུང་བར་པའི་ཡུལ་སྲིད་པའི་ཞིང་ཁམས་རྣམ་པར་དག་པ། འཛམ་གླིང་ས་ཡི་སྙིང་པོ། ཞང་ཞུང་བོན་གྱི་རྒྱལ་པོའི་ཞིང་ཁམས་ན། ཞེས་གསུངས།སྣོད་རྟེན་འབྱུང་བ་ཆགས་འཇིག་གི་མདོ་ལས། p295སྙ་ལི་ཤུ་སྟག་རིང་གིས་། བོད་དང་ཞང་ཞུང་གི་ཡུལ་དང་། སྟག་གཟིག་ཡུལ་དུ་བོན་རིན་པོ་ཆེ་འཚོལ་ནས་བོད་ཀྱི་ཡུལ་དུ་བསྟན། བསྟན་པ་སྤེལ་བར་དགོངས་ནས། གླང་པོ་ཆེ་ལྟ་མཆོག་གྲང་སེར་ཁྱེད་(འདིར་དོན་གསལ་པོ་མི་སྣང་བས་དཔེ་གཞན་ལ་དཔྱད་དགོས)ནས་ཆས་སོ། བོད་དང་ཞང་ཞུང་དང་། སྟག་གཟིག་གི་བར་ན་ལམ་འཕྲང་ཤིན་ཏུ་རྩུབ་པ་དང་། མི་ཐར་པའི་ལམ་འགག་ནི་ཆུ་སྲིན་མ་བུ་དགུ་འདྲོལ་བ་དང་། བདུད་ཁྱབ་པས་གཤེན་རི་ལ་མེ་བསྐྱེལ་བའི་སོལ་བའི་རི་ལ་ཉི་མ་བདུན་སོང་བས། རྐང་མགྱོག་གི་སྒྲུབ་པ་ལྡན་པས་མཆོད་(ཆོད་)པར་སྟག་གཟིག་གི་ཡུལ་དུ་ཐོན། གྲུབ་པ་བསྙེམས་པའི་བོན་པོ་ནི། ཁ་ནས་གསེར་ཛོ་འཕྲོ་བ། ལགས་ནས་ཐོག་འཕོང་བ། ལྷ་སྲིན་བྲན་དུ་འཁོར་བ་མཆོག་ཐུན་མོང་གི་གྲུབ་རྟགས་དུ་མར་དང་ལྡན་པ་རྣམས་ལ། གསེར་ལ་སོགས་པའི་རིན་པོ་ཆེ་ཕུལ་ནས། རྒྱུ་འབྲས་ཀྱི་བོན་ལ་སོགས་པ་ཐམས་ཅད་ཞུས་ནས། བོད་དུ་ཡོང་བསམ་ནས། བྱ་རྒོད་དང་བྱ་གླག་ཁྲུང་ཁྲུང་དང་། ཀང་ཀ་བཞི་ལས་བཀལ་ནས་འོང་པས། ཞེས་གསུངས། སྨྲ་དབང་ཡོངས་འཛིན་ཆེན་མོའི་བསྟན་འབྱུང་ཉུང་བསྡུས་ལས།p187 ཞང་ཞུང་སྒོ་ཕུག་བར་གསུམ་དུ་བཞག་པའི་སྒོ་ཕུག་མ་འོལ་གླིང་། བར་མ་རྒྱལ་མཁར་བ་ཆོད། ཐ་མ་གངས་ཏི་སེ་བཤད་ཅིང་། ཞེས་གསུངས། གོང་དུ་དྲངས་མ་ཐག་པའི་ལུང་དེ་དག་གིས་སྤྱིར་ཞང་ཞུང་ལ་སྒོ་ཕུག་བར་གསུམ་ཕྱེ་བའི་ཕུག་པ་ཏ་ཟིག་འོལ་མོ་ལུང་རིང་དང་། བར་པ་རྒྱལ་མཁར་བ་ཆོད། སྒོ་པ་ཁྱུང་ལུང་དངུལ་མཁར་དང་བོད་ཀྱི་གངས་ཏི་སེའི་སྐོར་ཡིན་པ་གསལ་པོར་བསྟན་ལ། དེས་ན་གནའ་དུས་སུ་ཞང་ཞུང་གི་ཡུལ་ཆེན་དེའི་ཁྱབ་ཁོངས་ཀྱང་ཤེས་ནུས་པ་ཡིན།
འོལ་གླིང་ལ་སྟག་གཟིག་ཏུ་འབོད་པའི་སྐོར།
སྤྱིར་འོལ་གླིང་ལ་སྟག་གཟིག་འོལ་མོ་ལུང་རིང་དུ་འབོད་པའི་སྐོར་ཁྱབ་བདལ་དུ་ཡིན་མོད་ཀྱི། ཁག་གཅིག་ནས་ལུང་ཁུངས་ལྡན་དུ་སྟག་གཟིག་འོལ་མོ་ལུང་རིང་ཞེས་པ་འཁོད་ཡོད་མེད་ཀྱི་དྭོག་སློང་ཙམ་སྨྲ་བར་འདུག་པ་དག་ལ་ངོ་སྤྲོད་པར་བྱ་སྟེ། མི་ནུབ་མཚན་མདོ་ཀ་ལས། p3ལྷོ་འཛམ་བུ་གླིང་གི་སོག་ཀ རི་བོ་གངས་ཅན་ཏི་སེ་ཡི་བྱང་ནུབ། གཡུང་དྲུང་གསལ་བ་འོད་ཀྱི་གནས། ཏ་ཟིག་ནོར་གྱི་རྒྱལ་པོའི་བང་མཛོད། སྟག་གཟིག་ཁྲོམ་པའི་གླིང་ཆེན། བྱང་ཤམ་བྷ་ལའི་གནས་མཆོག དབལ་སྭོ་གངས་ཀྱི་ར་བའི་ནང་དུ། དུས་གསུམ་སངས་རྒྱས་ཐམས་ཅད་འཁྲུངས་པའི་ཡུལ། གནས་མཆོག་དམ་པ་འོལ་མོ་གླིང་ཆེན་ཞེས་བྱ་བ་ལ། ཞེས་གསུངས། ཀླུ་འབུམ་ནག་པོ་p301 “འདི་སྐད་བདག་གིས་ཐོས་པའི་དུས་ཅིག་ནས། སྟག་གཟིག་གི་ཡུལ་འོལ་མོ་ལུང་རིང་ན། སྟོན་པ་གཤེན་རབ་སྐུ་བཞུགས་ནས།” ཅེས་དང་། རྒྱུད་དུང་ལོ་ལྗོན་པ་ལས། p99 “གླིང་བཞིའི་མི་ལ། ལྷོ་འཛམ་བུའི་གླིང་། ཁྱད་པར་དུ་འཕགས། འཛམ་བུའི་གླིང་ལ། སྟག་གཟིག་གི་ཡུལ། འོལ་མོ་ལུང་རིང་། ཁྱད་དུ་འཕགས་པ་ལགས་སོ།” ཅེས་དང་། བླ་མེད་གོ་འཕང་སྒྲུབ་ཐབས་ལས། p384“སྟག་གཟིག་གི་ཡུལ། འོལ་མོ་ལུང་རིང་གི་ནུབ་ཕྱོགས་པ་ཏྲ་ཁ་ཞེས་བྱ་བའི་སེང་ལྡེང་གི་ཚལ་ཆེན་པོའི་ནང་དུ་ཀུ་རུ་ཏྲ་སུ་ཏྲ་སྲིན་པོའི་ཡུལ་དེ་ན་སྟོན་པ་གཤེན་རབ་བཞུགས་སྟེ།” ཞེས་གསུངས། ད་དུང་སྟག་གཟིག་འབྲེལ་བའི་ལུང་ཤིན་ཏུ་མང་མོད་ཀྱི། འགའ་ཞིག་དཔྱད་རྩོམ་འདིའི་ཟུར་གཞན་དུ་དྲངས་ཡོད་པས་ཤེས་ལ། ཡིག་ཚོགས་ལ་འཇིགས་ནས་འདི་ཙམ་གྱིས་འཐུས་པར་བྱ། འདི་ལ་ཏ་ཟིག་དང་། སྟག་གཟིག རྟག་གཟིགས་བཅས་འབྲི་སྲོལ་གསུམ་ཡོད་པ་ནི་དུས་རབས་ཀྱི་འགྲོས་དང་བསྟུན། བོད་སྐད་དུ་གོ་དོན་དགོས་མདོག་གིས་འཕོ་འགྱུར་ཕྱིན་པ་ཙམ་ལས། དོན་དུ་འཛམ་བུ་གླིང་གི་ནུབ་བྱང་དུ་ཆགས་པའི་ཡུལ་ཁམས་དེའི་མིང་ཡིན་ལ། འདི་ནི་དག་ལ་འདི་ནི་མ་དག་པའོ་ཞེས་སྨྲ་བར་མི་སྤོབས་མོད་ཀྱི། བརྡ་གསར་རྙིང་གི་འགྲོས་ཀྱི་འཕོ་འགྱུར་ཙམ་ནི་ཤེས་པར་སླ་བ་ཡིན།
བོད་ཀྱི་ཆུ་བོ་བཞིའི་སྐོར།
བོད་ཀྱི་ཆུ་བཞི་འདི་ལ་མིང་དང་འབབ་ཚུལ་ལུང་རྣམས་གཅིག་གྱུར་ཞིག་མི་འདུག་ཅིང་། གཞན་སྡེ་ལའང་གཅིག་མཐུན་དུ་ཡོད་པར་མི་སྣང་། མདོ་འདུས་འདིར་ཀང་གྷ་ཤར་དང་། སིཏཱ་ནི་བྱང་། པག་ཤུ་ནུབ། སིནྡྷུ་ལྷོ་རུ་བྱས་ནས་འདུག ཕྲན་ལ་འབྱོར་བའི་མདོ་འདུས་དཔེ་གཉིས་ལའང་མ་འདྲ་བར་སྣང་། མཛོད་ལྷ་འགྲེལ་ལས། ཤར་སྟག་སྐྱ་བོ་དང་། ལྷོ་དོམ་ནག་པོ། ནུབ་སྦྲུལ་སྔོན་པོ། བྱང་རུས་སྦལ་ནག་པོ་སོགས་ཀྱི་ཁ་ནས་འབབ་ཚུལ་དང་། བསྒྲག་པ་གླིང་གྲགས་ལས།p130 “གངྒཱ་གླང་ཆེན་ཁ་ནས་ནུབ་ཏུ་བབ། སྤག་ཤུ་རྟ་ཡི་ཁ་ནས་ཤར་དུ་བབ། ཆུ་བོ་ངམ་ཡར་སི་འདུ་སེང་གེའི་ཁ་ནས་བྱང་དུ་བབ། སིང་གྷ་རྨ་བྱའི་ཁ་ནས་ལྷོ་རུ་བབ།” ཅེས་སོགས་མི་འདྲ་བ་མང་ལ་ཕྲན་ལ་འབྱོར་བའི་བསྒྲག་གླིང་ཡི་གེ་གཉིས་ལའང་ཁྱད་པར་མཆིས་ཤིང་། (འོན་ཀྱང་ཕྲན་གྱི་ཚོར་སྣང་ལ་གངས་ཏི་སེ་བོན་གཞུང་རིག་མཛོད་དཔེ་ཚོགས་ཅན་དེར་བཏག་མཆན་དང་བཟོ་བཅོས་བསླད་སྐྱོན་མང་བར་སྙམས། བོན་གྱི་བཀའ་འགྱུར་དེབ་གཟུགས་པོད་༡༠༨་ཅན་ནངདུའང་བཏག་མཆན་དཀྱུས་སུ་དྲངས་ནས་ཡོད་པ་སྙམ་བྱེད། དེས་ན་ཕྲན་གྱིས་འདི་རུ་གངས་ཅན་རིག་མཛོད་55་ལས་དྲངས་པ་ཡིན། ཐ་ན་མདོ་འདུས་ཡི་གེ་མ་འདྲ་བ་རྣམས་ཀྱང་ཁ་མི་མཐུན་པར་ཕྲན་ལ་འབྱོར་བའི་མདོ་འདུས་གཉིས་ཀྱང་ཁ་མི་འགྲིག དེས་ན་ཡི་གེ་ལ་བསླད་སྐྱོན་མང་དག་ཅིག་ཤོར་ཡོད་པ་གསལ་པོ་ཡིན། ཆུ་བཞིའི་སྐོར་ནམ་རྒྱུན་རོབ་རོབ་ཙམ་དུ་ཀུན་གྱི་ཁ་ནས་སེམས་ཅན་བཞི་ཡི་ཁ་ནས་འབབ་ཟེར་བ་སོགས་དབྱིངས་གཏོང་ནས་བཤད་ཁས་བྱེད་མོད་ཅི། དོན་ལ་འབྱོར་བ་ཞིག་དཀའ་ནས་སྣང་། མདོར་ན་ཆུ་བོ་དེ་རྣམས་སྲོག་ཆགས་དེ་དག་གི་རྣམ་པའི་བྲག་རིའི་ཁ་ནས་འབབ་མིན་ཐག་ཆོད་པ་ཞིག་བཤད་དཀའ་ནའང་། མིང་དང་ས་ཕྱོགས་གང་དུ་འབབ་མིན་གྱི་སྐོར་གྱི་དཔྱད་དོན་ནི་འདི་ལྟར་ལགས་ཏེ།
པཀྵུ་རྟ་ཡི་ཁ་ནས་ཤར་དུ་འབབ། རྒྱུ་མཚན་ནི་ཁྱབ་པའི་བདུད་དམག་ཀོང་པོ་དང་གྲོགས་བསྒྲིགས་ནས་ཀོང་ཉང་དག་པོའི་དམག་འབུམ་ཕྲག་བཅོ་ལྔ་ཆུ་བོ་པག་ཤུའི་རྒྱུད་ལས་ཡར་སོང་ནས་མཚོ་མ་པང་གི་རྩ་རུ་འཚོགས་པར་བསྟན་པ་ལས་ཤེས་ནུས་ཏེ། གཟི་བརྗིད་པོད་བརྒྱད་པ་ལས། p310 “དེ་ནས་ཀོང་རྗེ་རྒྱལ་པོས་ཀྱང་། ཀློ་མོན་དང་བོད་ཤ་ཟན་གྱི་དམག་ལ། དམག་མི་འབུམ་ཕྲག་བཅོ་ལྔ་དང་ཆས་ནས། ཆུ་བོ་པག་ཤུའི་གཙང་པོ་རྒྱུད་ལས་བྱུང་ནས། ཡུལ་གཙང་སྟོད་བྱེ་མའི་གླིང་མཁར་ནས། རི་བོ་གངས་ཆེན་གྱི་རྩ་བ། མལ་དྲོ་མཚོ་གླིང་གི་འགྲམ་ལ་གཤེགས་སོ།” ཅེས་དང་། གཟི་བརྗིད་ལས། རི་བོ་ལྷ་རི་གྱོང་ཏོའི་མདུན། ཆུ་བོ་ཆེན་པོ་པཀྵུའི་འགྲམ། རྒྱལ་ས་ཀོང་ཡུལ་བྲེ་སྣའི་དབུས། ཅེས་གསུངས་པའི་ཀོང་པོ་ནས་གངས་ཏི་སེའི་ཉེ་འཁོར་དུ་ཐུག་པའི་ཆུ་བོ་ནི་འདི་ཁོ་ན་ཡིན་ལ། འདི་ནས་ཤར་དུ་འབབ་པའི་ཆུ་བོ་ཆེན་པོ་ནི་ཡར་གཙང་འདི་ཁོ་ནར་ངེས་པ་ཡིན་ཞིང་ཡོངས་གྲགས་སུ་འདི་རྟ་མཆོག་ཁ་འབབ་ཟེར། ཆུ་བོ་འདི་ཀོང་པོའི་ཤར་རྒྱུད་ནས་པར་ལུང་གཙང་པོ་དང་འདྲེས་རྗེས་ལྷོ་ནས་ནུབ་ཏུ་འཁོར་དེ་མཐར་བྷང་ལ་ཌེ་ཤིའི་བྷང་གལ་མཚོ་ཁུག་ནས་རྒྱ་མཚོ་དང་འདྲེས་ཡོད། དེས་ན་པག་ཤུ་རྟ་ཡི་ཁ་ནས་ཤར་དུ་འབབ་པ་ཡིན་ནོ།།
སིནྡྷུ་སེང་གེའི་ཁ་ནས་བྱང་དུ་འབབ། དེང་སང་ཡོངས་སུ་གྲགས་པའི་ཆུ་བོ་སིནྡྷུ་ནི་གངས་ཏི་སེའི་བྱང་ཕྱོགས་ནས་འབབ་ཅིང་མཐར་ནུབ་བྱང་ནས་ལྷོ་ཕྱོགས་སུ་དཀྱུས་ཤིང་པ་ཀི་སི་ཋན་བརྒྱུད་ཨ་རབ་རྒྱ་མཚོར་འདྲེས་ཡོད། འདི་ལ་འཛམ་གླིང་ཡོངས་སུ་གྲགས་པར་ཆུ་བོ་སིནྡྷུ་དང་མིང་གཞན་ཆུ་བོ་ཨིནྡུསི་ཡང་ཟེར། ཆུ་བོ་དེའི་འགོ་ཁུངས་ཡས་མས་ཙམ་ནས་སེང་གེ་གཙང་པོ་ཟེར་ཞིང་ད་ལྟའི་ས་ཁྲ་ནང་ལ་མིང་དེ་རང་དུ་ཡོད། དེས་ན་སིནྡྷུ་སེང་གེའི་ཁ་ནས་བྱང་དུ་འབབ་པ་ཡིན་ནོ།།
སི་ཏཱ་གླང་ཆེན་ཁ་ནས་ནུབ་ཏུ་འབབ། ཆུ་བཞི་ཀ་ས་འོག་གི་སྦུ་གུ་བརྒྱུད་ནས་འབབ་ཅིང་དེ་ཀུན་མ་པང་མཚོ་ཡི་མཚོ་རྔ་ཡིན་པ་ལྟ་བུར་བཤད་མོད་ཀྱི། དོན་ལ་དེ་ལྟར་ཡིན་མིན་གྱི་ཐག་གཅོད་ནི་དཀའ་བའི་ཚོད་ཙམ་ལགས། འདི་ནི་མ་པང་གི་ནུབ་ནས་ཆུ་མིག་གཅིག་ནས་ཐོན་ཏེ་ལ་ངག་གསེར་མཚོར་བབ་རྗེས་སླར་ལ་ངག་གསེར་མཚོའི་ནུབ་བྱང་ནས་ཐོན་ཏེ་འབབ་པ་དང་། འདི་ལ་མིང་ཡང་གླང་ཆེན་གཙང་པོར་ཟེར་ཞིང་ས་ཁྲ་ནང་དུའང་མིང་དེ་རང་དུ་ཡོད། གཞན་ཡང་འདི་ལ་ཕྱི་མིང་དུ་ སཏི་ལེཇ་དང་། སཏི་ལུཇ། ས་ཏ་ཌུ་སོགས་མིང་གསུམ་དུ་འདོག་མོད་ཀྱི། དེ་ཀུན་སི་ཏཱ་དང་སྒྲ་ཉེ་བར་ཡོད། ཆུ་བོ་འདི་ནུབ་ཏུ་གང་མཚམས་བབ་རྗེས་ལྷོ་རུ་རྒྱུག་ནས་མཐར་པ་ཀི་སི་ཋན་གྱི་ལུང་གཤོང་ནས་ཆུ་བོ་སིནྡྷུ་དང་འདྲེས་ནས་འགྲོ། དེས་ན་སི་ཏཱ་གླང་ཆེན་ཁ་ནས་ནུབ་ཏུ་འབབ་པ་ཡིན་ནོ།།
སིངྒ་རྨ་བྱའི་ཁ་ནས་ལྷོ་རུ་འབབ། སྤུ་རོང་ནས་འབབ་པའི་ཆུ་བོ་འདིའི་ཆུ་མགོའི་སྐོར་ནས་ས་ཁྲ་རུ་རྨ་བྱ་གཙང་པོ་ཞེས་བོས་འདུག་ལ། ཆུ་བོ་འདི་ལ་བལ་པོས་ཀར་ནཱ་ལིའི་ཞེས་འབོད་པར་སྣང་ལ་མཐར་ཆུ་བོ་འདི་རྒྱ་གར་གྱི་ཆུ་བོ་རྒཱ་རྒཱ་ར་དང་འདྲེས་མཐར་རྒྱ་གར་གྱི་ཤར་ཕྱོགས་ནས་གངྒ་དང་འདྲེ་ནས་འགྲོ། གལ་སྲིད་འདི་ཉིད་ཁ་འབབ་ཀྱི་གྲས་སུ་བཞག་ན་ཆུ་མོ་གངྒ་ནི་བོད་ཀྱི་ཁ་འབབ་བཞི་ཡི་གྲས་སུ་མ་ཡིན་པར་སྣང་ལ། གངྒ་ཆུ་བཞིའི་ཁོངས་ཡིན་ཚེ་འདི་ཉིད་ཆུ་བཞིའི་གྲས་སུ་བགྲངས་ཐབས་བྲལ། འདི་ལ་རྒྱུ་མཚན་ཅུང་ཆེ་བ་ཙམ་ཡོད་པ་ནི། ཆུ་བོ་གཞན་གསུམ་གྱི་འགོ་བོད་ཡུལ་ནས་འབབ་པ་ཡིན་ལ། འདི་ཉིད་ཀྱང་བོད་ཡུལ་ནས་འབབ་པ་ཡིན། དེང་གི་ས་ཁྲའི་དབང་དུ་བྱས་ན་གངྒའི་འགོ་བོ་བོད་ཡུལ་ནས་མི་འབབ་པས་འདི་བོད་ཀྱི་ཆུ་བཞིའི་གྲས་སུ་འོས་བབ་ཆེ་བ་ཙམ་ལགས། འོན་ཀྱང་འདི་ལ་མཐའ་གཅིག་ཏུ་ཡིད་རྟོན་རུང་བ་མ་ཡིན་ཏེ་ས་ཆར་དབང་སྒྱུར་གྱི་ལོ་རྒྱུས་ལ་འགྱུར་ལྡོག་མང་བས་སོ། འདིར་སིངྒ་འབོད་པ་ཡང་བསྒྲག་གླིང་དུ་དེ་ལྟར་འཁོད་པ་རྒྱུ་མཚན་དུ་བྱས་ཡོད། དེས་ན་སིངྒ་རྨ་བྱའི་ཁ་ནས་ལྷོ་རུ་འབབ།
