ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

རག་བླ་རྟོགས་ལྡན་དྲི་མེད་གཡུང་དྲུང་རིན་པོ་ཆེ་མཆོག་གི་མཛད་རྣམ་རགས་བསྡུས།

རྩོམ་པ་པོ། དགེ་བཤེས་གཡུང་དྲུང་གཙུག་ཕུད།

སྙན་རྒྱུད་ཚེ་དབང་ལུང་བསྟན་ལས། །ཚེ་དབང་སྤྲུལ་པ་དགུ་འབྱུང་བའི། །

སྤྲེལ་ལ་གཡུང་དྲུང་མིང་ཡོད་པ། །ཉམས་སྐྱོངས་ངོ་མཚར་ལྡན་པ་བྱུང་། །

མངོན་ཤེས་ནུས་ཚད་ལྡན་པ་ཡིན། །ཞེས་དང་། དབྲ་སྤྲུལ་དྲི་མེད་འོད་ཟེར་གྱི་ལུང་ལས། །

གབ་སྦས་མཁན་གྱི་སྤྲེལ་བུ་དེ། །ཆུ་སྲིན་གྲེ་ནས་ནོར་བུ་ལེན། །

ཆུ་སྲིན་གྲེ་ནས་ནོར་བུ་ལེན། །ཕྱི་དར་སྲིད་གསུམ་རྟོག་གི་རྒྱན། །

ལྔ་སྙིགས་བསྟན་པའི་མེ་རོ་སྤར། །གང་འབྲེལ་ཐར་པའི་བདེ་ལམ་བཀོད། །

ཅེས་ལུང་གིས་བསྔགས་པའི་སྐྱེས་ཆེན་ཁོང་ནི། རིག་འཛིན་ཆེན་པོ་ཚེ་དབང་རིག་འཛིན་མཆོག་དོན་དུ་མི་ཡི་རྣམ་པར་སྤྲུལ་པ་ཞིག་སྟེ། དེ་ཡང་མདོ་ཁམས་རྔུལ་སྟོད་གནས་ཆེན་དཀར་མགོན་མཆེད་གསུམ་གྱི་ནང་ཚན་མཚོ་བྱེད་དཀར་མགོན་རྫ་རྒྱལ་ཞེས་པའི་མདུན། རྟ་རྫའི་རག་ཤི་བླ་བྲང་ཚང་ཡབ་རག་ཤི་གཡུང་དྲུང་ཚེ་བསྟན་དང་ཡུམ་འབེ་ཟ་ནོར་འཛོམ་གཉིས་ཀྱི་སྲས་སུ་འབྱུང་ལྡན་༢༩༩ས་སྦྲེལ་ལོ་སྤྱི་ལོ་༡༩༠༨ལ་འཁྲུངས། རུས་མིང་རག་ཤི་ཞེས་པ་རག་ཞིག་ཅེས་འབྲི་སྲོལ་ཡང་འདུག འབྲི་ཚུལ་དེ་གཉིས་ཀྱི་ཐད་ལ་ཕྲན་གྱིས་རེ་ཞིག་དཔྱད་པར་མི་བྱ། ཡིན་ནའང་རུས་རྒྱུད་འདི་ལ་སྔོན་ལ་རག་ཤི་ཉི་མ་རྒྱལ་མཚན་སོགས་ཀྱི་སྐྱེས་ཆེན་དུ་མ་བྱོན་མྱོང་ཡོད་ལ། ད་ཆར་ཡང་རྒྱུད་པ་འདི་ལས་བླ་མ་ཁྱད་པར་ཅན་དང་སྨན་པ། བཙུན་མ་སོགས་ཡོད་ཅིང་མི་རྒྱུད་འདི་ཡི་རིགས་ལ་ཐུན་མོང་མ་ཡིན་པའི་ཐུགས་རྒྱུད་ཞི་བ། རྣམ་རིག་གསལ་བ། སྤྱོད་བཟང་ཡ་རབས་ཀྱི་སྐུ་མཚན་ཚང་བ་སོགས་གཞན་ལས་མ་འདྲ་བ་ལྟ་བུ་ཞིག་ཡོད། རྟོགས་ལྡན་རིན་པོ་ཆེ་ནི་དགུང་ལོ་གསུམ་བཞིའི་ཐོག་ཀ་སྡེ་བཞི་པོ་ཞལ་ནས་རང་གྲགས་མཛད་པ་དང་