ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

གཤེན་གྱི་དགེ་སྤྱོད་རྣམ་པར་དག་པའི་ཆོ་གའི་སྒོ་ནས་དཀའ་ཐུབ་འཚོགས་བཞིན་པ།

ཧོར་ཟླ་བརྒྱད་པ་འདི་ནི་འདུལ་འཛིན་པའི་ལོ་འགོ་རུ་རྩི་ཡི་ཡོད་པ་ཡིན་ལ། དུས་ཚོད་འདི་ལ་སྔར་སྨན་རི་ལ་བརྒྱད་པ་ལོ་གསར་ཞེས་འབོད། སྐྱབས་རྗེ་༧ཡོངས་འཛིན་རིན་པོ་ཆེ་མཆོག་གིས་རྒྱལ་བའི་བཀའ་ལུང་གི་གཏིང་བསྔོགས་ཏེ་སྔར་སྟོན་པ་གཤེན་རབ་མི་བོས་དཀའ་ཐུབ་མཛད་པ་དང་། དེའི་ལག་ལེན་མཛད་མདོ་རྒྱས་པའི་ནང་དུ་གསལ་པོར་ཡོད་པ་དག དགོངས་གཞི་དགོས་པ་རྒྱ་ཆེན་པོ་ལ་གཟིགས་ནས་བྱུང་ཁུངས་ལོ་རྒྱུས་ལག་ལེན་དང་བཅས་པ་རྩལ་བཏོན་ཏེ་དཀའ་ཐུབ་རྣམ་བཤད་དང་། དཀའ་ཐུབ་ཀྱི་ལག་ལེན་ཟིན་རིས་བཅས་མཛད་གནང་བ་མ་ཟད་གདན་ས་སྨན་རིའི་གླིང་ནས་དབུ་བཙུག་སྟེ་སྔར་སྟོན་པས་དཀའ་ཐུབ་མཛད་པའི་ལམ་སྲོལ་བསྐྱར་གསོ་གནང་ནས་བྱེས་ཀྱི་གདན་ས་གཉིས་ལ་ལོ་ལྟར་རེ་བཞིན་ཧོར་ཟླ་བརྒྱད་པའི་ནང་བདུན་ཕྲག་གཅིག་གི་རིང་ལ་དཀའ་ཐུབ་འཚོག་བཞིན་ཡོད།

འདི་ལོ་སྟེ་ཕྱི་ལོ་ ༢༠༢༢ ཟླ་ ༠༩ ཚེས་ ༢༦ ནས་ཕྱི་ཟླ་ ༡༠ ཚེས་ ༠༢ བར་དང་། བོད་ཆུ་སྟག་ལོའི་ཟླ་བ་ ༠༨ ཚེས་ ༡ ནས་ཚེས་ ༠༧ བར་བདུན་ཕྲག་གཅིག་རིང་ལ་འཚོག་བཞིན་ཡོད་པ་རེད། དེ་ཡང་ཐོག་མར་གཤེན་གྱི་དགེ་སྤྱོད་རྣམ་པར་དག་པའི་ཆོ་གའི་སྒོ་ནས་མཚན་མ་རྡུལ་ཚོན་གྱི་དཀྱིལ་འཁོར་བླུགས་པ་དང་། ཕྱི་ཚེས་ ༢༥ ཉིན་མཆོད་བཟོ་བྱས་ཤིང་། ཕྱི་ཚེས་ ༢༦ ནས་དཀའ་ཐུབ་དབུ་བརྩམས་པ་རེད། ཞོགས་པ་སྔ་མོ་ནས་༧སྐྱབས་རྗེ་སློབ་དཔོན་ཚངས་པ་བསྟན་འཛིན་རིན་པོ་ཆེ་དབུ་བཞུགས་ཐོག་གྲྭ་མང་འདུས་པ་རྒྱ་མཚོ་ཚོགས་ཁང་ནང་འཚོགས་ཏེ་འདུལ་བའི་གསོ་སྦྱོང་གསུངས་པ་དང་། དེ་རྗེས་ཞོགས་འཚོགས་ཚར་ནས་བཤད་སྒྲུབ་མཁན་པོ་དགེ་བཤེས་སྐལ་བཟང་སྨོན་ལམ་མཆོག་ནས་བཤད་སྒྲུབ་སློབ་གཉེར་བ་རྣམས་ལ་དགེ་འདུན་གྱི་སྤྱོད་ལམ་གསལ་བའི་མེ་ལོང་དཔེ་ཁྲིད་གནང་། ཕྱག་ཚོད་དགུ་པ་ནས་དགེ་སྤྱོད་ཀྱི་ཆོ་གའི་གཞུང་བསྲངས་པ་དང་ཆུ་གཏོར་བཏང་། ཕྱག་ ༡༢ ཐོག་གསོལ་ཚིགས་བཞེས་ནས་ངན་སོང་དོངས་སྤྲུག་གི་བསྙེན་པ་བགྲང་བཞིན་ཞབས་སྐོར་ཕེབས། ཕྱག་ཚོད་༠༣ཐོག་གཡུང་དྲུང་ལྟུང་བཤགས་དང་ཡུམ་མདོ་བཅས་གསུངས། ཕྱག་ཚོད་༠༥་ནས་༠༥/༣༠བར་འཆད་ར་འཚོགས། དེ་ནས་འཆད་རའི་ཐོག་སྐྱབས་རྗེ་དཔོན་སློབ་རིན་པོ་ཆེ་ནས་གྲྭ་མང་ལ་ཁྲུས་གནང་བ་དང་། འདུལ་ཆོག་ལྟར་ཉུལ་ལེ་བཀར་བ་དང་མདོ་ཟློག་སྨོན་ལམ་བཅས་གསུངས། ནང་དུ་འཚོགས་ཏེ་སྨོན་ལམ་རྣམ་གསུམ་དང་པང་སྐོང་ལྟར་བསྔོ་བ་བཅས་གསུངས་ཏེ་འཚོགས་གྲོལ། ཕྱག་ཚོད་ ༠༧ ནས་ ༠༩ བར་དགེ་བཤེས་དང་སྒྲུབ་གྲྭ་བ་དང་འཛིན་གྲྭ་གོང་མ་ཚོས་ཟབ་མོ་སྟོང་པ་ཉིད་ཀྱི་ཉམས་ལེན་དང་། འཛིན་གྲྭ་འོག་མ་ཚོས་དཔེ་ལྟ་དང་བློ་སྦྱོང་བཅས་མཛད་དེ་ཉིན་རེའི་མཛད་རིམ་འདི་བཞིན་བདུན་གཅིག་རིང་གནང་མུས་ཀྱི་གནས་བསྡུས་སུ་མེ་ལོང་ཡེ་ཤེས་དྲ་བའི་གཙོ་སྒྲུབ་པས་ ༢༠༢༢/ /༢༧ ཉིན་སྤེལ།། །།

པར་པ་ཁྱུང་ཐོག་རྒོད།

(སྤྱིའི་གཟིགས་གྲངས། 559 དེ་རིང་། 1)

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
གཡུང་དྲུང་…
error: རྩོམ་འདི་བདག་དབང་ཅན་ཡིན།