ཡང་ན་གངྒ་རྨ་བྱའི་ཁ་ནས་ལྷོ་རུ་འབབ། གངྒ་འདི་ཆུ་བཞིའི་ཡ་གྱར་ཡིན་མིན་བཤད་དཀའ་བར་སྣང་མོད། གལ་སྲིད་འདི་ཉིད་ཆུ་བཞིའི་ཁོངས་སུ་བགྲངས་ཚེ། གོང་འཁོད་ལྷོར་འབབ་ཀྱི་རྨ་བྱ་ཁ་འབབ་དེ་འདིའི་ཁོངས་སུ་མི་འགྲོ་བ་ཡིན། གངྒ་རྨ་བྱའི་ཁ་ནས་འབབ་པའི་རྒྱུ་མཚན་ཆེར་མ་རྙེད་ནའང་། བསྒྲག་གླིང་སོགས་ཡོངས་གྲགས་ཏུ་སེམས་ཅན་གྱི་མིང་གཞན་གསུམ་ཆུ་མོ་གཞན་གསུམ་འབྱོར་ཚར་རྗེས་རྨ་བྱ་ནི་འདི་ལ་མ་འབྱོར་རང་འབྱོར་ལྟ་བུར་ཆགས་ཡོད། ལར་ཆུ་མོ་གངྒ་འདིའི་ཆུ་ཕུག་ཆེ་བ་རེ་ཟུང་ཡོད་ནའང་འདིའི་ཆུ་མགོ་རིང་ཤོས་དེ་ཆུ་མགོར་མ་ཐུག་ཙམ་ནས་ལྡོ་ལིའི་གངྒ་འབོད་པ་ཡིན་ལ་ཆུ་ཕུགས་ནི་བྷསུ་དྷ་ར་(ནོར་རྒྱུན་མཚེའུ་?)ཟེར་བའི་མཚེའུ་ནས་འགོ་བཙུག་ཏེ། དེང་རྒྱ་གར་གྱི་བྱང་ཤར་ཕྱོགས་ནས་ལྷོ་ནུབ་རྒྱ་གར་དུ་འབབ་ཅིང་རྒྱ་གར་ཡུལ་གྱི་བྱང་ངོས་ཕྱོགས་ནས་སླར་ཡང་ཤར་དུ་རྒྱུག་ཅིང་ཝ་ར་ན་སི་བརྒྱུད་མཐར་བྷང་ལ་ཌེ་ཤིའི་བྷང་གལ་མཚོ་ཁུག་ཏུ་རྒྱ་མཚོར་འདྲེ་ནས་འགྲོའོ།། ཆུ་བོ་འདི་ནི་ཧིན་དུ་བས་རྩ་ཆེར་བརྩི་བ་ཡིན་ལ་འདི་ཡི་ནང་དུ་ཁྲུས་བྱས་ན་ལས་ངན་སྡིག་སྒྲིབ་འབྱང་བའི་ཡིད་ཆེས་ཀྱང་བྱེད་ཀྱི་ཡོད། ཆུ་བོ་འདི་ལ་ཕྱི་སྐད་དུ་རྒན་ཇིསི་དང་། རྒྱ་གར་བ་དག་གིས་གངྒ་མཆོག་ཟེར་བ་ཡིན་ལ་ས་ཁྲ་ནང་དུའང་མིང་དེ་རང་དུ་ཡོད། དེས་ན་གནས་སྐབས་གངྒ་རྨ་བྱའི་ཁ་ནས་ལྷོ་རུ་འབབ་ཅེས་སྨྲ་བར་བྱའོ།། (ལྷོར་འབབ་ཀྱི་ཆུ་བོ་གཉིས་ལས་སུ་ཞིག་ཁ་འབབ་བཞིའི་གྲས་སུ་འཐད་མིན་ཐག་གཅོད་མ་ནུས།) མཐར་པཀྵུ་དང་གངྒ་གཉིས་གཅིག་ཏུ་འདྲེས་རྗེས་བྷང་གལ་མཚོ་ཁུག་ནས་རྒྱ་མཚོ་དང་འདྲེ་ཞིང་། སིནྡྷུ་དང་སི་ཏཱ་གཉིས་གཅིག་ཏུ་འདྲེ་ནས་ཨ་རབ་རྒྱ་མཚོར་འབབ་པའོ། །ཆུ་བཞིའི་འབབ་ཡུལ་དང་མིང་སོགས་མ་འདྲ་བ་ཆེས་མང་ཞིང་། དཔེ་རྒྱུད་དེ་དག་ལ་བཅོས་སླད་དང་ཆད་ལྷག་སོགས་ཀྱིས་རྐྱེན་གཅིག་གྱུར་དུ་ཞལ་མཐུན་པ་ཞིག་མེད་ནའང་། འདི་དག་ནི་དཔེ་རྒྱུད་ལ་གཞི་བཅོལ་ནས་དོན་དངོས་ཀྱི་ཆུ་བོ་ཇི་ལྟར་འབབ་མིན་ས་ཁྲ་སོགས་ལ་ངལ་བས་དཔྱད་དེ་བསྡུར་བའི་མཐའ་དོན་དུ་སེམས་ཁོངས་སུ་བབ་པ་དེ་འདི་རུ་བཀོད་པ་ཡིན་པས་ན་དཔྱད་དོན་འདི་ལ་ལེགས་སྐྱེས་ཀྱི་ཚབ་ཏུ་ཁྲོ་གཉེར་དང་བཞིན་བཟློག་ཇི་སྙེད་ཅིག་གནང་བར་འདོད་ན་གནང་ཞིག་དང་། བདེན་པས་ནི་རྡོ་རྗེའི་བྲག་ཀྱང་འབིག་ནུས་ན་དཔེ་ལྟ་དང་ས་གཤིས་ལ་དོ་སྣང་ཡོད་པའི་དོན་གཉེར་ཅན་རྣམས་བློ་སྒོ་འབྱེད་པའི་རྒྱུ་རུ་འགྱུར་བར་གདོན་མི་ཟའོ། །གོང་དུ་བཤད་པའི་འཛམ་གླིང་གི་ལྟེ་བའམ་ས་ཚིགས་ཀྱི་ཡུལ་དབུས་སུ་ཡོད་པའི་ཆུ་བོ་བཞིའམ། བོད་ཀྱི་ཆུ་བོ་བཞི་དང་། འཛམ་གླིང་གི་ནུབ་བྱང་ཡོན་ཏན་གྱི་ཡུལ་དབུས་དུ་ཡོད་པའི་འོལ་གླིང་གི་ཆུ་བོ་བཞི་ནི་གྲངས་དང་མིང་ཕྱོགས་ཙམ་འདྲ་བ་ལས་འབབ་ཚུལ་མི་འདྲ་བ་ཡིན།
འོལ་གླིང་གི་ཆུ་བཞིའི་མིང་དང་འབབ་ཚུལ།
མདོ་འདུས་ལས། p108 “དེ་རྒྱབ་གླིང་ནི་བཅུ་གཉིས་ཏེ། ཤར་རྒྱལ་རིགས་རྒྱལ་ས་འཛིན་པའི་གླིང་། ཆུ་བོ་ན་ར་ཛ་ར་འབབ། གཡས་སུ་གསེར་གླིང་གསེར་རྒྱུད་གནས། གཡོན་ན་ཟངས་གླིང་བཀྲ་ཤིས་གླིང་། ལྷོ་ཕྱོགས་རྗེའུ་རིགས་བཀོད་པའི་གླིང་། ཆུ་བོ་སི་ཏ་སི་འདུ་འབབ། གཡས་ན་དྲང་སྲོང་འགྲོ་བ་འདུལ་བའི་གླིང་། རང་འབྱུང་མཆོད་རྟེན་སྟོང་དང་ལྡན། གཡོན་ན་བྲམ་ཟེ་མྱ་ངན་མེད་པའི་གླིང་། དུར་བུ་གླིང་དུ་མྱ་ངན་འདས་པའོ། ནུབ་ཕྱོགས་བྲམ་ཟེ་གཙང་པའི་གླིང་། ཆུ་བོ་གྱིམ་ཤང་ཕྱི་ཤང་འབབ། གཡས་ན་བྲམ་ཟེ་ཧོས་མོ་གླིང་། རི་ནི་ཧོས་རི་རྩེ་མཐོན་ཡོད། གཡོན་ན་འབྲི་མིག་དགུ་སྐོར་མཚོའི་གླིང་། སྟོན་པས་ཀླུ་ལ་བོན་བཤད་ས། བྱང་ན་རྨང་རིགས་གདོལ་པའི་གླིང་། ཆུ་བོ་བག་ཤུ་གཙང་པོ་འབབ། གཡས་ན་སྟོབས་ཆེན་གྱད་ཀྱི་གླིང་། གཡོན་ན་གཙུག་རི་རྒྱལ་པོའི་གླིང་། རི་ནི་གཙུག་རི་ཕྱུག་པོ་ཡོད།” ཅེས་གསུངས། ཏ་ཟིག་འོལ་མོ་ལུང་རིང་གི་ཆུ་བོ་བཞི་ཡི་འབབ་ཚུལ་དང་མཚན་ནི་འདི་ལྟར་ཡིན་ཏེ། ཆུ་བོ་ན་ར་འཛའ་ར་ཤར་ནས་འབབ། ཆུ་བོ་པག་ཤུ་བྱང་ནས་འབབ། ཆུ་བོ་གྱིམ་ཤང་ནུབ་ནས་འབབ། ཆུ་བོ་སིནྡྷུའམ་སི་ཏ་ལྷོ་ནས་འབབ་པ་ཡིན། འོལ་གླིང་གི་ཆུ་བཞི་འབབ་ཚུལ་ནི། མཛད་མདོ་རྒྱས་བསྡུས་གཉིས་དང་། རྩ་རྒྱུད་ཉི་སྒྲོན། གསོ་རིག་ཐུགས་འབུམ་མཁའ་སྔོན་སོགས་ཆུ་ལ་ཆུ་བཞག་ཏུ་ཞལ་མཐུན་ནས་ཡོད་པས་ལུང་གཞན་འདྲེན་པའི་ངལ་བ་མ་བྱས། ས་ཚིགས་ཀྱི་དབུས་བོད་ཀྱི་གངས་ཏི་སེ་དང་། ཡོན་ཏན་གྱི་ཡུལ་དབུས་འོལ་མོ་ལུང་རིང་གཉིས་ཀྱི་བར་ན་བཅད་པའི་ཆུ་བོ་པཀྵུ་སིནྡྷུ་གཉིས་དང་རི་ནག་པོ་དགུ་སོགས་ཀྱི་སྐོར།དེ་ཡང་མདོ་འདུས་ལས། p8 “དེའི་ནུབ་བྱང་གཤེན་ཡུལ་འོལ་མོ་གླིང་། དཔག་ཚད་སྟོང་ཕྲག་བཞི་གནས་ཡོད། ཆུ་བོ་པཀྵུ་སི་འདུས་རབ་བཅད་དེ། རི་ནག་པོ་དགུས་བཅད་པའོ།།”ཅེས་ལུང་འདིས་རི་ཆུ་དེ་དག་གིས་འོལ་གླིང་དང་བོད་ཀྱི་གངས་ཏི་སེའི་བར་ནས་བཅད་ཡོད་པ་བསྟན་ཡོད། ད་འོ་ན་དེ་གཉིས་ཀྱི་བར་ངོས་བཟུང་བ་ལ་ཞང་བོད་ཀྱི་གངས་ཏི་སེའི་སྐོར་ངོས་ཟིན་སླ་མོད་ཀྱི། ཟུར་གཞན་དེ་སྟོན་པ་འོལ་གླིང་ནས་བོད་དུ་ཕེབས་དུས་ཀྱི་ས་གནས་དག་ཤ་དུང་སྒོའམ། བ་དག་ཤ། ཕྱིས་སུའང་བོད་དང་ཏ་ཟིག་གི་ས་མཚམས་སུ་ངོས་བཟུང་བའི་བ་དག་ཤ་འམ། བ་དག་ཤན་གྱི་གངས་རྒྱུད་དེ་ལས་གཞལ་ཏེ་འདིའི་སྐོར་ཅུང་ཟད་གླེང་བར་བྱ། མདོ་འདུས་ལས་p54 ཁ་བ་སུབ་མས་རྟ་རྗེས་བཅད། ཉི་མ་དགུ་ཤར་ཁ་བ་བཞུས། ཞེས་དང་། གཟེར་མིག་p723 “དེ་ནས་ནམ་ཕྱེད་རྟ་བརྐུས་ནས། ཐོ་རངས་ཁ་བ་འདོམ་དགུ་ནི། རྟ་ཡི་རྗེས་སུ་ཕབས་ནས་བཞག” ཡང་གཟེར་མིག་p726“ད་ལྟ་མྱ་ངན་ཐང་ནག་དཀྱིལ་ན། མེ་འབར་བྲག་གསེབ་ཏུ། པདྨའི་སྡོང་པོ་སྐྱེས་པ་བཀྲ་ཤིས་ཀྱིས་རྟགས་སོ། །བོད་དང་སྟག་གཟིག་གི་སོ་མཚམས་དེ་ལ་ཐུག་པའོ། །དེ་ནས་སྟོན་པ་ཡང་བོད་ཀྱི་ཆུ་བོ་བཞི་འདུས་ཀྱི་འགོ་བོར་ལྷན་གྱིས་བྱོན་ནོ།” ཞེས་དང་། གཟི་བརྗིད་པོད་བརྒྱད་པ་ལས།p307བོད་དང་སྟག་གཟིག་སོ་མཚམས་ནས། གང་བྱུང་དམག་གིས་བསྒུག་ནས་གསོད། ཅེས་དང་། གཟི་བརྗིད་པོད་བརྒྱད་པ་ལས། p312 གཤེན་ཡུལ་འོལ་མོ་ལུང་རིང་དང་། དག་ཤ་དུང་སྒོ་ཡན་ཆད་དུ། བདུད་ཀྱི་ཁ་བ་ཡས་མར་གཏིབས། ཅེས་དང་ལུང་དེའི་འཕྲོ་ནས་ལོག་པའི་དམག་ཚོགས་རྣམས་ནི། བདུད་ཀྱི་རྫུ་འཕྲུལ་གྱིས་བསྐྱོད་ནས། བྱང་ནུབ་དག་ཤ་དུང་སྒོའི་གླིང་ཆེན་གྱི་འགྲམ་དུ་ཕེབས་སོ། །ཅེས་དང་། གཟི་བརྗིད་པོད་བརྒྱད་པ་ལས། p314སྟོན་པའི་ཐུགས་ལས་ཉི་ཟེར་གྱི་མདའ་ལམ་དྲངས་ནས། བདུད་ཀྱི་ཁ་བ་ཡང་ཡས་མར་ཞུ་ནས། ཤར་ལྷོ་རྒྱ་མོ་མོ་ཁྲོམ་གླིང་ནས། དག་ཤ་དུང་གི་སྒོ་མོ་ལ་གཤེགས་སོ། ཅེས་གསུངས། གཟི་བརྗིད་p316བོད་དང་སྟག་གཟིག་གི་སོ་མཚམས། དག་ཤ་དུང་གི་འགྲམ་དུ། རྒྱ་མཚོ་ཆེན་པོའི་དཀྱིལ་དུ། པད་མའི་སྡོང་པོ་སྐྱེས་ཏེ། བཀྲ་ཤིས་ཀྱི་ས་རྟགས་སུ་བཞགས་སོ། སྟོན་པས་ཟ་ཧོར་དང་ཡུ་གུར་དང་ཁ་ཆེ་དང་། བྲུ་ཤའི་བོན་པོ་རྣམས་ལ་བོན་དུ་གསང་བ་སྔགས་ཀྱི་ལུང་ཕོག ཡས་རྟགས་སུ་འབྲུ་དགུ་ཡུ་ཏི་དང་། ཕྱི་ནང་གི་མཆོད་པ་བསྟན། ཅེས་གསུངས། གཟེར་མིག་p726 “ད་ལྟ་མྱ་ངན་ཐང་ནག་དཀྱིལ་ན། མེ་འབར་བྲག་གསེབ་ཏུ། པདྨའི་སྡོང་པོ་སྐྱེས་པ་བཀྲ་ཤིས་ཀྱི་ས་རྟགས་སོ། །བོད་དང་སྟག་གཟིག་གི་སོ་མཚམས་དེ་ལ་ཐུག་པའོ། དེ་ནས་སྟོན་པ་ཡང་བོད་ཀྱི་ཆུ་བོ་བཞི་འདུས་ཀྱི་འགོ་བོར་ལྷན་གྱིས་བྱོན་ནོ།” ཞེས་དང་། གཟེར་མིག་གི་ལུང་འདིས་ས་གནས་འདི་བོད་དང་སྟག་གཟིག་གི་ས་མཚམས་སུ་གསུངས་ཀྱང་གཟི་བརྗིད་དང་རྩ་རྒྱུད་ཉི་སྒྲོན་གཉིས་མཐུན་པར་འདི་སྟག་གཟིག་དང་ཞང་ཞུང་སོ་མཚམས་གསུངས་པས་གཟེར་མིག་འདིར་ཆད་ལྷག་ཤོར་བ་ཡིན་ནམ་དཔྱད་པའི་གནས་སོ། །རྩ་རྒྱུད་ཉི་སྒྲོན། p49 “དབལ་སོ་གངས་ར་ལ། རྟག་གཟིགས་ཡུལ་དང་ཞང་ཞུང་ཡུལ་གྱི་བར་དུ། འདོམ་གང་སྒོ་གཅིག་ཡོད། བར་དེར་གཅན་འཕྲང་མུན་གླིང་ཉིན་ལམ་དགུ་དགུ་ཡོད་པའོ། །” ཞེས་དང་། རྩ་རྒྱུད་ཉི་སྒྲོན། p228“མངའ་རིས་ཡར་རྩེ་སྤུ་རང་ལ་ཐུག སྤུ་རང་ཡུལ་ན་གངས་ཏེ་ཙེ་ཡོད། མཚོ་མ་པང་དང་། སྤོས་རི་ངད་ལྡན་ཡོད། སྒྲུབ་གནས་ཆེན་པོར་སྟོན་པས་མངའ་ཡང་གསོལ། ཞང་ཞུང་དང་བོད་ཁམས་ཀྱི་དབུས་སོ།། དེ་ནས་ཡ་མཚམས། ཞང་ཞུང་མུ་ཕྱམ་དུམ་པ་ཚལ་དུ་བྱོན་ནས། བྲག་ལ་གཤེན་རབ་ཞབས་རྗེས་ཡོད། དེའི་ཡ་མཚམས་ན་བྲག་པདྨ་ལྟ་བུ་ལས་ཆུ་བབ་སྟེ། བོད་ཀྱི་ཆུ་བཞིའི་འགོ་བོ་དེར་ཟུག་པའོ། དེའི་ཡར་ཟད་ན་བོད་དང་ཞང་ཞུང་རྟག་གཟིགས་གི་རུ་མཚམས། མེ་འབར་བྲག་གསེབ་ན། པདྨའི་སྡོང་པོ་ཡོད། དེའི་ཡར་ཟད་ནས་བྱང་ཆུབ་འོད་འཕྲོའི་ཞིང་ཁམས་ཡོད། དེའི་ཡར་མཚམས་ན། མུན་གླིང་གཅན་འཕྲང་ཉིན་ལམ་དགུ་ཡོད་པ། སྟོན་པས་ཉི་ཟེར་མདའ་ལམ་ཕྱེས་ནས། མི་སྡེ་ཞིང་ཁམས་འབྲུ་རྫོང་ཟམ་ལམ་ཡོད། གངས་བྲག་ཕྱེ་ནས་སེམས་ཅན་འགྲིམ་ལམ་ཡོད། དེའི་ཕར་མཚམས་དབལ་སོ་གངས་ར་ན། ཞང་ཞུང་སྟག་གཟིག་ས་མཚམས་འདོམ་གང་སྒོ་གཅིག་ཡོད། དེའི་ཕར་ནང་ལྕགས་རི་ཆེན་པོ་ལ། ཉི་ཟེར་མདའ་ལམ་དྲང་བས་འདོམ་གསུམ་ཚད་གྱི་སྒོ། སྒོ་སྲུང་མི་སྡེ་དཔུང་བཅས་མང་པོ་བྱེད། དེའི་ཕར་ནང་མུ་ཁྱུད་བདལ་པའི་མཚོ། གཟིངས་ཆེན་ཤན་ལ་རླུང་གིས་བསྐྱོད་ནས་བགྲོད། དེའི་ཕར་ནང་འོལ་མོ་གཤེན་རབ་ཡུལ། བོད་འབངས་བདུད་འཁོར་འབངས་སུ་ཆད་དེ་ཕྱིན། ཁྱབ་པ་མ་འདུལ་སྤྱོད་ལམ་དུལ་ཚུལ་སྟོན། སྟོན་པས་བོད་ཁམས་འགྲོ་དོན་མཐར་ཕྱིན་ནོ། །” ཞེས་དང་། བསྒྲག་གླིང་p126 “ནུབ་སྟག་གཟིག་དང་དབུས་གངས་ཀྱི་ར་བའི་བར་ན། བ་དག་ཤན་དུང་གི་སྒོ་མོ་འདྲ་བས་བཅད།” ཅེས་དང་། བསྒྲག་གླིང་ལས། p121དང་པོ་ལ་འབྲེ་དཔལ་གྱིས་སྟག་གཟིག་གི་ཁ་མ་ནོན། སྟོད་ཀྱི་མཁར་བཞི་ཤོར། པ་དག་ཤ་དང་། བུ་ཏིང་དུ་བསླིང་ལོག་བྱུང་། ཅེས་གསུངས (དཔེ་ཁུངས་འདི་གངས་ཏི་སེ་བོན་གཞུང་རིག་མཛོད་ལྟར་དུ་ཡིན། གང་ཡིན་ཞེ་ན་ངས་གཞན་དུ་དྲངས་པའི་བསྒྲག་གླིང་གི་དཔེ་ཆའི་ནང་དུ་འདི་ཆད་འདུག) འདིར་བསྟན་པའི་བུ་ཏིང་ཞེས་པ་དེ་གསལ་པོར་མ་ཤེས་ཀྱང་སྦལ་ཏི་སྐོར་ལ་ཟེར་གི་ཨེ་ཡོད་སྙམས། གླེང་གཞི་བསྟན་པའི་བྱུང་ཁུངས་ལས། p370དབལ་སོ་གངས་ཀྱི་ར་བ་ལ། སྟོན་པ་བོད་དུ་བྱོན་པའི་ཤུལ་འདོམ་གང་སྒོ་གཅིག་ཡོད། བར་དེར་མུན་པའི་ལམ་གཅན་འཕྲང་ཉིན་ལམ་དགུ་དགུ་ཡོད། ཅེས་པ་ནི་རིའི་ཁོང་སིང་ངོ།། ཅེས་གསུངས། གོང་གི་རྩ་རྒྱུད་ཉི་སྒྲོན་གྱི་ལུང་འདིས་སྟོན་པ་བོད་དུ་ཕེབས་ཟིན་ནས་ཡར་ཕེབས་ཚུལ་བསྟན་པ་ཡིན་ལ་ལུང་གཞན་གྱིས་འོལ་གླིང་ནས་བོད་དུ་ཚུར་ཕེབས་ཚུལ་བསྟན་པ་དབྱེ་ཤག་ཕྱེ་ཤེས་པར་བྱ་དགོས།
མདོར་ན་ཏ་ཟིག་དང་ཞང་ཞུང་གི་ས་མཚམས་སྐོར་འཁོད་པའི་ལུང་འདི་དག་གུང་བསྒྲིག་རྗེས་ཀྱི་མཐའ་སྡོམ་ནི། ཏ་ཟིག་དང་ཞང་ཞུང་གི་ས་མཚམས་ན་བདུད་ཀྱིས་ཁ་བ་ཕབ་པའི་སྐོར་དུ་གངས་རས་བཅད་པ་དང་། གངས་ར་དེའི་ཤར་ལྷོ་ན་བོད་དུ་ཡོང་སའི་ལམ་སྒོ་ཞིག་ཡོད་པ་དང་། དེ་ལ་དག་ཤ་དུང་སྒོའམ། བ་དག་ཤན་དུང་གི་སྒོ་མོར་འབོད་ཅིང་། དེ་ནི་བོད་དང་ཏ་ཟིག་གི་ས་མཚམས་ཡིན་པ་གསལ་པོ་བསྟན་ཡོད་ལ། དེའི་ཚུར་རོལ་དུ། ཆུ་དཀྱིལ་དུ་པད་མའི་སྡོང་པོ་བཀའ་རྟགས་སུ་བཞག་པ་དང་། དེའི་ཚུལ་རོལ་ན་མུན་གླིང་གཅན་འཕྲང་ཉིན་ལམ་དགུས་ཆོད་པ་བཅས་ཡོད་པར་བསྟན། འདིའི་མུན་གླིང་ཞེས་པ་ནི་རོང་བྲག་དང་། གཡང་གཟར་ཆེ་ཞིང་དགྲ་རྐུན་གཅན་གསུམ་གྱི་འཇབ་བུ་རྒོད་ས་ཞིག་ཡིན་པར་ངོས་འཛིན་ཆོག་པར་སྙམས། དེའི་ཚུར་རོལ་ན་ཞང་ཞུང་དང་རྟག་གཟིགས་གི་རུ་མཚམས་སུ། མེ་འབར་བྲག་གསེབ་ན། པདྨའི་སྡོང་པོ་ཡོད་སའི་བཀའ་རྟགས་སུ་བཞག་པ་སོགས་གསུངས་ཡོད། ད་འོ་ན་དེ་འདྲའི་ས་གནས་བ་དག་ཤ་ཟེར་བ་དེ་ད་ལྟ་ངོས་འཛིན་དུ་ཡོད་དམ་ཞེ་ན། ཡོད་དེ། ས་གནས་དེའི་ལྷོ་དང་ལྷོ་ནུབ་ན་ཨ་ཧྥི་རྒཱན་ནི་སི་ཋན་དང་འབྲེལ་ལ། བྱང་ཏ་ཇིག་སི་ཋན་དང་འབྲེལ་བ། ཤར་ལྷོ་ན་ཀྲུང་གོའི་ཤིན་ཇང་དང་འབྲེལ་བ། ལྷོ་སྟོད་ན་པ་ཀི་སི་ཋན་དང་འབྲེལ་བའི་ཁུལ་འདིར་བ་དག་ཤན་གྱི་ཁུལ་ཡིན་ལ། ཁུལ་འདིར་ད་ལྟའང་བྷ་དག་ཤན་ Badakhshan ཟེར། ཐད་ཀར་རོབ་རྩིས་མཁའ་ཐིག་གིས་འཇལ་ན་ཞང་ཞུང་གངས་ཏི་སེའི་མདུན་ནས་བ་དག་ཤན་བར་སྤྱི་ལེ་900Km ལྷག་ཙམ་ཡོད། ལྷག་པར་དུ་དེང་ཨཧྥ་རྒཱ་ནི་སིཋན་གྱི་མངའ་སྡེ་སོ་བཞི་གྲས་ནས་བྱང་ཤར་ཁུལ་གྱི་བ་དག་ཤན་མངའ་སྡེ་དང་། ཏ་ཇིག་སི་ཋན་གྱི་པཱ་མིར་རི་རྒྱུད་སྒོར་ནོ་བ་དག་ཤན་སོགས་ཀྱི་ཁུལ་ཡིན། དག་ཤ་དུང་སྒོའི་ཚུར་རོལ་ན་སྟོད་དུ་བྲུ་ཤྭ་དང་། ཡུ་གུར། དེའི་གཡོན་ན་ཁ་ཆེ་དང་། སྨད་ན་ཨོ་རྒྱན་དང་ཟ་ཧོར་གྱི་ཡུལ་སོགས་ཡོད།