ནམ་མཁར་ཡི་དམ་ལྷ་རྒོད་ཐོག་པའི་ཞལ་གཟིགས། དགུང་ལོ་བདུན་ཐོག་ནས་རིག་གནས་གཞི་མ་བྲིས་ཀློག་སོགས་སྦྱོང་པ་མཛད། དགུང་ལོ་བཅུ་གསུམ་ཐོག་སྒོ་སྟོན་ཉི་མ་རྒྱལ་མཚན་མདུན་དུ་རབ་ཏུ་བྱུང་། ཀླུ་དགོན་གྱི་སྒྲིག་ཞུགས། ཀུན་མཁྱེན་ཐུགས་རྗེ་ཉི་མ་རིན་པོ་ཆེའི་དྲུང་ནས་ཨ་ཁྲིད་ཡབ་སྲས་སྔོན་འགྲོ་དང་དངོས་གཞི་སྦྱངས། དམ་པ་ཁོང་གིས་དཔལ་རྩ་བའི་གྱེར་ཆེན་གཤེན་དགུ་ཞེས་སྔོན་འགྲོ་འབུམ་དགུ་དང་དངོས་གཞི་ཆ་ཚང་རེ་བསགས་སྦྱངས་མཛད་སའི་རྩ་བའི་བླ་མ་དགུ་ཡོད་པ་ནི། ༡༽སྨན་རིའི་མཁན་རབས་སོ་སུམ་ཅུ་པ་བསྟན་པ་བློ་གྲོས། ༢༽སོ་བརྒྱད་མཁན་པོ་སྒོ་སྟོན་ཉི་མ་རྒྱལ་མཚན། ༣༽གཤེན་སྤྲུལ་ཀུན་མཁྱེན་ཐུགས་རྗེ་ཉི་མ། ༤༽ཤར་རྫ་བློ་གྲོས་ལུང་རྟོགས་རྒྱ་མཚོ། ༥༽ཀུན་གྲོལ་ཧཱུྃ་ཆེན་འགྲོ་འདུལ་གླིང་པ།༦༽གྲུབ་དབང་རྣལ་འབྱོར་བཟོད་པ་རྒྱལ་མཚན།༧༽ཁྱུང་སྤྲུལ་འཇིགས་མེད་ནམ་མཁའི་རྡོ་རྗེ།༨༽འབྲུ་སྒོམ་ཚུལ་ཁྲིམས་རྒྱལ་མཚན།༩༽རྨེའུ་སྐལ་བཟང་རྒྱ་མཚན་དང་དགུའོ། །གཞན་སྨན་རིའི་མཁན་ཆེན་ཉི་མ་དབང་རྒྱལ་མདུན་དུ་ནས་ཁྲོ་ཕུར་གཉིས་དང་སྟག་ལ་སོགས་ཀྱི་དབང་ལུང་གསན། མཁན་ཆེན་ཕུན་ཚོགས་བློ་གྲོས་མདུན་ནས་བཀའ་བརྟེན་འགྱུར་གྱི་དཔེ་ལུང་། ཡི་དམ་གསས་མཁར་མཆོག་ལྔའི་དབང་ཞུས། མཁར་སྤྲུལ་སྐལ་བཟང་རྒྱ་མཚན་དྲུང་དུ་གཤེད་དམར་ནག་གི་དབང་བརྒྱ་དང་། དབལ་གསས་བྱམས་མ། མ་ཏྲི་སོགས་དགོན་གྱི་རྒྱུན་ཚོགས་ཕར་ཆེར་དབང་ལུང་གསན། གཤེན་སྤྲུལ་ཐུགས་རྗེ་ཉི་མའི་མདུན་དྲུང་དུ་མེ་རིའི་དབང་ལུང་ཆ་ཚང་ཞུས། རྩེ་དྲུག་མཁན་པོ་བརྩོན་འགྲུས་རྒྱལ་མཚན་དང་སུམ་ལྡན་སློབ་དཔོན་ཚུལ་ཁྲིམས་གྲགས་པ་གཉིས་ཀྱི་དྲུང་དུ་བཀའ་འགྱུར་གྱི་ལུང་ཆ་ཚང་གསན། དམ་པ་ཁོང་ནི་གྲུབ་དབང་བཟོད་པ་རྒྱལ་མཚན་དང་ཀུན་མཁྱེན་ཐུགས་རྗེ་ཉི་མ་རྣམ་གཉིས་ཀྱིས་ཞལ་མཐུན་པར་ཚེ་དབང་རིག་འཛིན་གྱི་རྣམ་སྤྲུལ་ཡིན་པར་ངོས་འཛིན་བྱས།