འདིའི་སྐོར་ཅུང་ཟད་བཤད་པར་བྱ་སྟེ།
བྲུ་ཤྭ། བྲུ་ཤ་ནི་དེང་པ་ཀི་སིཋན་གྱི་ཁོངས་སུ་གཏོགས་པའི་རྒིལ་རྒེཊ་དང་། སྦལ་ཏི་སིཋན། ཧུནྫ་སོགས་ཀྱི་ཡུལ་འདི་དག་ཡིན་ལ། ཡུལ་འདིའི་མི་རིགས་ལ་Brusho བྲུ་ཤྭ་ཟེར་ཞིང་ཁོང་ཚོའི་རང་སྐད་ལ་Brushaski ཟེར། པ་ཀི་སིཋན་ནང་དུ་བྲུ་ཤྭའི་མི་རིགས་དགུ་ཁྲི་ཡས་མས་ཤིག་ཡོད་སྐད་འདུག་ལ། དེང་རྒྱ་གར་གྱི་ཁོངས་ཁ་ཆེའི་ཡུལ་དུའང་བྲུ་ཤྭའི་མི་རིགས་བཞི་བརྒྱ་མ་ཟིན་ཙམ་ཡོད་ཟེར། གོང་དུ་བཤད་པའི་བྲུ་ཤྭའི་མི་རིགས་གནས་སའི་ཡུལ་ཧུནྫ་ནི་དེང་དྲ་ཐོག་ཏུ་སྐད་གྲགས་གང་མཚམས་ཡོད་པའི་ཡུལ་སྐོར་ལྟེ་གནས་ཤིག་ཡིན་ཞིང་། ཡུལ་དེའི་མི་རྣམས་ཚེ་རིང་པོ་ཐུབ་ཅིང་བུད་མེད་རྣམས་ལོ་དྲུག་ཅུ་ལ་སླེབས་ནའང་ཕྲུ་གུ་སྐྱེ་ཟེར། དེ་བཞིན་དུ་ལོ་ངོ་བརྒྱ་ལས་བརྒལ་བའི་རྒན་རྒོན་ནི་མང་སྐད། ལར་ལྗོངས་རྒྱུ་བ་འབོད་འགུག་གི་ཐབས་ལམ་སྟེ་སྐད་ཆ་ལ་སྣོན་པ་ཅུང་ཟད་རེ་ནི་ཡོད་སྲིད་མོད་ཀྱི། རྩ་བའི་བཤད་གཞི་ཞིག་ནི་ཡོད་པར་འདུག་ལ་འདི་ནས་དུས་ཡུན་མི་རིང་བ་ཞིག་སྟེ། དུས་རབས་ཉི་ཤུ་པའི་སྟོད་ཙམ་ན་ཕྱི་རྒྱལ་ལྗོངས་རྒྱུ་བ་ཞིབ་འཇུག་མཁན་ལྗེམསི་ཧེལ་ཊོན་ཞུ་བ་ཞིག་འདི་ཉིད་ཤམ་བྷ་ལ་ཨེ་ཡིན་གྱི་རེ་བ་དང་སྦྲགས་ནས་གནས་དེར་ཕྱིན་འདུག བྲུ་ཤྭ་འདི་ནི་བ་དག་ཤ་ཡི་ཁུལ་དང་འབྲེལ་ནས་ཡོད་དོ། །རྩ་རྒྱུད་ཉི་སྒྲོན། p156 “དེ་ནས་སྟོན་པ་བྲུ་ཤ་གར་ལོགས་ཡུལ་དུ་གཤེགས། བྲུ་ཤ་གནམ་གྱི་བོན་རྔ་ཞོན། གར་ལོག་སྐྱིད་མཁར། ཡུ་གུར་འཕན་སྣང་དང་གསུམ་ལ། བདེན་གཉིས་དོར་མཉམ་གྱི་བོན་བཤད་དེ་བསྟན་པ་བཞག” ཅེས་གསུངས།
ཡུ་གུར། འདི་འགའ་ཞིག་ན་སྤུ་གུར་ཞེས་བྲིས་ནས་སྣང་མོད་ཀྱི། དབུ་མེད་ཀྱི་”ཡུ་”དང་”སྤུ”གཉིས་འདྲ་ཆེ་སྟབས་ཀྱི་བྲིས་པས་ཡུ་ཉིད་སྤུ་རུ་བསྒྱུར་བར་ངེས་སོ་སྙམས། འོན་ཀྱང་སྤུ་གུར་ཞེས་པའི་ཡུལ་ཞིག་དེ་ཤེད་དུ་ཡོད་ན་ནི་དེར་ཟད་ཀྱི། དེ་མིན་གོང་བཤད་དེ་རྒྱུ་མཚན་རྣལ་མ་དུ་ངོས་བཟུང་ནའང་འགྲིག་པའི་ཚོད་ཙམ་ལགས། ཡུ་གུར་ནི་དེང་ཀྲུང་གོའི་ཤིན་ཇང་ཡུ་གུར་ཟེར་བ་སོགས་ཀྱི་རིགས་དེ་ཡིན་པར་ངེས་མོད། འོན་ཀྱང་གནའ་བོའི་དུས་ན་ཊག་ལ་མཱ་ཀའན་བྱེ་སྒང་(ཕྲན་གྱིས་བྱེ་སྒང་འདི་བསྒྲག་གླིང་ལས་གསལ་བའི་”བྱང་གེ་སར་དང་དབུས་གངས་ཀྱི་ར་བའི་བར་ནི། བྱེ་མ་སྒང་རིང་ཉ་ཡི་སྒལ་འདྲ་བས་བཅད། ཟེར་བ་དེར་ངོས་བཟུང་ནས་ཡོད) གི་ལྷོ་ནུབ་ཁུལ་ན་གནས་པའི་ཡར་ཀཱནྡ་莎车县བྱ་བའི་ཁུལ་དང་། ཧོ་ཐན་和田་བྱ་བའི་ཡུལ་འདི་ཙམ་ལས། དེང་གི་ཤིན་ཇང་ཡུལ་གང་པོ་ནི་མ་ཡིན་པར་སེམས་ཏེ། བྱེ་སྒང་འདིའི་བྱང་རྒྱུད་ཀྱི་ཁུལ་གཙོ་བོར་བྱས་པ་ཞིག་ནི་སྐབས་དེ་ཤེད་དུ་ཕྲོམ་གེ་སར་གྱི་ཡུལ་ཡིན་པས་སོ། །གོང་དུ་བཤད་ཟིན་པའི་ཡུ་གུར་དང་ བྲུ་ཤྭ་ བ་དག་ཤ་སོགས་ནི་ཕན་ཚུན་ས་མཚམས་སུ་ཁེལ་བ་ཡིན། མདོར་ན་གོང་དུ་བཤད་པའི་ས་གནས་དེ་དག་གིས་མཛད་མདོའི་དགོངས་པ་རྣམས་ཁ་གསལ་དུ་སོང་བ་ཡིན་ཞིང་། ས་གནས་སོགས་ཀྱང་ཁོ་བོས་བྱས་པའི་ས་ཁྲར་བལྟས་ན་ངོས་ཟིན་སླའོ།།
ཨོ་རྒྱན་ཡུལ། དགེ་ཆོས་གསེར་ཐང་ལས། p67 “ཧི་མ་ལ་ཡའི་རི་རྒྱུད་སྤྱི་ལ་གངས་ཅན་དུ་བྱས་པས། ནུབ་ཕྱོགས་ཨོ་རྒྱན་ཡུལ་ནས་ཤར་དུ་ཀོང་ཡུལ་ཅེས་དང་།” ཡང་དེ་ཉིད་ལས།“ཁ་ཆེའི་ཡུལ་ནས་ནུབ་ཏུ་ཨོ་རྒྱན་དང་ཤིན་ཏུ་ཉེ་ཚོད་ཡིན་འདུག་ཀྱང་ལམ་མེད”ཅེས་གསུངས། “ཨོ་རྒྱན་ཡུལ་གྱི་གཞུང་ཆུ་སྭ་ར་བྱ་དེ་དང་། ཀ་བིལ་Kabulགྱི་ཆུ་གཉིས་འདྲེས་པས་གནྡ་རི་ཡུལ་དུ་སླེབས་ནས་རྡོ་འཇོག་དང་མི་རིང་པ་ན་སིནྡྷུ་དང་འདྲེས་”གསུངས་པའི་རྡོ་འཇོག་ནི་ཏཀྵཤིལ་Taxilaཡིན་ཞིང་། དགེ་ཆོས་ཀྱི་གསེར་ཐང་ལས་” གླང་ལོ་ཟླ་བ་བརྒྱད་པའི་ནང་ལ་ཏཀྵཤིལ་རྡོ་འཇོག་ཏུ་སླེབས་”གསུངས། དེང་སང་ཡང་ཏག་ཤི་ལ་ཟེར། གོང་དུ་གསེར་ཐང་ལས་དྲངས་པའི་”ཨོ་རྒྱན་ཡུལ་གྱི་གཞུང་ཆུ་སྭ་ར་བྱ་དེ་”ནི་དེང་གི་ཡུལ་སིཝཱ་ཋི་Swatནས་འབབ་པའི་ཆུ་བོ་སིཝཱ་ཋི་Swatབྱ་བ་འདི་ཡིན་པ་ཆུ་བོ་འདི་ཉིད་ཀ་བུལ་གྱི་ཆུ་བོ་དང་འདྲེས་མཐར་ཆུ་བོ་སིནྡྷུ་དང་འདྲེས་ཚུལ་གསུངས་པ་དག་གིས་ཐེ་ཚོམ་བསལ་ནུས། ཆུ་བོ་སིནྡྷུ་འདི་མངའ་རིས་ཀྱི་གངས་ཏི་སེའི་བྱང་ཕྱོགས་ནས་འབབ་པའི་ཆུ་བོ་དེ་ཡིན། འདི་ལ་ཨིནྡྷུསི་Indus river ཆུ་བོ་ཡང་ཟེར། ཆུ་བོ་འདི་ཉིད་པ་ཀི་སི་ཋན་གྱི་སིནྡྷུའི་ཀླུང་བརྒྱུད་མཐར་ཨ་རབ་རྒྱ་མཚོར་འབབ་པ་ཡིན། ཡང་དགེ་ཆོས་ཀྱིས་གསེར་ཐང་དུ། “ཁ་ཆེའི་ཡུལ་ནས་ནུབ་ཏུ་ཨོ་རྒྱན་དང་ཤིན་ཏུ་ཉེ་ཚོད་ཡིན་འདུག་ཀྱང་ལམ་མེད། དེས་ན་པུ་ཤ་ཝར་ནས་སོང་ན་ཉིན་བཅུ་གསུམ་ཙམ་ནས་སྣེ་ལ་ཟིན”གསུངས་པའི་པུ་ཤ་ཝར་ནི་དེང་པེ་ཤ་ཝར་Peshawar འབོད་པའི་གྲོང་ཁྱེར་ཏེ། ཨོ་རྒྱན་གྱི་ཆུ་བོ་དང་ཨབ་རྒན་ནས་འབབ་པའི་ཀ་བུལ་ཆུ་བོའི་འདུས་མཚམས་ནས་སྤྱི་ལེ་ཉི་ཤུ་ཡས་མས་ཡོད་པ་དེ་ཡིན་པར་སྣང་། གྲོང་ཁྱེར་འདི་ནས་བྱང་ཤར་དུ་རོབ་རྩིས་སུ་སྤྱི་ལེ་བརྒྱ་དང་ཉི་ཤུ་ཡས་མས་ཨོ་རྒྱན་གྱི་ལྟེ་བ་ཡོད་ཅིང་། འདི་ནས་སོང་ན་ཉིན་བཅུ་གསུམ་ཙམ་ནས་སྣེ་ལ་ཟིན་གསུངས་པ་དང་ཏག་ཏག་འབྱོར། དགེ་ཆོས་གསེར་ཐང་དུ། “གྲོང་ཆེ་ཤོས་ནི་མལཀནྡ་ཡིན་ཅིང་། དེ་ནས་ཉིན་གཉིས་ཙམ་ལ་ཨོ་ཊི་གྲམ་སྟེ་ཨོ་རྒྱན་གྱི་གྲོང་རང་ལ་སླེབས་ཤིང་། དྷུམཐལ་ཡང་དེ་རང་ལ་ཟེར།” གསུངས་པའི་མལཀནྡ་ནི་གྲོང་ཁྱེར་པེ་ཤ་ཝར་ནས་བྱང་སྨད་དུ་སྤྱི་ལེ་བདུན་ཅུ་ཡས་མས་ཙམ་དུ་ཡོད། ད་ལྟའང་མ་ལཀནྡ་ Malakand ཟེར། གོང་དུ་གསུངས་པའི་ཨོ་ཊི་གྲམ་ནི་མ་ལཀནྡ་ནས་བྱང་ཤར་ཕྱོགས་སུ་སྤྱི་ལེ་ལྔ་བཅུ་མ་ཟིན་ཙམ་ཡས་མས་ན་མཆིས་ཤིང་ད་ལྟའང་ཨོ་ཊི་གྲམ་Odigram་ཟེར། གོང་སྨོས་ཀྱི་ཡུལ་དེ་དག་ཀུན་ཀ་ཨོ་རྒྱན་གྱི་ཁོངས་སུ་འདུ་བ་མ་ཟད། འདི་དག་ནི་ཨོ་རྒྱན་གྱི་ལྟེ་བར་ངོས་འཛིན་གྱི་ཡོད་པར་འདུག བཙུན་པ་ཐང་ཞོན་ཙང་གི་ལམ་ཡིག་ཏུ་ཨོ་རྒྱན་ཡུལ་བཀོད་པའི་ནང་དུ་ཀླུ་ཨ་པ་ལཱ་ལའི་ཆུ་མིག་སྐོར་བསྟན་པའི་སྐབས། “ཆུ་མིག་དེ་མན་ག་ལ་ཨོར་གྲོང་ནས་བྱང་ཤར་དུ་ལེ་དབར་ཉིས་བརྒྱ་ང་དྲུག་བསྐྱོད་རྗེས་ཀྱི་རི་བོ་ཆེན་པོའི་ལམ་དུ་ཞུགས་པའི་མཚམས་ན་གནས།” ཅེས་གསུངས། མན་ག་ལ་ཨོར་ནི་དེང་མིང་གོ་ར་Mingora་ཞེས་ཨོ་ཊི་གྲམ་གྲོང་ནས་སྤྱི་ལེ་ལྔ་དྲུག་ཙམ་ན་གནས་པ་དེ་ཡིན་པ་འདྲ། ལར་གྲོང་དེ་གཉིས་ཕན་ཚུན་འདབ་འབྲེལ་ནས་ཡོད་ཅེས་སྨྲས་ནའང་འགྲིག་པར་སྣང་། འདི་དག་ལ་བསམ་ཚེ་གནའ་སྔ་མོར་དེ་ནས་བྱང་དུ་ཨོ་རྒྱན་གྱི་ཆུ་བོ་བརྒྱུད་གྲོང་ཁྱེར་ཀ་ལམ་སོགས་དང་བཅས་པ་ཨོ་རྒྱན་གྱི་ཁོངས་སུ་འདུ་བ་ཨེ་ཡིན་སྙམས།། ཨོ་རྒྱན་འདི་གཞན་སྡེས་གསང་སྔགས་ཐོག་མར་དར་བའི་གནས་སུ་བཞེད་པ་དང་། ཡུལ་དེར་གསང་སྔགས་ལས་རུང་གི་མཁའ་འགྲོ་མ་མང་བའི་གནས་སུ་བཞེད་པར་སྣང་ལ། (ཡུལ་འདི་ཚོའི་མིང་འདི་དག་དགེ་ཆོས་ཀྱི་གསེར་ཐང་ལ་གཞི་བཞག་ཐོག་ཡུལ་མིང་དབྱིན་ཡིག་ཏུ་ཁོ་བོས་བཏབ་པས་ན། ནོར་བ་མཆིས་ཚེ་དུས་ཐོག་ཏུ་བཀའ་སློབ་མ་ཆུང་)སྒ་སྟོན་གྱིས།“ལྷ་རི་གྱང་མ་གྱང་ཐོ་ཨོ་རྒྱན་གྱི་ཡུལ་ན་ཡོད་པར་ཐེག་པའི་རིམ་པ་མངོན་དུ་བཤད་པའི་མདོ་ལས་བཤད་དོ།” ཅེས་གསུངས། དེས་ན་རྒྱ་གར་གྱི་བོན་སྐོར་རྣམས་ཀྱང་ཚུལ་ཇི་ལྟར་དར་བ་རགས་ཙམ་དཔོག་ཐུབ་པར་མངོན་ལ། སྟོན་པ་མཆོག་དག་ཤ་དུང་སྒོ་བརྒལ་རྗེས་སུ་བྲུ་ཤ་དང་ཟ་ཧོར་གྱི་སོགས་ཀྱི་བོན་པོ་ལ་བོན་དུ་གསང་བ་སྔགས་ཀྱི་བོན་གསུངས་བར་བསྟན་པ་དག་ཡིད་ལ་ལམ་མེར་འཆར་བར་བྱེད་དོ།།
ཁ་ཆེ། ཁ་ཆེ་འམ་ཀསྨིར་ནི་དེང་རྒྱ་གར་གྱི་ཁོངས་སུ་ཡོད་པའི་ལ་དྭགས་ཀྱི་ནུབ་རྒྱུད་ཀལ་རྒིར་kargilདང་། ཇཱ་མུ་ཀསྨིར་སོགས་ལྟེ་བར་བྱས་པའི་ཁུལ་དང་། དེ་དང་ཉེ་བའི་པ་ཀི་སི་ཋན་ཁོངས་སུ་ཡོད་པའི་ཁུལ་དག་ཡིན། དགེ་ཆོས་ཀྱི་གསེར་ཐང་ལས་ “ཁ་ཆེའི་ཡུལ་ནས་ནུབ་ཏུ་ཨོ་རྒྱན་དང་ཤིན་ཏུ་ཉེ་ཚོད་ཡིན་འདུག་ཀྱང་ལམ་མེད”ཅེས་དང་། གསེར་ཐང་ལས། p103 ཨོ་རྒྱན་གྱི་ཡུལ་བཤད་པའི་སྐབས་སུ། “ཡུལ་དེའི་ལྷོ་ངོས་རྒྱ་གར་གྱི་ཐང་ལ་བལྟ་བའི་ཕྱོགས་ནི་པིཤ་བར་དང་། ནུབ་ཏུ་ཀབིལ། བྱང་དུ་ནི་གངས་ཀྱི་རི་རྒྱུད་ཆེན་པོ་དང་། ཤར་ངོས་སིནྡྷུའི་ཆུ་དང་། དེའི་ཕ་རོལ་དུ་ཁ་ཆེ་དང་།” ཞེས་གསུངས་པའི་ཨོ་རྒྱན་གྱི་ཡུལ་ (ཨུ་རྒྱན་ཞེས་བྲིས་པའང་ཡོད།) ནས་ཤར་དུ་ཆུ་བོ་སིནྡྷུ་དང་། དེ་ཕ་རོལ་དུ་ཁ་ཆེ་ཡོད་པར་གསུངས་པ་འདིས་ཁ་ཆེ་ནི་དེང་པ་ཀི་སིཋན་གྱི་གྲོང་ཁྱེར་ཨིསི་ལཱ་མ་སྦཏི་ནས་ཐད་ཀར་ལ་དྭགས་ཏུ་འཇལ་བའི་དཀྱིལ་ཙམ་དུ་ཡོད། ས་དེར་དེང་ཇཱ་མུ་དང་ཀསྨིར་ཟེར་བའི་ཡུལ་ཏེ་མཐའ་སྐོར་གངས་ཀྱིས་བསྐོར་བའི་ལུང་གཤོང་དེར་དབུས་བྱས་པའི་ཁུལ་ནི་ཁ་ཆེའི་ཡུལ་ཡིན་ནོ། དུས་ཕྱིས་སུ་ཡུལ་དེ་གའི་ཁ་ཆེའི་མི་རིགས་རྣམས་ཁ་ཆེ་གུར་གུམ་སོགས་ཀྱི་ཐོན་རྫས་ཁྱེར་ནས་བོད་དུ་ཚོང་ལ་འོང་སྟེ་བོད་ནས་གླ་རྩི་སོགས་བོད་ཀྱི་ཐོན་རྫས་འཚོལ་སྡུད་བྱེད། དེ་དག་ནས་རྒྱུན་རིང་བོད་དུ་སྡོད་མཁན་རྣམས་བོད་རིགས་དང་གཉེན་བསྒྲིགས་ཏེ་གཞིས་ཆགས། འདི་རྣམས་ཡུལ་ཁ་ཆེ་ནས་འོང་བས་ན་ཁོང་ཚོས་སྤྱོད་པའི་ཨེསི་ལམ་གྱི་ཆོས་ལུགས་ལ་བོད་པས་ཡུལ་གྱི་མིང་བཏགས་ནས་དེང་ཁ་ཆེའི་ཆོས་སུ་འབོད་པ་ཡིན་མོད། དོན་དངོས་སུ་དེ་ནི་ཡུལ་གྱི་མིང་ཡིན་པ་ལས་ཆོས་ལུགས་ཀྱི་མིང་མ་ཡིན་ནོ།།
ཟ་ཧོར། མཛད་མདོ་ལས་གསལ་བའི་ཟ་ཧོར་ནི་དེང་པ་ཀི་སིཋན་གྱི་སྟོད་ཕྱོགས་སུ་ཡོད་དགོས་པར་ངེས་ཏེ། སྟོན་པ་མཆོག་དག་ཤ་དུང་སྒོ་ནས་བརྒལ་རྗེས་སུ་ཟ་ཧོར་དང་། ཡུ་གུར་བྲུ་ཤ་ཁ་ཆེ་སོགས་ཀྱི་བོན་པོ་ལ་གསང་བ་སྔགས་ཀྱི་བོན་གསུངས་པའི་ཕྱིར་རོ། །དེས་ན་དེང་པ་ཀི་སིཋན་གྱི་རཱ་ཝལ་པིནྡྷི་གྲོང་གི་ལྷོ་ཤར་དུ་སྤྱི་ལེ་བཅུ་གསུམ་མཚམས་སུ་ཡོད་པའི་ས་ཧོ་རཱ་འམ་ཡང་ན་ཟ་ཧོར་ཟེར་བ་འདི་ལ་ངོས་འཛིན་དགོས་པར་འདུག་སྙམས། ཡུལ་གཞན་དུ་ཟ་ཧོར་གྱི་མིང་དག་དབྱིན་ཡིག་ཏུ་ས་ཧོ་རཱ་Sahora ཞེས་དག་ཆ་འདི་རང་དུ་འདུག འདི་ནས་གོང་དུ་བཤད་པའི་ཡུལ་རྡོ་འཇོག་བར་དུ་སྤྱི་ལེ་བཞི་བཅུ་ཡས་མས་ཡོད་ཚོད། ས་ཆ་འདི་ཟ་ཧོར་གྱི་ལྟེ་བ་ཙམ་ཡིན་རྒྱུ་མ་ཟད་སྤྱིར་ཟ་ཧོར་འདི་ཨོ་རྒྱན་དང་སྤྱི་ཡི་ཆ་ནས་ཡུལ་གཅིག་གིས་བསྡུས་པ་མིན་ནམ་སྙམས། འོན་ཀྱང་འདི་ནི་བན་རྙིང་གི་གུ་རུ་པད་འབྱུང་འཁྲུངས་སའི་ཟ་ཧོར་དེའང་མ་ཡིན་ལ། ཇོ་བོ་རྗེ་འཁྲུངས་ས་དེའང་མ་ཡིན་པར་སྣང་། ཇོ་བོ་རྗེ་འཁྲུངས་སའི་ཟ་ཧོར་ནི་རྒྱ་གར་ཤར་ཕྱོགས་བྷངྒལ་དུ་ཡིན་པ་དགེ་ཆོས་ཀྱིས་གསུངས་ཅིང་། དེ་ནི་དེང་བྷང་ལ་རྡེཤི་ས་མཚམས་སུ། འབྲས་ལྗོངས་ཀྱི་ཆུ་བོ་ཆེན་མོ་ཧྥུ་ལ་ཧར་ཆུ་མོ་གངྒ་དང་འདྲེས་མཚམས་ཀྱི་ཀ་ཀོར་དུ་ཡིན་པར་འདུག གུ་རུ་པདྨ་འབྱུང་གནས་ཀྱི་ཡུལ་ཟ་ཧོར་ནི་དེང་རྒྱ་གར་གྱི་བྱང་སྟོད་ཧི་མ་ཅལ་གྱི་ཁོངས་སུ་གཏོགས་པའི་རེ་ཝཱལ་སར་(མཚོ་པདྨ)ཟེར་བ་འདིར་ངོས་འཛིན། འདིའི་ཨོ་རྒྱན་དེའང་དེའི་ལྷོ་ཤར་དུ་ཡོད་དགོས་པས་གོང་གི་ཨོ་རྒྱན་དེ་མ་ཡིན་ནོ། །དེས་ན་སྟོན་པ་དག་ཤ་དུང་སྒོ་བརྒལ་མཚམས་སུ་ཕེབས་པའི་ཟ་ཧོར་སོགས་ནི་འདི་གཉིས་མ་ཡིན་པ་ཤེས་པར་བྱ་དགོས་ལ། འདིས་རྒྱ་གར་གྱི་ཀ་ཀོར་དུ་ཟ་ཧོར་དང་ཨོ་རྒྱན་འགའ་ཞིག་ཡོད་པའང་ཤེས་ནུས་པ་ཡིན།
མདོར་ན་གོང་དུ་བཤད་པའི་ས་གནས་དེ་དག་གིས་མཛད་མདོའི་དགོངས་པ་རྣམས་ཁ་གསལ་དུ་སོང་བ་ཡིན་ཞིང་། ས་གནས་སོགས་ཀྱང་ཁོ་བོས་བྱས་པའི་ས་ཁྲར་བལྟས་ན་ངོས་ཟིན་སླའོ།། ལར་སྟོན་པ་བོད་དུ་ཕེབས་དུས་ཏ་ཟིག་ནས་ཤར་རེར་ཀོང་པོ་རུ་ཕེབས་ནས་ཕར་ལོག་པ་ཙམ་མ་ཡིན་པར་ཡུལ་ཁམས་མང་པོར་ཕེབས་ཡོད་དེ། རྩ་རྒྱུད་ཉི་སྒྲོན་ལས། p156“དེ་ནས་སྟོན་པ་རྐོང་ཡུལ་མཐིལ་དུ་ཕེབས་ཏེ། བོན་རི་སྐུ་ཤུག་དང་ཞབས་རྗེས་བཞག བདུད་དམག་རྐོང་དམག་བཏུལ། བདུད་རྗེ་རྐོང་རྗེ་རབ་ཏུ་བྱུང་། རྟ་བརྐུས་ཆལ་ཡང་འཇལ། རྐོང་ཟ་ཁྲི་ལྕམ་ཁབ་ཏུ་ཕུལ་ཏེ་ཐམས་ཅད་འབངས་སུ་ཆས། དྲང་དོན་སིལ་མའི་བོན་བསྟན་ནོ། དེ་ནས་སྟོན་པ་མོན་གྱི་ཡུལ་དུ་གཤེགས། མོན་གྱི་རྒྱལ་པོ་པྲོག་ཞུ་ཅན་ལ། རྒྱུ་འབྲས་རྣམ་པར་འབྱེད་པའི་དཔེ་༼དྲང༽དོན་བཤད། ཤེས་རྒྱུད་གྲོལ་ནས་ཀུན་ཀ་བོན་ལ་སྤྱོད། མོན་གྱི་བོན་པོ་པྲ་དུན་ཧས་པོ་ལ་བསྟན་པ་བཞག དེ་ནས་སྟོན་པ་ཁྱི་ཐན་ཡུལ་དུ་བྱོན། ཁྱི་ཐན་རྒྱལ་པོ་གར་བ་འགྱིང་ཆེན་ལ། ལས་རྒྱུ་འབྲས་ཀྱི་བོན་བཤད་ནས་བསྟན་པ་བཞག དེ་ནས་སྟོན་པ་ཕྲོམ་གྱི་ཡུལ་དུ་བྱོན། ཕྲོམ་གེ་སར་བྱ་ཞུ་ཅན་ལ། དགྲ་ལ་མངགས་པ་དང་། དགྲ་སྲི་མནན་པའི་བོན་བསྟན་ནོ། དེ་ནས་སྟོན་པ་བྲུ་ཤ་གར་ལོགས་ཡུལ་དུ་གཤེགས། བྲུ་ཤ་གནམ་གྱི་བོན་རྔ་ཞོན། གར་ལོག་སྐྱིད་མཁར། ཡུ་གུར་འཕན་སྣང་དང་གསུམ་ལ། བདེན་གཉིས་དོར་མཉམ་གྱི་བོན་བཤད་དེ་བསྟན་པ་བཞག དེ་ནས་སྟོན་པ་རི་(བོད་ཀྱི་ཡུལ་གྱི)གཉན་མགུར་ལྷ་བཅུ་གསུམ་ལ་སོགས། པོམ་ར། གླང་ཆེན་འགྱིང་བ། རི་བོ་རྩེ་ལྔ་། རི་བོ་ཏ་ལ། མུ་རྡོ་ལྷ་གཉན། ཐོ་ལ་རྨོག་མགོ། སྤོ་ནེ་རི་བཀྲ། སྨུག་པོ་རི། ཐང་ལྷ། ཡར་ལྷ། གནམ་མཚོ་ལ་སོགས་ཞབས་ཀྱིས་བཅག བཀའ་རྟགས་ཕྱག་རྒྱ་རེ་བཞག་པས། བོད་ཀྱི་ས་སྐོར་དུ། ནམ་ཡང་བོན་གྱི་བསྟན་པ་མི་འགྱུར་བརྟན། དེ་ནས་སྟོན་པ་ཞང་ཞུང་ཁ་ཡུག་ཡུལ་བྱོན། ཞེས་སོགས་གསུངས་པས་ཤེས་སོ།།
གཞན་ཡང་དེའི་སྐོར་དུ་སྟོན་པ་མཆོག་འཛམ་གླིང་གི་ཡུལ་མང་པོར་ཕེབས་པ་ཡིན་ཏེ། རྩ་རྒྱུད་ཉི་སྒྲོན་ལས། “དེ་ནས་སྟོན་པ་རྒྱ་གར་ཡུལ་དུ་བྱོན། རྒྱ་བོན་ཡེ་སངས་ཀྱི་རྒྱལ་ཐེབས་བྱས། རྒྱ་གར་གྱི་བོན་པོ་སི་ཏི་ཛྙ་ན་དང་། ལྷ་བདག་སྔགས་གྲོལ་ལ། ཁྲོ་བོ་རོལ་པ། གསས་མཁར་སེམས་དོན་གཏན་ལ་ཕབ། རྒྱ་གར་སྐད་བོན་གྱི་སྐད་ལ་བསྒྱུར། དེ་ནས་སྟོན་པ་བལ་པོའི་ཡུལ་དུ་བྱོན། བལ་བོན་ཨ་ཤོན་དང་། བལ་བོན་ཨ་སུ་ད་ར་ལ་རྒྱས་པ་འབུམ་དང་མཆོད་སྦྱིན་དང་། རྟ་བོན་ཚང་པའི་བསྟན་པ་བཞག སྐུ་གདུང་མཆོད་རྟེན་བཞེངས་པའི་ལུང་གནང་། བལ་པོའི་སྐད་ཀྱང་བོན་ལ་བསྒྱུར། དེ་ནས་སྟོན་པ་ཨུ་རྒྱན་ཡུལ་དུ་བྱོན། གསལ་བ་ཡེ་ཤེས་ཀྱི་གླིང་ལ་བྱོན། ཤེལ་སྐུ་ཚོན་གང་བ་གཅིག་སྟོན་པ་རང་གི་དབུ་ཐོག་བཞག་ནས། གཙུག་ཕུད་ཐོབ་པའི་གཤེན་དགུ་ལ། རྫོགས་པ་ཆེན་པོ་ཡང་གི་བོན་བཤད། གཤེན་དགུས་ཤེལ་སྐུ་ཀུན་བཟང་དངོས་སུ་མཐོང་། སྟོན་པས་ཤེལ་སྐུ་ཡི་དམ་ལྷ་རུ་ཕོག་སྟེ་གནང་ནས་སྒོམ་དུ་བཅུག སེམས་ཅན་དོན་དུ་བསྟན་པ་ཨུ་རྒྱན་ཡུལ་དུ་བཞག ཨུ་རྒྱན་སྐད་ཀྱང་བོན་གྱི་སྐད་དུ་བསྒྱུར། དེ་ནས་སྟོན་པ་ཟ་ཧོར་ཡུལ་དུ་བྱོན། མུ་སྟེགས་སྟོན་པ་ནག་པོ་ཁ་སྟེ་ཡམ་པ་ལ། ལས་རྒྱུ་འབྲས་བོན་བཤད། ཕྱིན་ཅི་ལོག་(ལ)་འགྱོད་པ་སྐྱེ་རུ་བཞུག ཕྱིས་ལོག་སྤྱོད་སྤངས་ནས་འཕྲུལ་ངག་བདེན་པའི་བོན་བཤད། མཐུ་དང་རྫུ་འཕྲུལ་གྱི་བོན་བསྟན་ནས། ཟ་ཧོར་གྱི་བོན་པོ་རྫུ་འཕྲུལ་དང་མཐུ་སྟོབས་ཆེ་བ་ཡང་དེ་ལྟར་ལགས། ཟ་ཧོར་གྱི་སྐད་བོན་གྱི་སྐད་དུ་བསྒྱུར། དེ་ནས་སྟོན་པ་ཁ་ཆེའི་ཡུལ་གྱི་གསས་ཁང་རྒྱན་དུ་བྱོན། ཁ་ཆེའི་སྔགས་པ་ཨ་དཀར་པོ་དང་། གཤེན་དམ་ནག་པོ་གཉིས། ཚེ་ཕྱི་མ་ཡོད་མེད་ལ་མ་མཆམ་པས། སྟོན་པ་ཁ་ཆེའི་རྒྱལ་པོས་དཔང་པོར་བཅུག་ནས། ལས་རྒྱུ་འབྲས་དགེ་སྡིག་རྣམ་པར་དབྱེ་བའི་བོན་བཤད། དེ་གཉིས་མཐུན་པར་བྱས། བོན་གཤེན་གཉིས་ཡང་དག་དང་། དགེ་སྡིག་ཤན་འབྱེད་བསྟན། ཁ་ཆེའི་ཡུལ་བོན་པོ་དེ་གཉིས་ལ་བསྟན་པ་བཞག དེ་ནས་ཐོ་གར་ཡུལ་དུ་བྱོན། ཡུལ་དེར་ཤེལ་གྱི་མཆོད་རྟེན་དང་། ལྷ་མོའི་སྐུ་ཁྲུ་གང་བ་ཞིག་རྡོ་ལ་བཞེངས་ནས་བཞག སྐུ་གདུང་སྐུ་གཟུགས་གསུང་རབ་བཞེངས་པའི་ལུང་ཕོག ཐོ་ཀར་གྱི་སྔགས་པ་ཨ་རྒོད་དང་། ཛ་ལ་འབར་(བ)དང་། རྔམ་པ་འོད་འབར་གསུམ་ལ། རྟེན་གསུམ་བཞེངས་པ། དེའི་རབ་གནས་ཕན་ཡོན། བྲིས་ཀློག་འདོན་གསུམ་གྱི་ལུང་བསྟན། དེ་གསུམ་གྱིས་རྟེན་གསུམ་ལ་མཆོད་པ་ཕུལ་བས། བྱིན་རླབས་དང་ལྡན་ཏེ་བསྟན་པ་བཙུགས། ད་ལྟ་ཐོ་ཀར་ཡུལ་དུ་སྐུ་གདུང་སྐུ་གཟུགས་ལ་རྩིགས་སུ་ཆེ་བས། བྲིས་ཀློག་གི་བསྟན་པ་དར་བ། བླུག་སྐུ་དང་རྡོ་སྐུ་ཡང་རང་འབྱུང་དེ་ནས་བྱུང་བ་ལགས། དེ་ནས་སྟོན་པ་ལི་ཡུལ་ལྗང་(ར)སྨུག་པོར་བྱོན། ལི་ཡུལ་གྱི་མི་རྣམས་ཚོགས་པའི་ནང་ནས། ལི་བོན་ཨུ་དཔལ་དང་། ལི་བོན་ལྷ་བྷར་དང་། ལི་བོན་སྤུང་རྒྱུང་གསུམ་ལ། རྒྱས་པ་འབུམ་གྱི་བོན། མཆོད་སྦྱིན་གྱི་བོན་བསྟན་སྟེ། བོན་པོ་དེ་གསུམ་གྱིས་ལོ་གསུམ་བསྒྲུབས། ལོངས་སྤྱོད་སྣ་ཚོགས་སྤྱོད་ཅིང་གྲུབ་པ་ཐོབ། ལི་ཡུལ་དུ་བོན་པོ་དེ་གསུམ་ལ་བསྟན་པ་བཞག ལི་ཡུལ་སྐད་ཀྱང་བོན་ལ་བསྒྱུར།” སོགས་ཀྱིས་གསལ་བར་བསྟན་ཡོད།
འོལ་གླིང་དང་ཞང་ཞུང་དབུས་ཀྱི་བར་དུ་ཆུ་བོ་པཀྵུ་དང་སིནྡྷུས་བཅད་པ་དང་། རི་ནག་པོ་དགུས་བཅད་པར་བསྟན་ཡོད་པའི་ཆུ་བོ་གཉིས་ཀྱི་སྐོར།
མདོ་འདུས་ལས། “དེའི་ནུབ་བྱང་གཤེན་ཡུལ་འོལ་མོ་གླིང་། དཔག་ཚད་སྟོང་ཕྲག་བཞི་གནས་ཡོད། ཆུ་བོ་པཀྵུ་སི་འདུས་རབ་བཅད་དེ། རི་ནག་པོ་དགུས་བཅད་པའོ།།” ཞེས་པའི་ཆུ་བོ་པཀྵུ་ནི་བོད་ཀྱི་ཆུ་བཞིའི་ཁོངས་ཀྱི་ཆུ་བོ་པཀྵུ་དེ་མ་ཡིན་ཞིང་། བོད་ཀྱི་པཀྵུ་ནི་གངས་ཏི་སེའི་ཤར་དུ་འབབ་པས་ན་ནུབ་བྱང་སྟག་གཟིག་གི་ཡུལ་དང་དབུས་གཉིས་ཀྱི་བར་ན་གཅོད་ཚུལ་མེད་པའི་ཕྱིར་རོ།། དེས་ན་འདིའི་པཀྵུ་ནི་དེང་ཨཧྥི་རྒཱནི་སིཋན་གྱི་བྱང་ཤར་ནས་འགོ་བཙུག་སྟེ་དང་ལྷོ་རུ་རྒྱུག་པ་དང་། དེ་ནས་བྱང་དུ་དཀྱུ་ཞིང་ཨཧྥི་རྒཱནི་སིཋན་དང་ཏ་ཇིག་སིཋན་གྱི་ས་མཚམས་ནས་བྱང་དུ་རྒྱུག་མཐར་ལྷོ་ནས་ནུབ་ཏུ་འབབ་པའི་ཆུ་བོ་ཆེན་པོ་འདི་ལ་པཀྵུ་ཟེར་ཞིང་། བ་དག་ཤའི་ནུབ་རྒྱུད་ཀྱི་ཆུ་བོ་རྣམས་འདི་ལ་མ་འདུས་པ་ཕར་ཆེར་མེད་པ་ཙམ་ཡིན། ཆུ་བོ་འདི་ལ་དེང་སང་མིང་མང་པོ་ཡོད་ཅིང་། དང་པོ་ཨོཀྶུ་དང་། དེ་ནས་པཱན་ཇི་དང་། དེ་ནས་ཝཁཱཤི་སོགས་རིམ་བཞིན་འདྲེས་མཐར་ཨ་མུ་རྡར་ཡར་འབོད་ཅིང་ནུབ་ཕྱོགས་ཨ་རིཡཱལ་རྒྱ་མཚོར་འབབ་པ་ཡིན། འོ་ན་འདི་ལ་པཀྵུ་རུ་འབོད་པའི་རྒྱུ་མཚན་ཇི་ལྟར་ཡོད་སྙམས་ན། ཆུ་བོ་ཨ་མུ་རྡར་ཡཱའི་ཆུ་ཕུགས་གི་གྲས་ནས་ཆེས་ཆེ་བ་གཅིག་ཝཁཱཤི་Vakhash འམ་Vaxsh ཡིན་ཞིང་འདི་ལ་པཀྵུའི་སྒྲ་དང་ཆེས་ཉེ་བར་ཡོད། དེས་མ་ཚད་རྒྱ་ཡི་བཙུན་པ་ཐང་ཞོན་ཙང་(ཁོང་སྤྱི་ལོ་629་ནས་འགོ་བཟུང་སྟེ་རྒྱ་ནག་ནས་རྡོག་ཐོན་གྱིས་དེང་གི་ཁཱ་ཛཀི་སིཋན་དང་། ཁིརྒི་སིཋན། ཨུཛི་སྦིགི་སིཋན། ཏ་ཇིག་སིཋན། ཨཧྥི་རྒཱནི་སིཋན། པ་ཀི་སིཋན་བརྒྱུད་རྒྱ་གར་དུ་ཕེབས་པ་ཡིན།) གི་ལམ་ཡིག་ཏུ་ཆུ་བོ་པཀྵུའི་སྐོར་གསལ་བར་འཁོད་ཡོད། ཁོང་གི་ལམ་ཡིག་འགྱུར་རྙིང་སོག་པོའི་ལོ་ཙཱ་བ་གུང་མགོན་པོ་སྐྱབས་༼ལོ་ཙཱ་བ་འདི་དུས་རབས་བཅོ་བརྒྱད་སྐབས་ཡིན་པར་བཤད་༽ཀྱིས་བོད་བསྒྱུར་བྱས་པ་ཞིག་དང་། (གཤམ་དུ་འགྱུར་རྙིང་འབོད་རྒྱུ) རྨེ་རུ་ཚེ་རིང་དོན་འགྲུབ་ཀྱིས་བསྒྱུར་ཞིང་མཆན་འགྲེལ་བཏབ་པ། ཐང་སན་ལམ་ཡིག་གསར་བསྒྱུར་དང་ཞིབ་འཇུག (གཤམ་དུ་འགྱུར་གསར་འབོད་རྒྱུ) ཟེར་བ་གཉིས་ཡོད་པ་ནས་དུམ་བུ་རེ་འདྲེན་རྒྱུ་ཡིན། འགྱུར་རྙིང་ལས།P49དེ་ཐོན་པ་ན་དྷུ་ཧྭ་ར་སྟེ་ཐོད་གར་གྱི་ཡུལ་དེ་ནི་ལྷོ་བྱང་ངོས་སུ་ལེ་དབར་ཆིག་སྟོང་ལྷག ཤར་ནུབ་ངོས་སུ་རྒྱང་གྲགས་སུམ་སྟོང་ལྷག་པ་ཤར་དུ་བཙོང་ལ་ལ་བརྟེན་པ། ནུབ་ཏུ་བྷ་ར་སི་ལ་རེག་པ་ལྷོ་རུ་གངས་རི་ཆེན་པོ་དང་ཉེ་བ། བྱང་དུ་ཐི་མེན་ལ་ཐུག་པ། དབུས་ནས་པཀྵུའི་ཀླུང་ཆེན་ནུབ་ཕྱོགས་སུ་འབབ། ཅེས་དང་། འགྱུར་གསར་ལས། P26 ལྕགས་ཀྱི་སྒོ་མོ་ཞེས་པའི་བཙན་འཕྲང་འདས་རྗེས་ཐོ་གར་ཡུལ་རྙིང་ངོ།། དེའི་ལྷོ་བྱང་ལ་ལེ་དབར་ཆིག་སྟོང་ལྷག་དང་། ཤར་ནུབ་ལ་ལེ་དབར་སུམ་སྟོང་ལྷག་སྣང་། ཤར་ཕྱོགས་རི་བོ་ཚུང་ལིང་ལ་བསྙེགས་ཤིང་ནུབ་པར་སིག་དང་སྦྲེལ། ལྷོ་ཕྱོགས་གངས་རི་ཆེན་པོའི་རྩར་ཐུག བྱང་ལྕགས་ཀྱི་སྒོ་མོས་འགག་བཙན་བྱས་སོ། །ཆུ་བོ་ཆེན་པོོ་པཀྵུ་ཡུལ་དེའི་ཤར་ནས་ནུབ་ཏུ་རྒྱུག །ཅེས་དང་། ཡང་འགྱུར་རྙིང་ལས། p50དེ་ནས་ཆུ་ཀླུང་པཀྵུ་བརྒྱུད་དེ་བྱང་ཕྱོགས་སུ་སོན་པ་ན་ཊ་མི་ཞེས་བྱ་བའི་ཡུལ། ཅེས་དང་། འགྱུར་གསར་ལས། P26 པཀྵུའི་བྱང་ཕྱོགས་རྒྱུགས་ཤུལ་དེད་པའི་སྨད་ན་ཏིརྨི་དྷའི་ཡུལ་ལོ།། (འདིའི་དཔྱད་མཆན་དུ་དེང་ཨུཛི་སྦིགི་སིཋན་གྱི་ཊེར་མིཛི་Termiz ཡིན་པར་གསལ་ལ། ཡུལ་དེ་ཆུ་བོ་པཀྵུའི་ངོགས་སུ་ཆགས་ཡོད།) འགྱུར་རྙིང་ལས། p50ཡང་དེའི་ཤར་གྱི་ཉེ་འདབས་སུ་ཡུ་མན་ཞེས་བྱ་བའི་ཡུལ་དེའི་ཤར་ནུབ་ཏུ་རྒྱང་གྲགས་བཞི་བརྒྱ་ལྷག ལྷོ་བྱང་དུ་རྒྱང་གྲགས་བརྒྱ་ལྷག་ཙམ། ལྟེ་བའི་མཁར་མཐའ་འཁོར་དུ་ལེ་དབར་བཅུ་དང་དྲུག་བདུན་ཙམ། རྒྱལ་པོ་ཡང་སྟག་ཟིག་གི་རིགས་རྒྱུད། དགོན་སྡེ་གཉིས་ཙམ་ལ་དགེ་འདུན་ཤིན་ཏུ་ཉུང་། དེ་ནས་ལྷོ་ནུབ་ཀྱི་མཚམས་པཀྵུའི་འགྲམ་དུ་གོ་ཧྱ་ཡ་ན་ཞེས་བྱ་བའི་ཡུལ། ཞེས་དང་། འགྱུར་གསར་ལས་P28 ཤཱུ་མཱན་ཡུལ། དེའི་ཤར་ནུབ་ལ་ལེ་དབར་བཞི་བརྒྱ་ལྷག་དང་ལྷོ་བྱང་ལ་ལེ་དབར་ཆིག་བརྒྱ་ལྷག་ཙམ་དང་། ལྟེ་བའི་གྲོང་གི་ཁྱོན་ལ་ལེ་དབར་བཅུ་དྲུག་ནས་བཅུ་བདུན་ཙམ་ཡོད། རྒྱལ་པོ་དྲུ་གུའི་རིགས་རྒྱུད་ཡིན་ཞིང་ཁོངས་སུ་གཙུག་ལག་ཁང་གཉིས་གདའ་བར་དགེ་འདུན་ཧ་ཀྱང་ཉུང་། ལྷོ་ནུབ་ཀྱི་མཚམས་སུ་ཆུ་བོ་པཀྵུར་ཐུག་ལ་དེའི་རྒྱུད་དུ་ཀུ་ཝཱ་ཡཱ་ནའི་ཡུལ་མཆིས། (འདིའི་དཔྱད་མཆན་དུ། ཡུལ་འདི་ཏ་ཇིག་སིཋན་གྱི་ལྷོ་ནུབ་མཚམས་དང་། ཨུ་ཛི་སྦིགི་སིཋན་གྱི་ཤར་ལྷོ། ཊུརྐི་མིནི་སིཋན་གྱི་ཤར་བཅས་ཀྱི་འདུས་མདོ་ན་ཡོད་པར་བཤད་སྟབས། ཡུལ་འདིའང་གོང་གི་ཡུལ་ཊེར་མིཛི་ཡི་ཀ་ཀོར་ཞིག་ཡིན)
གཞན་ཡང་ཆུ་བོ་པཀྵུའི་སྐོར་འཁོད་པ་མང་མོད་འདིར་འདི་ཙམ་གྱིས་འཐུས་པར་བྱ། འདིར་དོན་གཅིག་ལ་འགྱུར་གསར་རྙིང་གཉིས་ཀ་འགོད་དོན་ནི། འགྱུར་གཉིས་ལ་མ་འདྲ་བ་ཅུང་ཟད་མཆིས་ཤིང་། དེ་ཡང་འགྱུར་རྙིང་དུ་སྟག་ཟིག་འཁོད་པའི་ཡུལ་ཀུན་ཀ འགྱུར་གསར་དུ་དྲུ་གུར་བསྒྱུར་འདུག་མོད། འདི་ལ་རྒྱུ་མཚན་ཅི་ཡོད་མ་ཤེས་མོད་ཀྱི། ཁོ་བོའི་བསམ་ཚུལ་ལ་འདི་ནི་འགྱུར་རྙིང་དེ་དག་པར་སྙམས། དུས་སྐབས་དེ་ཤེད་དུ་ཡུལ་འདི་སྐོར་ཀུན་ཀ་ལ་ཏ་ཟིག་ཏུ་འབོད་པ་ཡིན་ལ། དགེ་ཆོས་ཀྱི་གསེར་ཐང་སོགས་ལས་ནུབ་ཏ་ཟིག་གི་མཐའ་ལ་ཐུག་གི་བར་དུ་སོགས་མང་ཞིང་། མཽརྱའི་རྒྱལ་པོའི་ཆེ་བ་བརྗོད་པའི་སྐབས་སུའང་། “སྒོ་རྒྱན་རྟ་བབས་སོགས་ཏ་ཟིག་གི་རྒྱལ་པོའི་ཕོ་བྲང་ལས་ཀྱང་ལྷག་པ་ལྟར་སྣང་།” ཁོང་གིས་བོད་བཙན་པོའི་དབུ་ལ་བཅིངས་པའི་ལ་ཐོད་དང་། ཞབས་ལ་གྱོན་པའི་ལྷམ་སྣེ་འཁྱིལ་སོགས་ཀྱང་ཏ་ཟིག་པའི་ལུགས་སྲོལ་ཡིན་ཤས་ཆེ་ཙམ་གསུངས། འོན་ཀྱང་འགྱུར་གསར་ནང་དུ་དེང་གི་ས་ཁུལ་གང་དུ་འབབ་མིན་ས་གཤིས་རིག་པ་བ་མཁས་དབང་མང་ཞིག་གི་མཆན་ལུང་དུ་དྲངས་ཡོད་པས་དེང་གི་ས་ཁྲའི་ཐོག་ཏུ་ངོ་འཕྲད་པར་ཕན་ཐོག་ཧ་ཀྱང་ཆེ། ཆུ་བོ་པཀྵུ་སིནྡྷུས་བཅད་ཅེས་པའི་པཀྵུ་ནི་དེ་ཙམ་གྱི་འཐུས་པར་བྱ་སྟེ། གཤམ་དུ་ཆུ་བོ་སིནྡྷུའི་སྐོར་ཅུང་ཙམ་གླེང་བར་བྱ། ཆུ་བོ་སིནྡྷུ་ནི་བོད་ཀྱི་གངས་ཏི་སེའི་བྱང་ཕྱོགས་ནས་བཞུར་ཏེ་ནུབ་བྱང་ཕྱོགས་སུ་འབབ་ཅིང་ལ་དྭགས་ནས་སྐར་རྡོ་དང་། (བྲུ་ཤའི་ཡུལ)རྒིལ་རྒེཊ་ཆུ་བོ་དང་འདྲེས་རྗེས་ལྷོ་ཕྱོགས་སུ་འབབ། དེ་ནས་པ་ཀིནསིཋན་བརྒྱུད་ཨ་རབ་རྒྱ་མཚོར་འབབ་པའོ། ཆུ་བོ་འདི་ཉིད་འབབ་ཁུལ་ཕལ་ཆེ་བར་སིནྡྷུའི་ཀླུང་ཟེར་བ་ཡིན་ལ། སྔར་ཀླུང་འདིའི་རྒྱུད་ལ་རིག་གནས་ཤུགས་ཆེར་དར་བའི་ཡུལ་ཡིན་ནོ། །ཆུ་བོ་འདི་གཉིས་འབབ་ཡུལ་གྱི་ས་ཁྲ་ཁོ་བོས་བྱས་པར་གཟིགས་དང་ངེས་ཤེས་འདྲོང་སླ།
རི་ནག་པོ་དགུ་ཡི་སྐོར།
རི་ནག་དགུ་འདི་ངོས་བཟུང་སྟངས་མི་འདྲ་བ་མང་བར་ཡོད་འདུག་སྟེ། མཛོད་སྒྲ་འགྲེལ་ལས།p110 “དེ་ལྟར་ལྷོ་ཡི་འཛམ་བུ་གླིང་ལ་རི་དགུ་ཡིས་ཕྱི་ནང་དུ་འཁོར་ནས་ཡོད་དེ། འདི་ནི་བྱང་ནས་ལྷོ་རུ་རྩིས་པ་ལྟེ། འཛམ་གླིང་བྱང་གི་ཁ་ཁྱེར་ལ། མཚོ་དང་གླིང་འབྱེད་པ་ཏིང་བྱེར་གྱི་རི་རྒྱུད་བྱ་བ་ཡོད་དོ། དེ་ལ་གཅན་གཟན་སྣ་ཚོགས་གནས་སོ། དེའི་ལྷོ་ན་ཐ་ཁོབ་དང་ཡང་ཁོབ་འབྱེད་པ་རི་བོ་ད་ཤན་གྱི་རི་རྒྱུད་ཡོད། དེ་ལ་གནོད་སྦྱིན་ཕོ་མོ་མི་ལ་མངོན་སུམ་དུ་རྒྱུག་པ་གནས་སོ། དེའི་ལྷོ་ན་ཡང་ཁོབ་དང་མཐའ་ཁོབ་ཏུ་ཤ་ཚགས་ཀྱི་རི་རྒྱུད་ཡོད་དེ། མི་རྒོད་ཤ་ཤོར་གྱི་རིགས་གནས་སོ། དེའི་ལྷོ་ན་ཐ་ཁོབ་དང་གེ་སར་དུ་འབྱེད་པའི་རི། ལ་ཤངས་རྩེ་མང་ཀྱིའི་རི་རྒྱུད་ཡོད་དེ། རྩ་ན་རྩི་ཤིང་སྐྱེས་རི་ལ་རི་དྭགས་གནས་སོ། དེའི་ལྷོ་ན་ཕྲོམ་དང་གེ་སར་དུ་འབྱེད་པའི་རི། ད་ན་ཤན་གྱི་རི་རྒྱུད་གནས་ཏེ། རྩི་ཤིང་དང་འདབ་ཆགས་་ང་བར་གནས་སོ། དེའི་ལྷོ་ན་ཕྲོམ་དང་ཧོར་དུ་འབྱེད་པའི་རི། བྱང་སྩུག་རི་ཞེས་བྱ་བ་ལ་རྩི་ཤིང་དང་ནགས་ཚལ། གཅན་ཟན་དང་འདབ་ཆགས་(གནས)སོ། དེའི་ལྷོ་(ན) ཧོར་དང་དྲུག་གུ་རུ་འབྱེད་པ། ཤང་ལ་ནག་པོ་བྱ་བ་ལྕགས་རི་དང་ཟངས་ཐང་དུ་ཡོད་དོ། དེའི་ལྷོ་ན་དྲུག་གུ་དང་ཚ་གསེར་དུ་འབྱེད་པ། བ་དག་ཤན་གྱི་རི་རྒྱུད་གནས་སོ། དེའི་(ལྷོ)ན་ཚ་གསེར་དང་འབྲུ་བོད་དུ་འབྱེད་པ། རྟ་ལ་ནག་པོའི་རི་རྒྱུད་ཡོད་དོ། དེའི་ལྷོ་ན་རྣིལ་དང་རང་ཞེས་བྱ་སྟེ་རྩེ་མོ་གངས་རི་དང་རྩ་བ་བྲག་རི་ཡོད་པ། ཤེལ་གྱི་མཆོད་རྟེན་འདྲ་བ་ཞིག་ཡོད་དོ།” ཞེས་གསུངས། བསྒྲག་པ་གླིང་གྲགས་ལས།p131“དེ་ཡང་གངས་ཡ་ཕག་ཤ་ར་དང་། མ་དྲོས་ཀྱི་བྱང་ནུབ་ན་སྤོས་རི་ངད་ལྡན་ཡོད། དེའི་ནུབ་ནས་བྱང་དུ་རི་ནག་པོ་དགུ་ཡོད་དེ། དེ་ཡང་ཕྱི་ནས་ནང་དུ་བརྩིས་ཏེ་འཛམ་གླིང་ཕྱི་ཡི་ཁ་ཁྱེར་ལ་མཚོ་དང་གླིང་དང་འབྱེད་པ་ཏིང་ཝེར་གྱི་རི་བྱ་བ་ཡོད་དོ། དེ་ལ་གཅན་གཟན་སྣ་ཚོགས་གནས་སོ། དེའི་ལྷོ་ན་འཐའ་འཁོབ་དང་ཡང་འཁོབ་ཏུ་འབྱེད་པ། རི་བོ་ད་ཤན་བྱ་བ་ཡོད་དོ། དེ་ལ་གནོད་སྦྱིན་ཕོ་མོ་མངོན་སུམ་དུ་རྒྱུག་པ་གནས་སོ། དེའི་ལྷོ་ན་ཡང་འཁོབ་དང་འཐའ་འཁོབ་ཏུ་འབྱེད་པ། རི་བོ་ད་ཤ་ཚག་བྱ་བ་ཡོད་དོ། དེ་ལ་མི་རྒོད་དང་ཤ་རྒོད་ལ་སོགས་རི་དྭགས་གནས་སོ། དེའི་ལྷོ་ན་འཁོབ་དང་གེ་སར་དུ་འབྱེད་པ་རི་ཤང་རྩེ་མང་བྱ་བ་ཡོད་དོ། དེ་ལ་རྩི་ཤིང་ཡོད་པས་འདབ་ཆགས་མང་པོ་གནས་སོ། དེའི་ལྷོ་ན་གེ་སར་དང་ཁྲོམ་དུ་འབྱེད་པའི་རི། གེ་ཤན་གྱི་རི་བྱ་བ་ཡོད་དོ། དེ་ཡི་རྩི་ཤིང་ནགས་ཚལ་ལ་གཅན་གཟན་དང་འདབ་ཆགས་གནས་སོ། དེའི་ལྷོ་ན་ཁྲོམ་དང་ཧོར་དུ་འབྱེད་པའི་རི། ཤམ་ལ་ནག་པོ་ཟངས་རི་ལྕགས་སྒྲོག་ཐང་ཡོད། དེ་ཡི་རྩི་་ཤིང་ནགས་ཚལ་ལ་གཅན་གཟན་དང་འདབ་ཆགས་ཡོད། དེའི་ལྷོ་ན་ཧོར་དང་གྲུ་གུར་འབྱེད་པ་ལ་བྱ་རི་གཙུག་ལྡན་བྱ་བ་ཡོད། དེའི་ལྷོ་ན་ཞང་ཞུང་གི་རི་བྱ་རྐང་བྱ་བ་ཡོད། དེའི་ལྷོ་ལ་སྤོས་རི་ངད་ལྡན་ཡོད། རི་བོ་དགུ་པོ་དེ་མདོག་གཞན་བས་ནག་པས། རི་ནག་དགུ་འདུས་ཞེས་བྱའོ།” ཞེས་གསུངས། བསྒྲག་པ་གླིང་གྲགས་འདི་སྤྱི་ཡི་ཆ་ནས་སྒྲ་འགྲེལ་དང་ཆེས་འདྲ་མོད་ཀྱི་མིང་ཅུང་ཟད་རེ་མ་འདྲ་བའང་སྣང་། འདིར་ཆད་སྐྱོན་ཡིན་ནམ་སྙམ་སྟེ་རི་བོ་གཅིག (བྱང་སྩུག་རི་ཞེས་བྱ་བ་ལ་རྩི་ཤིང་དང་ནགས་ཚལ། གཅན་ཟན་དང་འདབ་ཆགས་(གནས)སོ། དེའི་ལྷོ་(ན) ཧོར་དང་དྲུག་གུ་རུ་འབྱེད་པ།) སྒྲ་འགྲེལ་ལས་ཉུང་བར་སྣང་། སྒ་སྟོན་མཛོད་འགྲེལ་ལས། p128 “གཞན་སྡེའི་སློབ་དཔོན་དབྱིག་གཉེན་ན་རེ། འདི་ནས་བྱང་དུ་རི་ནག་དགུ དགུ་འདས་གངས་རི་དེ་ནས་ནི། སྤོས་ངད་ལྡན་པའི་ཚུ་རོལ་ན། ཆུ་ཞེང་ལྔ་བཅུ་ཡོད་པའི་མཚོ། ཞེས་པས་རྒྱ་གར་ནས་བྱང་ཕྱོགས་སུ་བརྩི་བའི་རི་ནག་དགུ་ཡི་ཕ་རོལ་ན་སྤོས་ངད་ལྡན་ལ་དེའི་ཕྱི་རོལ་ན་མཚོ་མ་དྲོས་ཡོད་པ་འདོད་པ་ནི་ད་ལྟ་མཐོང་བ་རྣམས་ཀྱི་ཕ་རོལ་ན་སྣང་བ་དང་མ་མཐུན་ནོ། དེ་དང་མཐུན་པར་ལྷ་ཆེན་པོས་རི་ནག་དགུ་སྟག་གཟིག་ནས་ཚུར་བརྩི་བ་ཡང་རང་བཟོར་ཟད་དོ།།” ཅེས་གསུངས། བསྒྲག་གླིང་ལས་གསལ་བའི་རི་ནག་དགུ་འདི་འཛམ་གླིང་བྱང་ངོས་ཀྱི་མཐའ་ནས་ལྷོ་རུ་བརྩིས་པ་དང་། འཛམ་གླིང་ཕྱི་ཡི་ཁ་ཁྱེར་ལ་མཚོ་དང་གླིང་དུ་འབྱེད་པ་གསུངས་པ་དང་། དེའི་རྗེས་སུ་རིམ་བཞིན་གེ་སར་དང་ཧོར་སོགས་ནས་ལྷོ་རུ་ཡོང་ལུགས་ལ་བལྟས་ན། དེང་ཨུ་རུ་སུའི་ཁོངས་ཀྱི་སྦའེ་ཀལ་མཚོ་ཟེར་བ་དེ་ཤེད་གཅིག་ནས་ལྷོ་ནུབ་བརྩིས་པ་ཨེ་ཡིན་སྙམས། མདོར་ན་སྒ་སྟོན་གྱི་གསུང་ལ་བརྟགས་ན་དབྱིག་གཉེན་གྱིས་རྒྱ་གར་ནས་བྱང་དུ་བརྩིས་ནས་ཏི་སེ་བར་དུ་རི་ནག་དགུ་བརྩི་བ་དང་། ལྷ་ཆེན་པོ་ཟེར་བས་རི་ནག་དགུ་སྟག་གཟིག་ནས་ཚུར་བརྩི་བ་ཡང་ཡོད་འདུག་ལ། ཁོང་གིས་འདི་དག་ལ་མ་མཉེས་པའི་ཚུལ་གསུངས་མོད་ཀྱི། འདིར་ནི་ལྷ་ཆེན་པོའི་ལུགས་ལྟར་ཤིན་ཏུ་འབྱོར་བ་ཨེ་ཡིན་སྙམ་པ་ཙམ་ལས་ཐག་ཆོད་པ་ཞིག་གང་དུ་དཀའ་བར་སྣང་མོད། མདོར་ན་ལུང་ལྟར་ན་གངས་ཏི་སེའི་བྱང་ནུབ་ཏུ་སྤོས་རི་ངད་ལྡན་ཡོད་པ་དང་། དེ་ནས་རི་ནག་དགུ་འདུས་ཡོད་པར་བསྟན་པས་འོལ་གླིང་དང་གངས་ཏི་སེའི་བར་ན་རི་ནག་པོ་དགུས་བཅད་པ་ནི་སྐྱོན་གང་ཡང་མི་འབྱུང་བ་ཡིན།
གཞན་ཡང་ར་སང་ཁྲི་ནེ་ཁོད་ཀྱིས་མཛད་པར་གྲགས་པའི། སྲིད་པ་རྒྱུ་བོན་གྱི་སྨྲང་བཤད་ཀྱི་ཉམས་ཅན། སྲིད་པ་སྤྱི་མདོས་འདི་མཁས་བླུན་མང་པོ་ཞིག་ནས་འོལ་གླིང་བོད་ཀྱི་ཏི་སེའི་སྐོར་དུ་སྒྲུབ་བྱེད་ཀྱི་རྒྱབ་རྟེན་གསལ་པོ་ཞིག་ཡིན་མདོག་སྒྲོག་བཞིན་འདུག་མོད། སྲིད་པ་སྤྱི་མདོས་ལས། “བསྭོ། ཡ་ཀི་སྐྱིད་པོའི་ཡུལ། ཉམས་དགའ་བག་རེ་བྲོ། ཆུ་རྒྱལ་བཞིིའི་འདུ་མགོ། རི་རྒྱལ་ཏི་སེའི་མདུན། མཚོ་རྒྱལ་མ་པང་འགྲམ། འོལ་ལུང་གཡུ་ཡི་མཁར། བཞུགས་གནས་ངོ་རེ་མཚར། དེ་འདྲའི་སྐུ་མཁར་ན། སུ་བཞུགས་སུ་མི་བཞུགས། བཞུགས་པ་གཤེན་གྱི་ལྷ། གཤེན་རབ་མྱི་བོ་ཆེ། སྐུ་དང་དུང་ཟླ་འདྲ། འཛུམ་དང་མེ་རེ་རེ། སྐུ་ལྟོས་རི་ལས་བརྗིད། མུ་ཐིང་རལ་པ་ནི། མུ་འོད་ཁྱུགས་སེ་ཁྱུགས། སྐུ་ལ་ཅི་གསོལ་ན། རྒོད་ཐུལ་ལྷམས་སེ་ལྷམ། གཞའ་ཡི་སྨད་གཡོག་ལ། བྱིན་རླབས་ཐིབས་སེ་འཐིབ།” ལུང་འདིའི་རི་ཆུ་མཚོ་གསུམ་གྱི་མིང་འདྲ་བ་ཙམ་ནི་འོལ་གླིང་དུའང་ཡོད་པ་མདོ་རྒྱུད་ཀུན་གྱི་དགོངས་དོན་ཡིན་པ་གོང་དུ་ལུང་མང་པོ་དྲངས་ཟིན་པས་ཤེས་ལ། ལུང་འདིས་བོད་ཀྱི་ཏི་སེའི་སྐོར་རང་དུ་ཡིན་པ་གསལ་བཤད་ཅི་ཡང་མི་ཐུབ་པ་ཡིན། འོ་ན་“ཡ་ཀི་སྐྱིད་པོའི་ཡུལ།” གསུངས་པའི་ཕྱིར་ཟེར་ན། རྩོམ་པ་པོ་བོད་པ་ཞིག་ཡིན་པ་མ་ཟད། ཕར་ཆེར་དེང་གི་ལྷོ་ཁའི་ཁོངས་སུ་གནས་པའི་མི་གཅིག་གིས་”ཡ་ཀི་”ལབ་ན་སྟོད་མངའ་རིས་ཀྱི་སྐོར་ཡིན་པའི་ཁྱབ་པ་གང་ཡང་མེད་པ་ནི་ཡིག་དོན་གྱི་གོ་བ་ཁྲོལ་མཁན་ཞིག་ཡིན་ན་ཤེས་སླ་མོད། གཞན་དུ་ན་སྦུར་པ་བལ་ནང་དུ་འཐུམ་པ་ལྟར་གྱི་མཁས་སྣང་ཅན་དག་གིས་ནི་མ་ཡིན་ནོ།། །།
སྔ་ཕྱིའི་བོན་གྱི་མཁས་གྲུབ་རྣམས་ཀྱིས་ས་ཚིགས་ཀྱི་ཡུལ་དབུས་དང་ཡོན་ཏན་གྱི་ཡུལ་དབུས་ཇི་ལྟར་དབྱེ་བ་དང་། འོལ་གླིང་དེ་ཉིད་འཛམ་གླིང་གི་ནུབ་བྱང་དུ་ངོས་ཇི་ལྟར་བཟུང་ཚུལ་སྐོར།
སྤ་སྟོན་བསྟན་རྒྱལ་བཟང་པོའི་དར་རྒྱས་གསལ་སྒྲོན་ལས། དང་པོ་ཁོང་གིས་མདོ་འདུས་ཀྱི་འོལ་གླིང་བཀོད་པ་ལུང་དུ་དྲངས་ཏེ། དེ་ནས་p245་ལས། “འཛམ་བུ་གླིང་གི་ས་ཚིགས་ཀྱི་དབུས་གངས་ཅན་གྱི་བྱང་ནུབ་བོ།།” ཞེས་དང་ཡང་ལུང་དེའི་p247ལས། “དེ་ནས་རི་བོ་གངས་ཆེན་ཡང་སྟག་གཟིག་ན་ཡོད་པར་གསུངས་ལ། རྫུ་འཕྲུལ་དང་མི་ལྡན་པ་གནས་དེར་བགྲོད་བྱ་མིན་ཞེས་བཤད་དོ།” ཡང་དེ་ཉིད་ལས། “ཡོན་ཏན་གྱི་དབུས་ནི་སྟག་གཟིག་གི་ཏི་སེ་ཡིན་ན་ཡང་། ས་ཚིགས་ཀྱི་དབུས་ད་ལྟའི་ཏི་སེ་འདི་ཡིན་ཏེ།” ཞེས་གསུངས། རྨེའུ་དཔལ་ཆེན་པོའི་ཁམས་འགྲེལ་ལས། p118 “འདི་ཡི་དགོངས་པ་ནི་འཛམ་བུ་གླིང་གི་དཀྱིལ་མ་དྲོས་པའི་མཚོ་དང་གངས་རི་ཅན་སྐྱེ་བ་བཞེས་པར་ཡང་གསལ་བ་ཡིན་ནོ།།” ཞེས་གསུངས་པ་ལ། ཁ་གཅིག་གིས་ལུང་འདིའི་གངས་རི་ཅན་དང་འཛམ་བུ་གླིང་གི་དཀྱིལ་ཞེས་པ་བོད་དུ་དགོངས་པ་ལྟར་འགྲེལ་མོད་ཀྱི། དོན་དང་མི་མཐུན་ཏེ། འདིའི་གངས་རི་ཅན་ཞེས་པ་ནི་འོལ་གླིང་གི་མཐའ་ནས་གངས་དབལ་སོའི་ར་བས་བསྐོར་བ་ལ་དགོངས་པ་དང་། “དཀྱིལ་” ཞེས་པ་ནི་ཡོན་ཏན་གྱི་ཡུལ་དབུས་ལ་དགོངས་པ་ཡིན་ནོ། དེ་ལྟར་མ་ཡིན་ན། ཁོང་གི་གསུང་དེ་ཉིད་འགལ་འདུའི་ཕུང་པོ་རུ་འགྲོ་སྟེ། ལུང་དེའི་p117་ལས། “དེ་ནས་འོད་དཀར་པོ་མདའ་གང་བ་གཅིག་ཏུ་སྤྲུལ་ནས་འཇིག་རྟེན་གྱི་ཁམས་ནུབ་ཕྱོགས་ཀྱི་གླིང་ཆུ་བོ་ཆེན་པོ་བཞི་འདུས་ཀྱི་མགོ་བོ་འཛམ་བུའི་གླིང་གི་དམིག་ཡུལ་འོལ་མོ་ལུང་རིང་” སོགས་གསུངས། དེས་ན་ཡོན་ཏན་དང་ས་ཚིགས་ཀྱི་ཁྱད་པར་ཕྱེ་མ་ཤེས་ན། དེའི་དཀྱིལ་དུ་ཡིན་པ་དང་། དེའི་ནུབ་ཏུ་ཡིན་པ་གཉིས་ཀ་རུ་འགྱུར་བས་བཞད་བགད་ཀྱི་གནས་ཡིན་ནོ། །སྒ་སྟོན་ཚུལ་ཁྲིམས་རྒྱལ་མཚན་གྱི་མཛོད་འགྲེལ་ལས། p125གཉིས་པ་ཆུ་བཞི་ནི་སྒྲ་འགྲེལ་ལས། གླིང་བཞི་ལ་ཆུ་བོ་ཆེན་པོ་རེ་རེ་འབབ་པར་བཤད། འཛམ་གླིང་གི་ཆུ་བཞི་ལ་གཉིས་ཏེ། ཡོན་ཏན་གྱི་དབུས་ནས་འབབ་པའི་ཆུ་བཞི་ནི་རྟག་གཟིགས་ཀྱི་ཡུལ་འོལ་མོ་ལུང་རིང་ནས་འབབ་སྟེ། མདོ་ལས། ཆུ་བོ་ཆེན་པོ་བཞི་འདུས་ཀྱི་འགོ། ཞེས་དང་། ད་ལྟ་ལྡམ་བུ་བ་རྣམས་ཀྱིས་མཐོང་སར་པག་ཤུ་དང་། ན་ར་འཛའ་ར་ལ་སོགས་པ་ཉི་མ་དྲུག་རེའམ་གསུམ་རེ་ཙམ་གྱིས་ཆོད་པའི་ཆུ་བོ་ཆེན་པོ་བཞི་ཡང་རྟགས་གཟིག་ནས་བ་ཟིག དེ་ནས་རྒྱ་གར་ཡུལ་ནས་འབབ་པར་བཤད་དོ།། ས་ཚིགས་ཀྱི་ཆུ་བཞི་ནི། རྩ་འགྲེལ་ལས། མཚོ་མ་པང་གི་ཕྱོགས་བཞི་ན་བྲག་གླང་ཆེན་རྟ་མཆོག་སེང་གེ་བྱ་ཁྱུང་གི་གཟུགས་འདྲ་བ་བཞི་ཡོད་པ་ལས་ཆུ་བཞི་འབབ་པ་སྟེ། དེ་ཡང་གངྒ་གླང་ཆེན་ཁ་ནས་ལྷོ་རུ་འབྲུབ། པག་ཤུ་རྟ་ཡི་ཁ་ནས་ཤར་དུ་འབྲུབ། སི་འདུ་བྱ་ཁྱུང་ཁ་ནས་ནུབ་ཏུ་འབྲུབ། སིང་ག་སེང་གེའི་ཁ་ནས་བྱང་དུ་འབྲུབ། ཅེས་དང་། དེའི་འཕྲོ་ལས། དེ་དག་ནི་མདོ་ལས། བོད་ཀྱི་ཆུ་བོ་བཞི་འདུས་སུ་བཤད་དོ།། ཅེས་གསུངས་སོ། །ཁྱུང་པོ་བློ་གྲོས་རྒྱལ་མཚན་གྱི་གླེང་གཞི་བསྟན་པའི་བྱུང་ཁུངས་ལས། p370 “གཉིས་པ་ཡུལ་དབུས་ལ་གཉིས་ཏེ། ཡོན་ཏན་གྱི་དབུས་དང་ས་ཚིགས་ཀྱི་དབུས་གཉིས་སོ། དང་པོ་ནི། སྟག་གཟིག་གི་ཡུལ་ཞེས་ཀྱང་བྱ། འོལ་མོ་ལུང་རིང་ཞེས་ཀྱང་བྱ། ནུབ་ཕྱོགས་བདེ་བ་ཅན་གྱི་ཞིང་ཁམས་ཞེས་བྱ་བར་རྣམ་རྒྱལ་ལས་བཤད་དོ།།” ཞེས་དང་། གཞན་ཡང་ཁོང་གིས་མདོ་འདུས་ཀྱི་འོལ་གླིང་ཞིང་བཀོད་སོགས་ལུང་དུ་དྲངས་ནས་འགྲེལ་ཡོད། ལུང་དེའི་འཕྲོས་p373ལས། “ཐོས་ཆུང་ཁ་གཅིག་གིས། འོལ་མོ་ལུང་རིང་བྱ་བ་མ་ཐོས་ཞེས་པ་ནི། སྟག་གཟིག་ཡུལ་ལ་བདེ་བ་ཅན་དང་མིང་གི་རྣམ་གྲངས་མ་ཤེས་པས་ལུས་སོ། སྟག་གཟིག་ཡུལ་གྱི་འོལ་མོ་ལུང་རིང་ནས་འབབ་པའི་ཆུ་བོ་ཆེན་པོ་བཞི་ཡང་། ད་ལྟ་ལྡོམ་བུ་བ་རྣམས་ཀྱིས་མཐོང་བར་ཡོད། པག་ཤུ་དང་ན་ར་ཛ་ར་ལ་སོགས་པ་ཉི་མ་དྲུག་རེའམ་གསུམ་རེ་ཙམ་གྱིས་ཆོད་པའི་ཆུ་བོ་ཆེན་པོ་བཞི་སྟག་གཟིག་ནས་འབབ་པར་གཟིགས། དེ་ནས་རྒྱ་གར་དུ་ཡུལ་ནས་འབབ་པར་བཤད་པས་རྟགས་མངོན་སུམ་དུ་ཡོད་པའོ།།” ཅེས་དང་། ལུང་དེའི་འཕྲོ་p374ལས། “གཉིས་པ་ས་ཚིགས་ཀྱི་དབུས་ནི། བོད་ཡུལ་ན་ཡོད་པའི་གངས་ཏི་སེ་དང་མཚོ་མ་པང་གཉིས་ཡིན་པར་ཞི་ཁྲོ་རྩ་འགྲེལ་ལས་གསུངས་སོ།” ཅེས་གསུངས། མཁས་གྲུབ་ལུང་རྟོགས་རྒྱ་མཚོའི་བསྟན་འབྱུང་ཀེ་ཏ་ཀ་ཡི་དོ་ཤལ་ལས། p455 “འཛམ་གླིང་འདི་ལའང་། དབུས་ཀྱི་ལྟེ་བ་ཏི་སེ་ཞེས། བོད་སྐད་དུ་གངས་རིར་བསྒྱུར་བའི་རི་དེའི་རྩེ་མོ་གངས་། རྩ་བ་བྲག དབྱིབས་ཤེལ་གྱི་མཆོད་རྟེན་ལྟ་བུའི་གཟུགས་སུ་གནས་ལ། དེའི་ཕ་རོལ་དུ་སྤོས་རི་ངད་ལྡན། ཚུར་རོལ་དུ་མཚོ་མ་པང་དེ། གངས་རི་མཚོ་གསུམ་ནི་འཛམ་གླིང་དབུས་ཀྱི་ལྟེ་བ་ཡིན་ལ།” ཞེས་དང་། ཡང་ལུང་དེའི་འཕྲོ། p456ལས། “འཛམ་གླིང་སོག་ཁ་ཤིན་ཏུ་རྒྱ་ཆེ་བ་ལ་ཏ་ཟིག་འོལ་མོ་ལུང་རིང་ཞེས་སངས་རྒྱས་འབྱོན་གནས། ལུང་རྟོགས་དར་རྒྱས་ཀྱི་ཡུལ་ཡིན་ཞིང་། དེའི་བྱང་ན་ཤམ་བྷ་ལ་ཞེས་རིགས་ལྡན་རྒྱལ་པོའི་འདུལ་ཞིང་ཡིན་ནོ།།” ཅེས་གསུངས། དཔལ་ཤར་རྫ་པའི་ལེགས་བཤད་མཛོད་ལས།p13“གཉིས་པ་ཡུལ་དབུས་ཀྱི་ཆགས་ལུགས་ལ་གཉིས། ཡོན་ཏན་གྱི་ཡུལ་དབུས། ས་ཚིགས་ཀྱི་ཡུལ་དབུས་སོ། དང་པོ་ནི། སྟག་གཟིག་འོལ་མོ་ལུང་རིང་ཞེས་བྱ་བ་ཡིན་ཏེ། ཕྱོགས་གང་དུ་ཡོད་ཅེ་ན། མདོ་འདུས་ལས། འཛམ་བུ་གླིང་གི་ནུབ་བྱང་ན། མུ་ཁྱུད་འཛིན་གྱི་ལྷོ་ཡི་ཕྱོགས། འཛམ་བུ་པྲིཀྵ་ཤིང་གི་རྩར། རི་བོ་གངས་ཅན་ཏི་སེའི་དྲུང་། མཚོ་ནི་མ་པང་གཡུ་མཚོའི་འགྲམ། ཆུ་བོ་ཆེན་པོ་བཞི་འདུས་འགོ། སྤོས་རི་ངད་ལྡན་ཉེ་བའི་ས། རི་ནག་དགུ་འདུས་ར་བ་སྟེ། ཆུ་བོ་པཀྵུ་སིདྡྷུས་བཅད། དུས་གསུམ་སྟོན་པ་བྱོན་པའི་ཞིང་། ཞེས་པའི། ཏི་སེ་ལ་ཡོན་ཏན་གྱི་དབུས་སྟག་གཟིག་ན་ཡོད་པའི་ཏི་སེ་དང་། ས་ཚིགས་ཀྱི་དབུས་བོད་ཀྱི་ཏི་སེ་གཉིས་སུ་ཡོད་པས། ལུང་འདིའི་ཏི་སེ་དང་མཚོ་མ་པང་སྤོས་རི་ངད་ལྡན་སོགས་ནི་སྟག་གཟིག་ན་ཡོད་ལ། ཆུ་བོ་བཞི་ཡང་སྟག་གཟིག་ནས་འབབ་ཅིང་། དེ་ནས་རྒྱ་གར་ལ་འབབ་པ་དེའོ།”ཅེས་གསུངས། བོན་གྱི་པཎ་གྲུབ་འདི་དག་གིས་གསུངས་པའི་འོལ་མོ་ལུང་རིང་སྐོར་ལ་གནས་སྐབས་འདི་ཙམ་གྱིས་འཐུས་པར་བྱ་ལ། དུམ་བུ་འདི་དག་ལ་དགོངས་འགྲེལ་གང་ཡང་མི་དགོས་ཏེ། ཁོང་རྣམ་པས་ཇི་ལྟར་གསུངས་པ་དེ་ལྟར་དུ་གོ་བར་བྱའོ།།
གཞན་ཡང་ལུང་འགའ་ཞིག་ན་ཏ་ཟིག་འོལ་མོ་ལུང་རིང་དང་། འོལ་མོ་གླིང་ཆེན་གཉིས་སུ་བཤད་པའང་ཡོད་དེ། ཡང་རྩེ་ཀློང་ཆེན་དགོངས་རྒྱུད་དྲུག་གི་ཀླད་དོན་ལས། p11སྔོན་སྟག་གཟིག་གི་ཡུལ། དུས་གསུམ་གྱི་སངས་རྒྱས་ཐམས་ཅད་འཁྲུངས་པའི་གནས། འོལ་མོ་ལུང་རིང་གི་ནུབ་ན། དཔག་ཚད་བརྒྱད་ཀྱི་དཀྱིལ་ན། འོལ་མོ་གླིང་ཆེན་ཞེས་བྱ་བ། གྲོང་ཁྱེར་འབུམ་ཕྲག་སྟོང་ཡོད་པའི་དབུས་ན། གཤེན་གྱི་ཕོ་བྲང་ཆེན་པོ་གསུམ་གྱི་དབུས་ན། ཞེས་གསུངས། འདིའི་སྐོར་སྨྲ་བར་འོས་པའི་དཔྱད་ཞིབ་གང་ཡང་མ་ཐོན་པས་དེ་ཙམ་དུ་ལུས། དེ་ལྟར་ཕྱིས་བྱོན་རིག་འཛིན་མཁས་གྲུབ་དེ་རྣམས་པས་ས་ཚིགས་དང་ཡོན་ཏན་གྱི་ཡུལ་དབུས་གཉིས་སུ་ཕྱེ་བ་ནི་བཀའ་ལུང་ཕུགས་མ་རྣམས་ལ་བརྟེན་ནས་བཀྲལ་བ་ཡིན་ཏེ། ཀུན་འབུམ་ཁྲ་བོ་ལས། p22“བདག་ཉིད་དང་པོར་སྐྱེ་བ་བཞེས་པར་མཛད་དེ། གཡུང་དྲུང་གསལ་བའི་འོད་གླིང་ཞེས་ཀྱང་བྱ། སྟག་གཟིག་ཡུལ་གྱི་སྙིང་པོ་ཡོན་ཏན་གྱི་དབུས་ཞེས་ཀྱང་བྱ། གཤེན་ཡུལ་འོལ་མོ་ལུང་རིང་ཞེས་ཀྱང་བྱ། ཤམ་བྷ་ལའི་གནས་ཆེན་ཞེས་ཀྱང་བྱ། རི་བོ་གངས་བཟང་པོའི་ར་བ་ཞེས་བྱ་བ་དེ་ན། དབུས་དཀྱིལ་གཡུང་དྲུང་དགུ་བརྩེག་དཔལ་གྱི་རི་བོ། རིན་ཆེན་སྣ་བདུན་ལས་གྲུབ་པས།” ཅེས་གསུངས། མདོ་འདུས་སོགས་ལས་ཞང་བོད་ཀྱི་གངས་ཏི་སེའི་སྐོར་དེ་འཛམ་བུ་གླིང་གི་དབུས་སུ་བཞག་པ་དང་། འོལ་གླིང་ཡུལ་དེའི་བྱང་ནུབ་ཏུ་ཡོད་པར་བསྟན་པ་སོགས་དང་། དྲངས་མ་ཐག་པའི་ལུང་དེ་དག་ལ་བརྟེན་ནས་ས་ཚིགས་ཀྱི་ཡུལ་དབུས་དང་། ཡོན་ཏན་གྱི་ཡུལ་དབུས་གཉིས་སུ་ཕྱེས་པ་ཡིན་ནོ།།
བོད་ཡུལ་གྱི་གངས་ཏི་སེའི་སྐོར་ལ་འོལ་གླིང་དུ་ངོས་འཛིན་པར་ལུང་རིགས་ཀྱིས་གནོད་པ་འབབ་ཚུལ།
དེ་ཡང་མདོ་འདུས་ལས།p55“ལྷ་རི་གྱང་ཐོར་ཞག་བདུན་བཞུགས། ཤུལ་ཀར་རྩང་བྱེ་མ་གཡུང་དྲུང་ཁར་སྟོན་པའི་ཞབས་རྗེས་བཏོད། ཁྱུང་ལུང་དངུལ་མཁར་བརྩིགས། གཤེན་བུ་རྐོང་ཚ་དེ་རུ་འཁྲུངས། དེ་ནས་མ་པང་མཚོ་ལ་འཆག ཀླུའི་སྟོན་པ་ལོ་གཅིག་མཛད། ཏི་ཙེ་གངས་ཀྱི་རྩེ་མོ་རུ། མ་སང་ལྷའི་ཞལ་དྲོ་དྲངས། དེ་ནས་སླར་ཡང་འོལ་མོ་གླིང་། ཁྲི་སྨོན་རྒྱལ་བཞད་དག་ཏུ་བྱོན།” ཞེས་དང་། རྩ་རྒྱུད་ཉི་སྒྲོན་ལས།p156 “དེ་ནས་སྟོན་པ་ཞང་ཞུང་ཁ་ཡུག་ཡུལ་དུ་བྱོན། མཁར་ཁྱུང་ལུང་དངུལ་མཁར་བཞེངས། རྐོང་ཟ་ཁྲི་ལྕམ་དེར་བསུས། གཤེན་བུ་རྐོང་ཚ་འཁྲུངས་པའོ།” ཞེས་གསུངས་པའི་ལུང་འདི་དག་གིས་སྟོན་པ་བོད་དུ་ཕེབས་ནས་ཀོང་བཟའ་ཁབ་ཏུ་བཞེས། ལམ་བར་དུ་ཞང་ཞུང་དུ་མཁར་ཁྱུང་ལུང་དངུལ་བརྩིགས་ཤིང་གནས་དེར་གདུང་འཛིན་ཀོང་ཚ་གཡུང་དྲུང་དབང་ལྡན་འཁྲུངས། མཚོ་མ་པང་གི་སྐོར་དུ་ལོ་གཅིག་ཙམ་བཞུགས་གསུངས་པ་ནི། མ་པང་སྐོར་དུ་ཁོ་ན་ལོ་གཅིག་ཙམ་བཞུགས་ཀྱང་། སྤྱིར་འཛམ་གླིང་དབུས་ཤར་དུ་ལོ་ཁ་ཤས་བཞུགས་པར་སྙམས་ཏེ། ཡུལ་ཆེས་མང་བར་ཕེབས་པ་གོང་དུ་བཀོད་པའི་རྩ་རྒྱུད་ཉི་སྒྲོན་གྱི་ལུང་ལས་ཤེས་སོ།། སླར་སྟོན་པ་འོལ་གླིང་དུ་ཕེབས་པ་གསལ་པོར་བསྟན་པ་མ་ཟད། མཛད་མདོ་ལས་རྒྱལ་སྲས་གཞན་རྣམས་འོལ་གླིང་གི་ས་གནས་གང་དུ་འཁྲུངས་པ་གསལ་བར་བསྟན་ཀྱང་། གདུང་འཛིན་ཀོང་ཚ་འཁྲུངས་སའི་གནས་ཁྱད་འཕགས་ཁྱུང་ལུང་དངུལ་མཁར་ཟེར་བ་ཞིག་འོལ་གླིང་གི་ཕྱོགས་གང་དུའང་མ་གསལ་བ་འདིས་ཀྱང་བོད་དང་འོལ་གླིང་ནོར་བའི་ལོག་རྟོག་པ་རྣམས་འཁྲུལ་གཉིད་ལས་སད་པའི་བདུད་རྩི་ཞིག་སྦྱིན་པ་དང་སྦྲགས། མཛད་མདོ་འདི་རྣམས་དོན་དངོས་དང་མཐུན་པའི་ལོ་རྒྱུས་རྣལ་མ་ཞིག་ཡིན་པ་གསལ་བཤད་བྱས་པ་མ་ཡིན་ནམ།
གཞན་ཡང་བདུད་རྗེ་ཁྱབ་པས་བདུད་ཕྲུག་ཤོར་བ་སྐྱ་བདུན་ལ་འོལ་གླིང་ནས་རྟ་བདུན་རྐུས་ནས་ཤོག་དང་། བདུད་དམག་ཕྱི་མ་རྣམས་ནས་ཕྲོམ་གེ་སར་དང་། བོད་ཀྱི་ཀོང་ཉང་དག་གསུམ་དང་གྲོགས་སྒྲིག་དམག་སྐུལ་ནས་བོད་དམག་དང་། བདུད་དམག་ ཕྲོམ་དམག་དཔུང་སྒྲིག་སྟེ། བོད་ཀྱི་གངས་ཏི་སེའི་འགྲམ་དུ་འཛོམས་མཐར་དམག་དཔུང་ཚོ་གཅིག་གངས་ཏི་སེའི་སྐོར་ནས་སྒུག་རྒྱུ་དང་། ཚོ་གཅིག་ནུབ་བྱང་དག་ཤ་དུང་སྒོའི་ཚུར་འགྲམ་ནས་སྒུག་སྟེ་གང་བྱུང་གསོད་ནས་གཏོང་། ཅེས་པའི་འཆར་གཞི་བཏིང་བ་དང་། དེ་ནས་ཀོང་ཉང་དག་པོའི་དམག་མི་རྣམས་ཆུ་བོ་པག་ཤུའི་རྒྱུད་ནས་ཡར་དེང་གི་མངའ་རིས་གངས་ཏི་སེའི་འགྲམ་དུ་འཚོགས་པ་ཡིན་ཏེ། གཟི་བརྗིད་པོད་བརྒྱད་པ་ལས། p307 “བདུད་ཕྲུག་ཤོར་བ་སྐྱ་བདུན་གྱིས། གཤེན་ཡུལ་འོལ་མོ་ལུང་རིང་ནས། གནོད་སྦྱིན་བཞིས་ཀྱང་མ་ཚོར་བར། གཤེན་གྱི་རྟ་བདུན་རྐུས་ལ་ཤོག བདུད་ཀྱི་ལྟ་ཉན་རྣ་གསང་ལ། རྟ་ཡི་རྗེས་སུ་གང་བྱུང་ལྟོས། གལ་ཏེ་རྗེས་སུ་བྱུང་བ་ན། ངེད་རང་དམག་མི་དཔུང་ཚོགས་རྣམས། རི་བོ་གངས་ཆེན་རྩ་བ་ཡི། མལ་དྲོས་མཚོ་ཡི་འགྲམ་དུ་འཚོགས། བོད་དང་སྟག་གཟིག་སོ་མཚམས་ནས། གང་བྱུང་དམག་གིས་བསྒུག་ནས་གསོད། གཤེན་རབ་རང་ཉིད་འོང་ཀྱང་སྲིད། གལ་ཏེ་གཤེན་ཉིད་བྱུང་བ་ན། ལ་ཡོག་དུས་ཀྱིས་དེད་པ་ཡིན། དབལ་སོ་གངས་ར་ཕྱིན་ཆད་ནས། གཤེན་དང་བདུད་ལ་ཁྱད་པར་མེད། འོ་སྐོལ་བདུད་རིགས་མི་དགོས་དང་། མི་ཡི་དམག་ཚོགས་ཡིན་ཀྱང་ཐུབ།” ཅེས་དང་། གཟི་བརྗིད་པོད་བརྒྱད་པ་ལས། p310“དེ་ནས་ཀོང་རྗེ་རྒྱལ་པོས་ཀྱང་། ཀློ་མོན་དང་བོད་ཤ་གཟན་གྱི་དམག་ལ། དམག་མི་འབུམ་ཕྲག་བཅོ་ལྔ་དང་ཆས་ནས། ཆུ་བོ་པག་ཤུའི་གཙང་པོའི་རྒྱུད་ལས་བྱུང་ནས། ཡུལ་གཙང་སྟོད་བྱེ་མའི་གླིང་མཁར་ན། རི་བོ་གངས་ཆེན་གྱི་རྩ་བ། མལ་དྲོ་མཚོ་གླིང་གི་འགྲམ་ལ་གཤེགས་སོ།” ཅེས་གསུངས། ལུང་འདིས་ཀོང་དམག་ལ་སོགས་ཆུ་བོ་ཡར་གཙང་བརྒྱུད་དེང་མངའ་རིས་ཀྱི་གངས་ཏི་སེ་དང་མ་པང་མཚོ་ཡི་འགྲམ་ན་དམག་སྒར་བཏབ་སྟེ་སྟོན་པ་ལམ་སྒུག་བྱས་པ་དང་། དེས་མ་ཚད་བདུད་དམག་ཚོ་གཅིག་ནུབ་ཕྱོགས་དག་ཤ་དུང་གི་སྒོ་མོའི་ཚུར་འགྲམ་ནས་བསྒུག་པར་གསལ་ཏེ། གཟི་བརྗིད་པོད་བརྒྱད་པ་ལས། p312 “དེ་ལ་བདུད་རྗེ་ཁྱབ་པས་སྨྲས་པ། ལེགས་སོ་བདུད་ཕྲུག་སྐྱ་བདུན་པོ། བདུད་ཀྱི་སྐྱེས་མཆོག་ཁྱོད་(རྣམས) ལེགས། གཤེན་རབ་མི་བོ་རྫུ་འཕྲུལ་ཅན། དེ་ཡི་ཡུལ་ནས་ནོར་ཐོབ་ནས། བདུད་ཀྱི་སྐྱེས་མཆོག་ཁྱེད་རྣམས་ཡིན། རྟ་རྗེས་གཙང་པོའི་གཞུང་ལ་བོར། ཀོང་མཁར་འོག་ཁང་ནང་དུ་སྦོས། རྟ་ཡི་རྗེས་ནས་གང་འོང་པ། ལྟ་བ་མིག་རྣོན་ལྟ་རུ་ཆུག གཤེན་ཡུལ་འོལ་མོ་ལུང་རིང་དང་། དག་ཤ་དུང་སྒོ་ཡན་ཆད་དུ། བདུད་ཀྱི་ཁ་བ་ཡས་མར་གཏིབས། དེ་ཡི་ཚུན་ཆད་དམག་གིས་བཀང་། རྟ་ཡི་རྗེས་སུ་གང་འོང་པ། གང་བྱུང་དམག་གིས་བསྒུག་ནས་བསད། ཅེས་ཟེར་བ་སྟེ། རྟ་བདུན་གཙང་པོའི་གཞུང་ནས་ཀོང་ཡུལ་བྲེ་སྣ་རུ་བསྐུར་རོ། བདུད་རྗེ་ཁྱབ་པ་ལག་རིང་དང་། ལོག་པའི་དམག་ཚོགས་རྣམས་ནི། བདུད་ཀྱི་རྫུ་འཕྲུལ་གྱིས་བསྐྱོད་ནས། བྱང་ནུབ་དག་ཤ་དུང་སྒོའི་གླིང་ཆེན་གྱི་འགྲམ་དུ་ཕེབས་སོ།” ཅེས་བདུད་དམག་དང་ཀོང་དམག་རྣམས་དེང་མངའ་རིས་ཀྱི་གངས་ཏི་སེ་དང་མཚོ་མ་པང་གི་འཁྲིས་སུ་དམག་སྒར་བཏབ་ནས་བསྒུག་པ་དང་། ཚོ་གཅིག་ནུབ་བྱང་དག་ཤ་དུང་སྒོའི་ཚུར་འགྲམ་ནས་བསྒུག་པ་གསལ་པོ་ཡིན། ལུང་འདི་དག་གིས་འོལ་གླིང་བོད་ཀྱི་གངས་ཏི་སེའི་སྐོར་དུ་མིན་པ་གསལ་པོར་བསྟན་པ་ཡིན་ཏེ། གལ་སྲིད་འོལ་གླིང་མཚོ་མ་དྲོས་ཀྱི་སྐོར་དུ་ཡིན་ན། བདུད་དམག་འོལ་གླིང་ལ་སླེབས་ཚར་ནས་ད་དུང་སྟོན་པ་སྒུག་ཟེར་ན་གོ་རྒྱུ་རྩ་བ་ནས་མེད་ལ། དེས་མ་ཚད་ད་དུང་ཁྱབ་པ་གཙོས་པའི་བདུད་དམག་ཚོ་གཅིག་ནུབ་བྱང་དུ་དག་ཤ་དུང་སྒོ་ལ་སྟོན་པ་སྒུག་ཏུ་གཤེགས་པ་ནི་དེ་བས་ཀྱང་ནི་གོ་རྒྱུ་མེད་པ་མ་ཡིན་ནམ།
བོད་ཀྱི་གངས་ཏི་སེའི་སྐོར་འདི་འོལ་གླིང་མ་ཡིན་པ་གསལ་པོར་བསྟན་པའི་ལུང་གཞན་ཞིག་ནི། སྟོན་པ་བོད་ཡུལ་དུ་ཕེབས་ནས་ཀོང་བཟའ་ཁབ་ཏུ་བཞེས་པའི་སྐོར་འཁོད་པ། གཟི་བརྗིད་པོད་བརྒྱད་པ་ལས། p403“ དེའི་ནང་ནས་སྟོན་པའི་ཆབ་སྲིད་ཟིན་ཅིང་། རྒྱལ་བའི་སྲས་པོ་བསྐྱེད་ནས། བསྐལ་པ་བཟང་པོའི་སངས་རྒྱས་ཐམས་ཅད་ཀྱི། ཡབ་ཡུམ་བསྐྱེད་པའི་གཞི་རུ་གྱུར་པ་ནི། གནས་མཆོག་འོལ་མོ་གླིང་ཆེན་གྱི་ལྷོ་ཤར། དབལ་སོ་གངས་ཀྱི་ཕྱི་རོལ། རི་བོ་གངས་ཅན་ཏི་སེའི་མདུན་དྲུང་། བོད་ཡུལ་ཁ་བ་ཅན་ལྗོང་གི་མཐའ་གླིང་། རི་བོ་ལྷ་རི་གྱོང་ཏོའི་མདུན། ཆུ་བོ་ཆེན་པོ་པཀྵུའི་འགྲམ། རྒྱལ་ས་ཀོང་ཡུལ་བྲེ་སྣའི་དབུས། ཕོ་བྲང་རྩེ་བླ་ཡང་ཐོག་ནང་ནས།” ཞེས་གསུངས། ལུང་འདིས་བོད་ཀྱི་ཏི་སེ་སོགས་ནི་འོལ་གླིང་གི་ལྷོ་ཤར་ཕྱོགས་སུ་ཡོད་པ་དང་། དེ་ཡང་དབལ་སོ་གངས་རིའི་ཕྱི་རོལ་ན་ཡོད་པ་གསལ་པོར་བསྟན་འདུག་ལ། བོད་ནས་འཇལ་ཚེ་འོལ་གླིང་དེ་བྱང་ནུབ་དང་། འོལ་གླིང་ནས་འཇལ་ཚེ་བོད་འདི་ལྷོ་ཤར་དུ་ཁེལ་བ་ཏག་ཏག་ཏུ་བསྟན་པ་ཡིན་ནོ།།
གཞན་ཡང་། ཡང་རྩེ་ཀློང་ཆེན་དགོངས་རྒྱུད་དྲུག་གི་ཀླད་དོན་ལས། p36 “ལོ་སྟོང་དང་ཉིས་བརྒྱའི་དུས་སུ། སྟག་གཟིག་ནས་བོན་གྱི་ཡང་བཅུད་ཁྲི་ཕྲག་གཅིག ཁྲུང་ཁྲུང་དང་ཀང་ཀ་བྱ་རྒོད་དུར་བྱ་ལ་བཀལ་ནས། དྲོ་ཐེབས་གཅིག་གིས་ཏི་སེ་རུ་ཕེབས། དེ་ནས་དྲོ་ཐེབས་གཅིག་གིས་བསམ་ཡས་སུ་ཕེབས། རྒྱལ་པོའི་བླ་མཆོད་མཛད་དོ།” (ཕེབས་མཁན་འདི་རིག་འཛིན་སྙ་ཆེན་པོ་ཡིན) ཞེས་གསུངས། འདིས་སྟག་གཟིག་ནས་བོད་ཀྱི་གངས་ཏི་སེའི་བར་ཁྲུང་ཁྲུང་དང་བྱ་རྒོད་ཀྱི་དྲོ་ལམ་གཅིག་དང་། དེ་ནས་བོད་ཡུལ་གྱི་བསམ་ཡས་སུ་དྲོ་ལམ་གཅིག་ཡིན་པ་གསལ་པོར་བསྟན་ཡོད། གལ་སྲིད་སྟག་གཟིག་འོལ་གླིང་དེ་བོད་ཀྱི་གངས་ཏི་སེའི་སྐོར་ཡིན་ན། གངས་ཏི་སེ་ནས་གངས་ཏི་སེ་ལ་བྱ་རྒོད་དང་ཁྲུང་ཁྲུང་སོགས་ཀྱིས་དྲོ་ཐེབས་གཅིག་གིས་ཕེབས་ཟེར་བ་ཞིག་བློ་རྣལ་དུ་ཕེབས་པ་སུ་ཡིས་སྨྲ། བོད་ཀྱི་གངས་ཏི་སེ་ལའང་གཡུང་དྲུང་དགུ་བརྩེགས་ཏུ་འབོད་པ་རྒྱུ་མཚན་དུ་བྱས་ནས། ལོག་རྟོག་པ་རྣམས་ནས་འོལ་མོ་ལུང་རིང་གི་རི་གཡུང་དྲུང་དགུ་བརྩེགས་དེ་བོད་ཀྱི་གངས་ཏི་སེ་ལ་འཁྲུལ་ནས་འདུག་མོད་ཀྱི། བོད་དང་སྟག་གཟིག་གི་གཡུང་དྲུང་དགུ་བརྩེགས་གཉིས་ལ་རྒྱ་ཁྱོན་དང་ཁྱད་བོན་སོགས་སྒོ་ཀུན་ནས་མི་འདྲ་བ་ཡིན་ཏེ། དང་པོ་རྒྱ་ཁྱོན་མི་འདྲ་སྟེ། མདོ་འདུས་ལས།p106 “དབུས་ནི་གཡུང་དྲུང་དགུ་བརྩེགས་རི། རིན་ཆེན་སྣ་བཞི་ལས་གྲུབ་པ། ཆུ་ཞེང་དཔག་ཚད་ལྔ་བཅུ་ཡོད།” ཅེས་དང་། གཟི་བརྗིད་པོད་བརྒྱད་པ་ལས།p319“ཐོག་མར་རི་ཡི་རྒྱལ་པོ་གཡུང་དྲུང་དགུ་བརྩེགས་ཞེས་བྱ་བ་ཡོད་དེ། དེ་ཡང་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པ། དཔག་ཚད་ལྔ་བཅུ་རྩ་གཅིག་གིས་བསྐོར་བ། བང་རིམ་ཐེག་པ་རིམ་དགུས་མཚོན་པ།” ཞེས་དང་དེ་དང་མཐུན་པར། གསོ་རིགས་ཐུགས་འབུམ་མཁའ་སྔོན་ལས། p2 “དབུས་སུ་རི་གཡུང་དྲུང་དགུ་བརྩེགས་ཞེས་བྱ་བ། རིན་པོ་ཆེ་སྣ་དགུ་ལས་གྲུབ་པ། དཔག་ཚད་ལྔ་བཅུ་རྩ་གཅིག་གི་འཁོར་བ། བང་རིམ་ཐེག་པ་རིམ་དགུ་མཚོན་པ།” ཞེས་དང་།རྩ་རྒྱུད་ཉི་ཟེར་སྒྲོན་མ་ལས། p33 “གཡུང་དྲུང་དགུ་བརྩེགས་རི་བོ་མཆོག་རབ་ཚུལ། རིན་ཆེན་བཞི་ལས་གྲུབ་སྟེ་དཔག་ཚད་ལྔ་བཅུ་ཡོད།” ཞེས་གསུངས། མདོ་འདུས་ལས་”ཆུ་ཞེང་དཔག་ཚད་ལྔ་བཅུ་ཡོད་” ཅེས་པ་དེའི་ཐད་གཟི་བརྗིད་དང་། གསོ་རིག་ཐུགས་འབུམ་ལས་”བསྐོར་” དང་”འཁོར་”ཞེས་མཐའ་རྒྱ་བསྟན་པ་དང་། མདོ་འདུས་ལས། ཆུ་ཞེང་ལྟ་བུར་གསུངས་མོད། གལ་སྲིད་ཆུ་ཞེང་ལ་དཔག་ཚད་ལྔ་བཅུ་ཡོད་ན། མཐའ་སྐོར་དུ་དཔག་ཚད་ཉིས་བརྒྱ་ཡོད་དགོས་ལ་རྒྱ་ཁྱོན་མངའ་རིས་ཀྱི་མཚོ་མ་པང་དང་འདྲ་བ་ཡིན་ལ། རྒྱ་ཁྱོན་ལ་དཔག་ཚད་ལྔ་བཅུ་ལས་མེད་ན། ཆུ་ཞེང་ལ་རོབ་རྩིས་སུ་ཕྱེད་དང་བཅུ་གསུམ་ཙམ་ཡོང་བ་ཡིན། དེས་ན་འདི་གཉིས་གང་ཞིག་དག་མིན་ཐག་གཅོད་དཀའ་མོད་ཀྱི། ཁོ་བོའི་བསམ་ཚུལ་ལ་ལུང་དོན་འདིར་མཐའ་སྐོར་གྱི་ཚད་གཞི་ཡིན་པར་སེམས། དེས་ན། མདོ་འདུས་ཀྱི་ལུང་དེ། ཆུ་ཞེང་དཔག་ཚད་ལྔ་བཅུས་འཁོར། ལྟ་བུར་གོ་བ་ཡིན། མདོར་ན་འོལ་གླིང་གི་གཡུང་དྲུང་དགུ་བརྩེགས་ཀྱི་རྒྱ་ཁྱོན་མདོ་འདུས་ཀྱི་ཚིག་ཟིན་ལྟར་གོ་བ་བླངས་ན་མཐའ་སྐོར་དཔག་ཚད་ཉིས་བརྒྱ་དགོས་ཤིང་། མངའ་རིས་ཀྱི་ཏི་སེ་ལ་མཐའ་སྐོར་དཔག་ཚད་བརྒྱ་དང་ཉེར་དགུ་ཡས་མས་ཙམ་ལས་མེད་པས་དཔག་ཚད་བདུན་ཅུ་ཡས་མས་ཀྱི་ཧེ་བག་འབྱུང་ལ། གཟི་བརྗིད་དང་ཐུགས་འབུམ་ལྟར་ན་མཐའ་སྐོར་ལ་དཔག་ཚད་ལྔ་བཅུ་ཡོད་པས་ན་དཔག་ཚད་བརྒྱད་ཅུ་མ་ཟིན་ཙམ་གྱི་ཁྱད་པར་འབྱུང་བ་ཡིན་ནོ། །གཉིས་པ་ཁྱད་བོན་མི་འདྲ་སྟེ།འོལ་གླིང་གི་གཡུང་དྲུང་དགུ་བརྩེགས་ནི་བང་རིམ་ལྡན་པའི་རི་ཞིག་ལ་ཕྱོགས་བཞི་ན་ཚལ་བཞིས་མཛེས་པ། རི་རྩེར་ཤེལ་གྱི་རྡོ་རིང་དང་། རི་ཡི་ངོས་སུ་བང་རིམ་གྱི་རྣམ་པ་གསལ་བ། བང་རིམ་དེ་དག་གི་བར་དུ་མཆོད་རྟེན་བགྲངས་ལས་འདས་པ་དང་། མཐའ་སྐོར་དུ་ཕྱོགས་བཞིར་ནགས་ཚལ་ཉམས་དགའ་བས་བསྐོར་བ་ཞིག་དགོས་པ་ལུང་ཁག་ལས་གསལ་ཞིང་། རྩེ་མོ་དང་བང་རིམ་གི་བར་བར་ན་གུར་དབུབ་ས་དང་། རི་ཡི་རྩེ་མོ་ན་མི་ཚོགས་ཁྲི་ཕྲག་འདུ་ས་ཞིག་ཡོད་དགོས་ཏེ། གཡུང་དྲུང་དགུ་བརྩེགས་རི་ཡི་རྩེ་མོ་ན། འཁོར་གཡུང་དྲུང་སེམས་དཔའ་ཁྲི་ཕྲག་གིས་བསྐོར་ནས་ཐབས་གཅིག་ཏུ་བཞུགས་སོ། ཞེས་གསུངས་པའི་ཕྱིར། མངའ་རིས་ཀྱི་གཡུང་དྲུང་དགུ་བརྩེགས་ཀྱི་རྣམ་པ་ནི་ཀུན་གྱིས་ཤེས་གསལ་ལྟར་ལ་འདིར་བཤད་པའི་དགོས་པ་དབེན། དེས་ན་ལུང་གི་གནོད་པ་འབབ་ཚུལ་གོང་དུ་བཤད་པ་ལྟར་ལ། རིགས་པའི་གནོད་པ་ནི་ཞར་ལ་བབ་པ་ཡིན་པ་དེང་གི་སྤྱི་ལེའི་རྒྱ་ཁྱོན་སོགས་ཀྱིས་ཤེས་སོ།།
གཞན་ཡང་འོལ་གླིང་བོད་ཡུལ་དུ་འདོད་པ་ལྟར་ན། གངས་ཏི་སེ་དེ་འཛམ་གླིང་གི་དབུས་སུ་ཡོད་པ་དང་། འཛམ་གླིང་གི་ནུབ་བྱང་དུ་ཡོད་པ་གཉིས་ཀར་ཐལ་བར་འགྱུར་རོ། ཅིའི་ཕྱིར་ན། ཁྱོད་ལྟར་ན་གངས་ཏི་སེ་དེ་ས་ཚིགས་ཀྱི་དབུས་ཡིན་པ་གང་ཞིག་ལ་ཡོན་ཏན་གྱི་དབུས་ཀྱང་འདོད་པ་ཡིན་མོད། དེས་ན། ཁྱོད་ཁྱོད་ཀྱི་ནུབ་བྱང་དུ་ཡོད་དགོས་པར་ཐལ་ཏེ། འོལ་གླིང་དེ་འཛམ་བུ་གླིང་གི་ནུབ་བྱང་དུ་ཡོད་པ་ལུང་རྣམ་དག་གི་དགོངས་པ་ཡིན་པའི་ཕྱིར་རོ། ཁྱོད་འཛམ་གླིང་གི་དབུས་མ་ཡིན་ཟེར་ན་བཞད་བགད་ཀྱི་གནས་ཡིན་ལ། འོ་ན་གཞན་དུ་འཛམ་བུ་གླིང་གི་དབུས་ཤིག་ངོས་ཟུངས་དང་བཟླས་ན་གང་ཡང་མི་སྨྲ་བའི་རྟུལ་ཞུགས་འཆང་བར་འགྱུར་རོ།། དེ་བཞིན་དུ་ཁྱོད་ལ་ལྟོས་ནའང་ཁྱོད་ཁྱོད་ཀྱི་ནུབ་བྱང་དུའང་ཡོད་ཟེར་ན་ནི་གང་དྲན་དྲན་ཡིན་པས་རང་སར་དུ་འདོར་དགོས་པའི་རིགས་སོ། །འདིར་ཏི་སེ་རྟགས་སུ་བཀོད་པའི་འཁོར་གསུམ་བསྐལ་པ་བརྒྱ་ལ་བཟློག་ཏུ་མེད་པ་ཞིག་འདུག་ཀྱང་། ཐ་མལ་བ་རྣམས་ནས་གོ་བདེ་བའི་ཕྱིར་དུ་དེ་ཙམ་གྱིས་འཐུས་པར་བྱ། གཞན་ཡང་མཛད་མདོ་རྒྱས་འབྲིང་བསྡུས་གསུམ་ནས་འོལ་གླིང་གི་བཀོད་པ་བསྟན་པའི་སྐབས་སུ། འོལ་གླིང་དབུས་ཀྱི་རྒྱལ་ས་ཕོ་བྲང་གླིང་བརྒྱད་དང་། བར་གླིང་བཅུ་གཉིས་སོགས་ན་མ་ཧེ་མཛོ་དང་། བ་མོ་སོགས་མ་གཏོགས་བོད་ཀྱི་སྒོ་ནོར་འབྲི་གཡག་བེད་སྤྱོད་བྱས་ས་ཤིག་རྩ་བ་ནས་མི་གསལ་བའང་རྒྱུ་མཚན་ཆེན་པོ་ཞིག་ཡིན། འདི་ལ་འགའ་ཞིག་ནས་འབྲི་གཡག་ཡོད་དེ། གནས་དེ་རུ་མཛོ་མོ་ཡོད་པའི་ཕྱིར་སོགས་ཀྱི་རིགས་པ་རེ་འདོན་པར་སྣང་མོད་ཀྱི། མ་ཧེ་དང་བ་གླང་འདྲེས་པའི་མཛོ་མོ་ཞིག་ཀྱང་ཡོད་པར་སྣང་སྙམས་པ་ནི་བདག་གིས་སེམས་སོ། རྒྱུ་མཚན་ནི་མཛད་མདོའི་ལུང་ཆེས་མང་པོ་ཞིག་ནས། མ་ཧེའི་མཛོ་དང་ཞེས་གསུངས་འདུག་པས་སོ། ལར་མ་ཧེ་ལ་ཆུར་གནས་ཀྱི་མ་ཧེ་དང་། སྐམས་གནས་ཀྱི་མ་ཧེ་གཉིས་སུ་ཡོད་པར་འདུག་ལ་དེ་གཉིས་གང་ཞིག་བ་གླང་དང་འདྲེས་སུ་རུང་མིན་ནི་དཔྱད་པའི་གནས་སུ་ལུས། འོན་ཀྱང་འོལ་གླིང་གི་ཕྱི་ཡི་མཐའ་གླིང་འགའ་ན་ནོར་གནག་ཀྱང་ཡོད་པའི་ཟོལ་ཙམ་ནི་ཡོད་དོ། །
སྟོན་པ་མཆོག་གི་སྐུ་ཡི་ཆ་ལུགས་ལ་བལྟས་ནའང་བོད་ཀྱི་ཆ་ལུགས་གཏན་ནས་མི་འདྲ་སྟེ།
གཟི་བརྗིད་པོད་གསུམ་པ་ལས། p2“སྐུ་ལ་དར་དམར་གྱི་ན་བཟའ་དང་། ཟ་འོག་གི་བེར་ཆེན་དང་། ལྗང་སྨྲིག་གི་ཐོག་རལ་ནི་བནབ། དབུ་ལ་དར་དཀར་གྱི་ལ་ཐོད་དང་། རིན་པོ་ཆེའི་པྲོག་ཞུ་རྩེ་ལྔ་ནི་གསོལ། ཕྱག་ན་སྲིད་པ་སྐོས་ཀྱི་ཆག་ཤིང་ནི་བསྣམས།” ཅེས་དང་། གཟི་བརྗིད་པོད་བཞི་པ་ལས། p316 “དབུ་ལ་དབང་གི་གཙུག་ཕུད་དང་། ཚེ་ཡི་ལན་ཕྲན་སླས་པ། དར་ལ་སིང་དཀར་མོའི་ལ་ཐོད་ལ། ཆུ་དར་སྔོན་མོའི་ཆ་ག་གདབ་པ། དར་དམར་གྱི་འཛུམ་ཐོད་ལ། དར་ལྗང་གི་ཅོད་པན་འཕུར་བ། དེ་ལྟ་བུ་ཞིག་མནབ་པ། སྐུ་ལ་ཟ་འོག་གི་བེར་ཆེན་དང་། དམར་ལྗང་དང་ངུར་སྨྲིག་གི་ཐོག་རལ་ནི་གསོལ། ཕྱག་ན་སྲིད་པ་སྐོས་ཀྱི་ཆག་ཤིང་ལ། སྣང་སྲིད་གསལ་བའི་ཡི་གེ་བཀྲ་བ་ཞིག་བསྣམས་ནས།” ཅེས་གསུངས། འདིར་འགའ་ཞིག་གིས་བོད་བཙན་པོ་རྣམས་ནས་དབུ་ལ་དར་སིང་དཀར་པོའི་ཐོད་བཅིངས་བ་སོགས་ཀྱི་རྒྱུ་མཚན་ལྟར་སྣང་བ་ཐུར་ཁྱབ་ཏུ་དྲུད་ནས་འོང་མོད་ཀྱི། དེ་དག་ནི་ཏ་ཟིག་རྒྱལ་པོའི་ཆ་ལུགས་ཡིན་པ་མཁས་དབང་དགེ་ཆོས་ཀྱིས་རྒྱལ་རབས་དེར་ཐེར་དཀར་པོ་ལས་གསལ་ཏེ། དེབ་དཀར་ལས། 176 “དེ་དུས་ཕྱིའི་རྒྱལ་ཁབ་ཀྱི་ཁྲོད་ན་བོད་དང་མཛའ་འབྲེལ་ཆེ་བ་ནི་ཏ་ཟིག་པ་རྣམས་ཡིན་ལ། ཏ་ཟིག་ཡུལ་དུ་ནི་སྐབས་དེར་ནང་པའི་བསྟན་པ་དར་བ་མ་ཟད། ཤེས་རིག་ཡོན་ཏན་གྱི་ཆ་ལའང་ཁོང་རྣམས་འགྲན་ཟླ་དང་བྲལ་གཤིས། བོད་ཀྱི་རྗེ་བློན་རྣམས་ཀྱང་ཕལ་ཆེར་ཏ་ཟིག་པའི་སྲོལ་ལུགས་གནང་བ་ཡིན་ནམ་སྙམ་སྟེ། སྲོང་བཙན་གྱིས་དར་དམར་པོའི་ལ་ཐོད་བཞེས་པ་སོགས་ཀྱང་བཤད་ལ། ཟ་འོག་གི་བེར་དང་། ཕྱགས་(ཆག)ལྷམ་སྣེ་འཁྱིལ་གྱོན་པ་སོགས་ཀྱང་ཏ་ཟིག་གི་སྲོལ་དང་འདྲ། ལར་ཟ་འོག་ནི་སྔོན་དུས་སུ་རྒྱ་དཀར་ནག་གཉིས་ཀར་ཡང་གྱོན་སྲོལ་མེད་པ་འདུག” ཅེས་གསུངས། དེས་ན་སྔ་མོའི་བོད་བཙན་པོ་དེ་དག་གིས་ཏ་ཟིག་གི་ཡུལ་ལ་བརྩི་མཐོང་ཇི་ལྟར་བྱ་མིན་ཙམ་དཔོག་ནུས་ལ། དེའི་རྒྱབ་ལྗོངས་ན་རིག་གཞུང་གིས་བསྡུས་པའི་སྲོལ་ལུགས་ཀྱང་མཐོང་ཐུབ་པ་མ་ཡིན་ནམ། ལར་བོད་ཡུལ་ཁོ་ན་ཙམ་མ་ཡིན་པར་ཡུལ་གཞན་དུའང་། ལྟ་སྤྱོད་ཀྱི་རྨང་གཞི་གཅིག་པའི་ཆུ་ཟམ་བརྒྱུད་ནས། བོན་བསྟན་གར་ཡོད་དུ་བན་བསྟན་སྤེལ་སྟབས་བདེ་བ་སོགས་ཀྱིས་རྐྱེན། ཞིམ་པའི་ཟས་དང་བདེ་བའི་མལ་གྱིས་སྣེ་ལེན་ཞུས་པའི་མགྲོན་པོ་དེས། མཐར་ཁྱིམ་ཚང་གི་ཕ་རྒན་གནས་དབྱུང་གཏོང་བའི་རྣམ་པ་ནི་གང་སར་བྱུང་ཡོད་པར་སྣང་ངོ་། །རྒྱུ་མཚན་གཞན་ཞིག་ནི་ཤིང་རྟའི་སྐོར་འདི་ཡིན། མཛད་མདོ་ཁག་ལས་འོལ་གླིང་གི་ས་ཁོངས་ཕལ་ཆེ་བར་སྟོན་པ་མཆོག་འགྲོ་དོན་དུ་ཕེབས་སྐབས་ཡབ་ཀྱི་གསེར་གྱི་ཤིང་རྟ་འཁོར་ལོ་བརྒྱད་པ་ལ་བཞུགས་ནས་ཕེབས་ཀྱི་ཡོད་དེ། གཟི་བརྗིད་པོད་གསུམ་པ་ལས། p2 དེ་ཡང་རྒྱལ་བུ་ཉིད་ནི་ཡབ་ཀྱི་ཤིང་རྟ་གསེར་གྱི་འཁོར་ལོ་བརྒྱད་པ་ལ་ནི་བཅིབས། ཅེས་དང་། དེས་མ་ཚད་འཁོར་རྣམས་ལའང་ཤིང་རྟ་ཡོད་པར་གསལ་ཏེ། ལུང་དེ་ཉིད་ཀྱི་p3 ལས། དེའི་ཕྱི་རིམ་དུ་བར་བློན་སུམ་ཅུ་རྩ་གཉིས་ཀྱིས། ཤིང་རྟ་འཁོར་ལོ་བཞི་པ་རེ་བཅིབས་ནས། ཅེས་གསུངས་ལ། ཤིང་རྟའི་སྐོར་ནི་མཛད་མདོ་རྒྱས་འབྲིང་གཉིས་ན་ཤིན་ཏུ་མང་བས། ལུང་མང་འདྲེན་པའི་ངལ་མ་བྱས། འོན་ཀྱང་ཤིང་རྟ་ནི་གཤེན་རབ་མི་བོའི་ཡར་སྔོན་ནས་འོལ་གླིང་དུ་ཡོད་པ་གསལ་པོ་ཡིན་པ་ལས་ཁོང་གི་སྐུ་དུས་ཙམ་ནས་འགོ་བཙུག་པ་ཞིག་ནི་མ་ཡིན་ནོ། དེ་བཞིན་དུ་འོལ་གླིང་ན་གླང་པོ་ཆེ་བཀོལ་བ་ཡིན་པ་མདོ་ལུང་ལས་གསལ་མོད། བོད་ཡུལ་གངས་ཏི་སེ་ལ་གླང་ཆེན་བེད་སྤྱོད་བྱས་པའི་རྗེས་ཤུལ་དང་མ་ཧེ་བཀོལ་སྤྱོད་བྱེད་པའི་རྗེས་ཤུལ་འཚོལ་དགོས་ན་དཀའ་ཁག་ཤིན་ཏུ་ནས་ཆེ་བ་ཡིན། སྟོན་པ་དག་ཤ་དུང་སྒོ་བརྒྱུད་ནས་བོད་དུ་ཕེབས་དུས་ཤིང་རྟ་ལ་བཞུགས་མེད་པ་མ་ཟད། འདས་པའི་ལོ་རྒྱུས་ཐོག་ཏུ་མངའ་རིས་ཀྱི་ཡུལ་འདི་དག་ཏུ་ཤིང་རྟ་བེད་སྤྱོད་བྱས་པའི་ལོ་རྒྱུས་ཀྱི་རྗེས་ཤུལ་མེད་པ་སོགས་ཀྱིས་དོན་གྱི་གསལ་བཤད་བྱས་ཟིན་པ་ཡིན་ནོ། །
ཏ་ཟིག་འོལ་གླིང་དེ་ཤ་མིག་གི་མཇལ་ཡུལ་ཡིན་མིན་སྐོར།
ད་ནི་གོང་དུ་བཤད་པའི་ཏ་ཟིག་འོལ་མོ་ལུང་རིང་དེ། སོ་སྐྱེ་ཕལ་པའི་མཐོང་ངོར་གྱུར་མིན་གྱི་བསམ་ཚུལ་ཙམ་ཞིག་གླེང་བ་ལ། འདི་ལ་ལུང་རིགས་ཀྱི་སྒོ་གང་ནས་ཀྱང་། སྐལ་ལྡན་སོ་སྐྱེའི་མཐོང་ངོར་གྱུར་པ་ཞིག་ཡིན་དགོས་པ་ཡིན། ལུང་ལས་དུས་སྐབས་དེར་ལྷ་བདུད་རྫུ་འཕྲུལ་ལྡན་པ་མ་གཏོགས་གནས་འདིར་བགྲོད་ཐུབ་མིན་ལ་རྒྱུ་མཚན་དུ་བྱས་ནས། སྔ་རབས་པ་འགའ་ནས་འདི་ཉིད་འགྲོ་བ་མི་ཡི་སྣང་ངོར་དུ་མ་གྱུར་བ་ཞིག་ལ་ངོས་འཛིན་མཁན་བྱུང་ཡོད་པར་འདུག་མོད། དོན་དངོས་སུ་བར་ཐག་དང་ ཆུ་བོ་ གཡང་གཟར་ གངས་བྲག་ དེ་བཞིན་གཅན་སྤྱང་དང་འཇབ་བུ་སོགས་ཀྱི་ལམ་འཕྲང་གིས་རྐྱེན་པས་ས་གནས་དེར་བགྲོད་ལམ་དཀའ་ཚེགས་ཆེ་བའི་རྐྱེན་གྱིས་རྫུ་འཕྲུལ་དང་མི་ལྡན་པ་ཕལ་ཆེར་བགྲོད་དཀའ་བའི་གནས་ཡིན་པ་ལས་ཤ་མིག་གིས་མཇལ་དུ་མེད་པ་ཞིག་ག་ལ་ཡིན། དཔེར་ན་དུས་སྐབས་དེ་ཤེད་དུ། ལྷ་ས་ནས་ཀོང་པོ་བར་རྫུ་འཕྲུལ་དང་ལྡན་པ་མ་གཏོགས་དྲོ་ཐེབས་གཅིག་གིས་སླེབས་མི་སྲིད་མོད། ད་ལྟ་ནི་སྐྱེ་བོ་ཕལ་པ་རྣམས་ཆུ་ཚོད་གསུམ་ཙམ་གྱིས་སླེབས་པ་ལས་ཤེས་སོ། གནས་འདི་ཉིད་ནི་བཟང་ངན་ཡག་བཙོག་ཀུན་ཀ་ཚང་བའི་གནས་ཤིག་ཡིན་པ་ནི་མཛད་མདོ་ཁག་ལ་བལྟས་ན་ཤེས་ཏེ། དཔེར་ན། ཞེ་སྡང་མངོན་གྱུར་ཅན་རྨང་གུ་ཝེར་ར་ཙ་དང་། ཁྲི་ཤི་དབང་རྒྱལ་ལ་སོགས་པ་དང་། གཏི་མུག་མངོན་གྱུར་ཅན་སྡིག་ཅན་མི་དགུ་ལ་སོགས་པ། འདོད་ཆགས་མངོན་གྱུར་གྷུ་ལིང་མ་ཏི་ལ་སོགས་པ་ལོག་པར་སྤྱོད་པའི་སེམས་ཅན་བསམ་ལས་འདས་པ་ཞིག་འདིའི་མཐའ་སྐོར་ན་ཡོད་པ་གསལ་པོ་ཡིན་ལ། བོད་ཡུལ་ནས་ཀོང་བཟའ་ཁྲི་ལྕམ་དང་ཀོང་རྗེ་དཀར་པོ། སྲས་བུ་ཀོང་ཚ་སོགས་དང་། དེ་དང་འབྲེལ་བ་མང་དག་གཤེན་རབ་ཀྱི་རྗེས་སུ་འབྲེང་ནས་འོལ་གླིང་དུ་ཕྱིན་པ་སྨོས་མེད་ཡིན། དེ་དག་ཚང་མ་ཤ་གཟུགས་ཅན་གྱི་གདོང་དམར་བ་ཡིན་པས་ན། དེ་རྣམས་ཀུན་ཀ་དག་ཤ་དུང་སྒོའི་ཕར་ཕྱོགས་ལ་སླེབས་པ་ནས་དངོས་མེད་སྟོང་གཟུགས་སུ་གྱུར་སོང་བ་ཞིག་བཤད་ན་སུ་ཡི་རྣ་བར་འགྲོ། ད་དུང་མཛད་མདོ་འབྲིང་པོ་ལས་འདི་ཉིད་འཕགས་པའི་གཟིགས་སྣང་གི་ཡུལ་ཁོ་ན་མ་ཡིན་པ་གསལ་པོར་བསྟན་ཡོད་པ་སྟེ། སྟོན་པ་མཆོག་སྐུ་མི་རྟག་མྱ་ངན་ལས་འདས་ནས་མི་ལོ་སྟོང་དང་བརྒྱད་བརྒྱ་ཙམ་ན་གདུང་སོབ་མུ་ཆོ་མ་བྱོན་གྱི་བར་དུ་འོལ་གླིང་དུ་བསྟན་པ་ཆེས་ཆེར་ཉམས་པར་གྱུར་པ་གསལ་པོ་ཡིན། དེ་ཡང་། གཟེར་མིག་ལས། p1154 “དེའི་ཚེ་དེའི་དུས་ན། སྟོན་པའི་བཀའ་ཐོས་ཀྱིན་ཞལ་མཐོང་བའི་སེམས་ཅན་ཤེས་རབ་ཀྱི་རྩལ་དང་ལྡན་པ། སྡིག་པའི་ཆ་སྤངས་ནས་དགེ་བའི་ལས་སྤྱོད་པ་རྣམས་ནི། སེམས་ཅན་གྱི་བུ་ཡིན་པས། ཤ་ཁྲག་གི་ལུས་ལ་བརྟེན་པའི་སྐྱོན་གྱིས། སྐྱེ་འཆི་དང་འདུ་འབྲལ་གྱི་ལས་བརྩན་གྱིན། ཇེ་ཉུང་ཇེ་ཉུང་འཕོ་འགྱུར་ལས་ཀྱིས་སོང༌། སེམས་ཅན་གྱི་གྲངས་དང་སྡིག་པའི་ལས་བསམ་གྱིས་མི་ཁྱབ་པས། བར་དེར་གཞན་དག་ནས་ཚེ་འཕོས་ཀྱིན། གནས་དེར་སྐྱེས་པ་ལ། དགེ་བ་གཞུང་བཞིན་དུ་སྤྱད་པའི་སེམས་ཅན་ནི་ཉུང་ཞིང༌། དགེ་སྡིག་འཆོལ་བར་སྤྱད་པའི་སེམས་ཅན་དང༌། སྡིག་པ་ཅི་ཚུགས་སུ་སྤྱད་པའི་སེམས་ཅན་ནི། འཕེལ་ནས་ཤིན་ཏུ་གྲངས་མང་བར་སོང་ངོ༌། །བསོད་ནམས་ཀྱི་ཆ་བྲི་ནས། དུས་ཀྱི་ཐ་མ་ལ་ཡང་ཇེ་ཉེ་ཇེ་ཉེར་སོང་ངོ༌། །དེ་ཡི་སྐྱོན་དང་གྲིབ་མ་ཡིས། བདུད་དང་སྲིན་པོ་ལ་སོགས་ཏེ། བསྟན་པ་སྣུབ་ཀྱིན་བར་ཆད་བྱེད་པ་ཡང༌། ཤིན་ཏུ་གྲངས་མང་ཞིང་རབ་ཏུ་དཔུང་ཆེ་བར་གྱུར་ཏོ། སྟོན་པས་ཞལ་ནས་གསུངས་པའི་སྒོ་བཞི་མཛོད་དང་ལྔ་ཡི་བོན། གླེགས་བམ་ནང་དུ་ཡི་གེར་བྲིས་པ་ཡང༌། སྐྱེས་ཀྱིན་འཕེལ་བའི་སེམས་ཅན་ཤེས་པ་ཇེ་ཆུང་ཇེ་ཆུང་སོང་བས་སུ། དོན་གྱི་དབྱིངས་ཕྱུང་གིན་ཤེས་པའི་རྒྱུད་ཁྲོལ་བ་ཡང་ཤིན་ཏུ་གྲངས་ཉུང་བར་གྱུར་ཏོ། ཞེས་གསུངས་པ་འདིས་འོལ་མོ་ལུང་རིང་འདི་ཉིད་སྐལ་ལྡན་སོ་སྐྱེའི་མིག་གི་ཡུལ་དུ་གྱུར་པ་ཞིག་ཡིན་པ་གསལ་པོ་ཡིན་ནོ། །
དེས་ན་འོལ་གླིང་ངམ་ནུབ་ཕྱོགས་དམུ་ཡི་ཡུལ་དེ་ན་གནའ་སྔ་མོ་ཞིག་ནས་གཤེན་རབ་ཀྱི་བསྟན་པ་དར་བ་ནས་རྒྱས་པ། རྒྱས་པ་ནས་རྒུད་པ་སོགས་ཀྱི་དུས་རབས་མང་པོ་ཞིག་གི་ལམ་བུ་བརྒྱུད་ཟིན་མོད་ཀྱི། ཞིང་དེའི་རང་འབྱུང་གི་བཀོད་པ་སོགས་ལ་སྟོན་མཆོག་ཡབ་སྲས་ཀྱིས་བྱིན་གྱིས་བརླབས་པའི་བྱིན་རླབས་ཀྱི་ཚན་ཁ་མ་ཡལ་བར་ད་ལྟའང་ཀོང་པོ་བོན་རི་ལྟ་བུར་བཞུགས་ཡོད་པ་སོམ་ཉི་དང་བྲལ་བ་ཡིན་ནོ། །
༧ རིམ་དགུའི་སྲོལ་འབྱེད་དམུ་རྒྱལ་མྱི་བོ་ཆེ། །
དེའི་སྲས་བརྒྱད་དང་ཁྱད་པར་གདུང་འཚོབ་རྗེ། །
ལྷ་ཀླུ་མི་མགོན་འཛམ་གླིང་མཁས་དྲུག་སོགས། །
སྐུ་བལྟམས་ཞབས་བཅག་བསྟན་སྤེལ་མདོ་རྒྱུད་ལུང་། །
ལོག་འགྲེལ་རིགས་ཞེན་རྨོངས་མགོ་སྐོར་བའི་གཏམ། །
དུས་འདིར་མོད་ལ་གཏིང་ནས་སུན་པའི་རྐྱེན། །
དྲི་བྲལ་རྣམ་དག་རྒྱལ་བའི་བཀའ་ལུང་ལ། །
ལེགས་དཔྱད་གསང་བརྗོད་ཤེལ་དཀར་ཨ་དར་ཤ། །
མཁྱུད་སྤངས་གྲོགས་ལ་འདོམ་པའི་བྱེད་པོ་ནི། །
བསྟན་འདིའི་སྐྱབས་ཀྱི་འོག་ཏུ་རབ་སྐྱེས་པ། །
དྲུང་མུ་ཤེལ་ཞིན་མིང་གིས་སྦྱར་བའི་དགེས། །
མདོ་རྒྱུད་ལུང་དོན་རབ་གསལ་སྐྱ་རེངས་ཆེ། །
དོན་གཉེར་ཤར་རིའི་སྤོ་ནས་བཞེངས་པའི་གཟིས། །
ངེས་དོན་ལོག་པར་འགྲེལ་བའི་ཞེན་ཁོག་སྨག །
རྣམ་བསལ་ཤེས་རབ་ཉི་མ་འབུམ་གྱི་འོད། །
རབ་སྤྲོས་ཡང་དག་ཞིང་གི་བཀོད་པ་ཆེ། །
སྐལ་ལྡན་ཚུལ་བཞིན་མཐོང་བའི་རྐྱེན་དུ་ཤོག །
ཅེས་འོལ་མོ་ལུང་རིང་ཕྱོགས་ཙམ་གང་དུ་ཡོད་པ། རྒྱལ་བའི་མདོ་རྒྱུད་ཟབ་མོ་རྣམས་དང་། རྗེས་འཇུག་རིག་འཛིན་མཁས་གྲུབ་རྣམ་པས་ཞིབ་པར་བཤད་ཟིན་པ་ལ་ཕྲན་ལྟ་བུས་ཟུར་འཛར་བཏག་པ་ལ་དགོས་པ་མི་ཆེ་ནའང་། མདོ་རྒྱུད་ལ་ཞིབ་གཟིགས་ཀྱི་དཔྱད་པ་ཆུང་ལ། ཞེན་ཁོག་དང་རྔ་མ་མཆུ་འཇོག་ལ་དགའ་བའི་སྤོམ་བཤད་ཅན་དག་གི་ཐག་གཅོད་ཀྱི་ལོག་སྨྲ་ཧམ་བཤད་དག་ལ་སྒོ་ཀུན་ནས་ཡིད་མ་རངས་བ་མ་ཟད། དེང་གི་ས་གཤིས་རིག་པའི་གནས་བབ་ཀྱི་ངོས་ནས་དོན་གཉེར་ཅན་རྣམས་ལ་ཅུང་ཟད་གོ་བདེར་འབྱུང་བར་ཕན་རེས་ཀུན་ནས་བསླངས་ཏེ། ཞང་ཞུང་སྒོ་པའི་སྒོ་པ་ན་དལ་རྟེན་རྙེད་ཅིང་སངས་རྒྱས་གཡུང་དྲུང་བོན་གྱི་བསྟན་པ་ལ་མི་ཕྱེད་པའི་དད་པ་ཐོབ་པ་དྲུང་མུ་ཤེལ་ཞིན་ནམ་དྲ་མིང་གློག་སྒྲོམ་དུ་འབོད་པ་དེས། ཡུལ་དབུས་གྱུར་ལྷ་ལྡན་གྲོང་དུ་འབྱུང་ལྡན་༣༠༡རབ་བྱུང་༡༧ཆུ་སྟག་ཧོར་ཟླ་༧པ། སྤྱི་ལོ་༢༠༢༢ལོའི་ཟླ་བ་༩པར་སྦྱར་བ་དགེའོ།།དཔྱད་གཞིའི་ལུང་ཁུངས་རྣམས་ལ་སྐབས་རེར་མིང་གཞིའི་བརྡ་དག་དེང་གི་ཁྲིམས་འོག་ཏུ་མེད་པ་འཆར་ཅན་ཡོང་བཞིན་པ་ལྟར་ལ་འདིར་ཡང་འདུག་མོད། “དོན་གྱི་གོ་བས་ཚིག་གི་དག་ཐོན་པ།” ཞེས་པའི་འདུ་ཤེས་བཟུང་ནས་བཅོས་བསྒྱུར་མ་བྱས་པར་རང་སོར་བཞག་ཡོད།
དཔྱད་གཞིའི་ཡིག་རིགས།
གཡུང་དྲུང་ལྷ་ཡི་བོན་མདོ་འདུས་པ་རིན་པོ་ཆེའི་རྒྱུད། བོད་ལྗོངས་ཤིན་ཧ་དཔེ་ཚོང་ཁང་ནས་2010 བསྐྲུན་པའི་བོན་གྱི་ལོ་རྒྱུས་ཡིག་ཆ་ཕྱོགས་སྒྲིག
མདོ་དྲི་མེད་གཟི་བརྗིད། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་ནས་2000-9པར་བསྐྲུན་པ།
མདོ་གཟེར་མིག ཁྲི་བསོད་བསྟན་གྱིས་གཙོ་སྒྲུབ་བྱས་པའི་2013ལོའི་འཕྲུལ་དེབ།
མི་ནུབ་མཚན་མདོ་ཀ། སངས་རྒྱས་གཡུང་དྲུང་བོན་གྱི་བཀའ་འགྱུར་ཆེན་མོ། པོད་ 22། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་ནས་2021-5པར་དཔར་བ།
རྒྱུད་དུང་ལོ་ལྗོན་པ། སངས་རྒྱས་གཡུང་དྲུང་བོན་གྱི་བཀའ་འགྱུར་ཆེན་མོ། པོད་94། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་ནས་2021-5པར་དཔར་བ།
བླ་མེད་གོ་འཕང་སྒྲུབ་ཐབས། སངས་རྒྱས་གཡུང་དྲུང་བོན་གྱི་བཀའ་འགྱུར་ཆེན་མོ། པོད་26། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་ནས་2021-5པར་དཔར་བ།
སྣོད་རྟེན་འབྱུང་བ་ཆགས་འཇིག་གི་མདོ་ལས། སངས་རྒྱས་གཡུང་དྲུང་བོན་གྱི་བཀའ་འགྱུར་ཆེན་མོ། པོད་26། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་ནས་2021-5པར་དཔར་བ།
ཀུན་འབུམ་ཁྲ་བོ། སངས་རྒྱས་གཡུང་དྲུང་བོན་གྱི་བཀའ་འགྱུར་ཆེན་མོ། པོད་101 སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་ནས་2021-5པར་དཔར་བ།
ཀླུ་འབུམ་ནག་པོ། སངས་རྒྱས་གཡུང་དྲུང་བོན་གྱི་བཀའ་འགྱུར་ཆེན་མོ། པོད་40། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་ནས་2021-5པར་དཔར་བ།
ཀུན་སྒྲོལ་རླུང་ལྷའི་གཞུང་། སངས་རྒྱས་གཡུང་དྲུང་བོན་གྱི་བཀའ་འགྱུར་ཆེན་མོ། པོད་101 སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་ནས་2021-5པར་དཔར་བ།
མ་རྒྱུད་སྒོམ་འགྲེལ་ཉི་མའི་དཀྱིལ་འཁོར། སྒོ་བཞི་མཛོད་ལྔའི་ཡང་བཅུད་གྲས། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་ནས་2014-12པར་དཔར་བ།
རྩ་རྒྱུད་ཉི་ཟེར་སྒྲོན་མ། ཁྲི་བསོད་བསྟན་གྱིས་གཙོ་སྒྲུབ་བྱས་པའི་2013ལོའི་འཕྲུལ་དེབ། (འཕྲུལ་དེབ་རྣམས་འཆར་ངོས་ཀྱི་ཡིག་འབྲུ་ཆེ་ཆུང་ལ་ལྟོས་ནས་ཤོག་གྲངས་འགྱུར་བས་འདིར་བཀོད་པའི་ཤོག་གྲངས་ལས་ཏག་ཏག་རྙེད་པའི་ངེས་པ་མེད།)
གསོ་རིག་ཐུགས་འབུམ་མཁའ་སྔོན། མི་རིགས་དཔེ་སྐྲུན་ཁང་ནས་2005-6པར་དཔར་བ།
མཛོད་སྒྲ་འགྲེལ། ཝ་ན་མཐོ་སློབ་ནས་1999ལོར་དཔར་བ།
བསྒྲག་པ་གླིང་གྲགས། བོད་ལྗོངས་ཤིན་ཧ་དཔེ་ཚོང་ཁང་ནས་2010བསྐྲུན་པའི་བོན་གྱི་ལོ་རྒྱུས་ཡིག་ཆ་ཕྱོགས་སྒྲིག
ནམ་མཁའ་འཕྲུལ་མཛོད། སི་ཁྲོན་ཏང་དེབ་ཚོགས་པས་2013-7པར་དཔར་བ།
འདུར་རྒྱུད་ཕྱར་བ་ཐང་ཆེན། ཀན་སུ་མི་རིགས་དཔེ་སྐྲུན་ཁང་ནས་བསྐྲུན་པ། འཕྲུལ་དེབ།
སྲིད་པ་སྤྱི་མདོས། འཕྲུལ་དེབ།
དར་རྒྱས་གསལ་སྒྲོན། གངས་ཏི་སེའི་བོན་གཞུང་རིག་མཛོད། མི་རིགས་དཔེ་སྐྲུན་ཁང་གི་བོད་ཡིག་རྩོམ་སྒྲིག་ཁང་ནས་2010ལོར་དཔར་བ།
དཔལ་ཆེན་ཁམས་འགྲེལ། སྒོ་བཞི་མཛོད་ལྔའི་ཡང་བཅུད། ཀོ་དགོན་ནས་བསྒྲིག་པ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་ནས་2014-12པར་དཔར་བ།
སྒ་སྟོན་མཛོད་འགྲེལ། སྒ་སྟོན་གསུང་འབུམ། སྟེང་ཆེན་དགོན་བསྒྲིག །བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་ནས་དཔར་བ།
གླེང་གཞི་བསྟན་པའི་བྱུང་ཁུངས།གངས་ཏི་སེའི་བོན་གཞུང་རིག་མཛོད།མི་རིགས་དཔེ་སྐྲུན་ཁང་གི་བོད་ཡིག་རྩོམ་སྒྲིག་ཁང་ནས་2010ལོར་དཔར་བ།
བསྟན་འབྱུང་ཀེ་ཏ་ཀ་ཡི་དོ་ཤལ། གངས་ཏི་སེའི་བོན་གཞུང་རིག་མཛོད། མི་རིགས་དཔེ་སྐྲུན་ཁང་གི་བོད་ཡིག་རྩོམ་སྒྲིག་ཁང་ནས་2010ལོར་དཔར་བ།
ལེགས་བཤད་མཛོད། ཤར་རྫ་རིན་པོ་ཆེའི་གསུང་འབུམ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་ནས་2011-7པར་དཔར་བ།
སྨན་རིའི་ཡོངས་འཛིན་སློབ་དཔོན་བསྟན་འཛིན་རྣམ་དག་རིན་པོ་ཆེའི་གསུང་འབུམ། ཁྲི་བརྟན་ནོར་རྩེ་ནས་2005ལོར་དཔར་བ།
ཐང་སན་ལམ་ཡིག་འགྱུར་རྙིང་། བོད་ཀྱི་དཔེ་མཛོད་ཁང་ནས་2008-7པར་དཔར་བ། འཕྲུལ་དེབ།
ཐང་སན་ལམ་ཡིག་འགྱུར་གསར། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་ནས་2018-10པར་དཔར་བ།
དགེ་འདུན་ཆོས་འཕེལ་གྱི་གསུང་འབུམ། ཞང་ཀང་གྱི་ལིང་དཔེ་སྐྲུན་ཁང་ནས་དཔར་བ།