ཤར་རྫའི་རྒྱལ་ཚབ་བློ་གྲོས་རྒྱ་མཚོ་ཧོར་ཡུལ་ཕེབས་ཏེ་ཧོར་སྤྱི་ཁྱབ་རྣམ་ཚང་གི་བླ་མར་བཀུར། རྐྱང་འཐེང་མཐོང་སྨོན་བདེ་ཆེན་རི་ཁྲོད་ཕྱག་བཏབ། རྟོག་ལྡན་རིན་པོ་ཆེ་དང་། གཡུང་དྲུང་རྒྱལ་བ་རིན་པོ་ཆེ། ཕྲིན་ལས་རྒྱ་མཚོ་རིན་པོ་ཆེ་རྣམ་པ་གསུམ་ལ་ཤར་རྫའི་མཛོད་ཆེན་སྡེ་ལྔའི་དབང་ལུང་ཁྲིད་རྣམས་བུམ་པ་གང་བྱོའི་ཚུལ་དུ་བསྩལ་ཏེ། རྟོགས་ལྡན་རིན་པོ་ཆེ་རྒྱལ་ཚབ་བསྐོས་བཞག་གནང་སྟེ་མཚན་ལ་དྲི་མེད་གཡུང་དྲུང་ཞེས་གསོལ། དེ་རྗེས་ཁྱུང་ནག་མཁན་པོ་ཚུལ་ཁྲིམས་ཕུན་ཚོགས་དྲུང་ནས་ཤར་རྫའི་བཀའ་སྒོར་གྱི་ཟབ་ཁྲིད་རྒྱས་པར་གསན། དེ་ནས་བཟུང་རྟོག་ལྡན་རིན་པོ་ཆེ་དང་ཕྲིན་ལས་རྒྱ་མཚོ་རྣམ་གཉིས་ལ་རྐྱང་འཐེང་མཚམས་པ་རྣམ་གཉིས་ཞེས་སུ་གྲགས། དེ་ནས་མི་ལོ་བཅུ་གཉིས་རིང་རྐྱང་འཐེང་སྒྲུབ་གྲྭའི་རི་ཁྲོད་ཀྱི་མཁན་པོ་གནང་སྟེ་དད་ལྡན་སློབ་མ་བརྒྱ་ཕྲག་སྨིན་གྲོལ་གྱི་ལམ་ལ་འགོད་པའི་འཆད་པ་ལྷུར་བླངས། ཐུན་མིན་གྱི་གཡུང་དྲུང་སྤུན་གྲོགས་རྣམ་འབྱོར་པ་འཕྲིན་ལས་རྒྱ་མཚོ་དང་ལྷན་དུ་ལྟ་བ་ཡས་ཕུབ་རྫོགས་པ་ཆེན་པོའི་དོན་རྟོགས། གྲོགས་གསང་སྔགས་རིམ་གཉིས་ཀྱི་ལམ་ཁྱེར་གནང་སྟེ་གང་ཟག་ཕལ་པའི་ངོས་རེས་དགའ་ཁྲོ་བ་འབྲུག་གསས་སྐུ་གསལ་བ་དང་མ་འོངས་པ་གནས་ཚུལ་རྣམས་སྔོན་དུ་མཁྱེན་པ་སོགས་བྱུང་། རྒན་རབས་བཤད་སྲོལ་ལས་རྒྱལ་ཚབ་ཧོར་ཡུལ་ཕེབས་སྐབས་ཤར་རྫའི་མཛོད་ཆེན་སྡེ་ལྔ་བསྣམས་ནས་ཀླུ་དགོན་དུ་ཤར་རྫའི་སྒྲུབ་གྲྭ་འཛུགས་རྒྱུའི་འཆར་གཞི་ཡོད་ཀྱང་། མཁར་སྤྲུལ་རིན་པོ་ཆེ་ནས་དེ་ཙམ་དང་ལེན་མ་བྱས་རེད་ཟེར་སྲོལ་འདུག བཤད་སྲོལ་དེ་བདེན་པར་སྙམ་སྟེ། མཁར་སྤྲུལ་རིན་པོ་ཆེའི་དགོངས་པར་སྨན་རིའི་ཡོངས་འཛིན་རིན་པོ་ཆེ་གདན་འདྲེན་ཞུས་ནས་ཀླུ་དགོན་དུ་བཤད་སྒྲུབ་གཉིས་ཀྱི་བསྟན་པ་བཙུགས་སྟེ་རྒྱལ་བ་སྨན་རི་བའི་དགོན་ལག་ཨང་དང་པོ་ཞེས་པའི་མིང་དོན་མཚུངས་པ་ཞིག་མཛད་རྒྱུའི་དགོངས་གཞི་ཡོད་པ་གོང་ཞུས་ལྟར་ཡིན་པ་དང་། རྒྱལ་ཚབ་རིན་པོ་ཆེ་ཀླུ་དགོན་དུ་ཕེབས་ཚུལ་དེ་ཙམ་མི་འདུག་པས་སོ།།

ཀུན་གྲོལ་ཧཱུྃ་ཆེན་མཆོག་ཧོར་ཡུལ་ཕེབས་སྐབས་གནས་ཆེན་མདས་རྒྱང་ནས་གཏེར་ལུང་གིས་ཟིན་པའི་མི་བཞིའི་ནང་ཚན་རིན་པོ་ཆེ་ཁོང་གིས་མཚན་ལ་འཁོར་འདས་བློར་ཆུབ་དྲི་མེད་རྡོ་རྗེ་ཞེས་གསོལ། གཞན་གསུམ་ནི་ཁྱུང་སྤྲུལ་རིན་པོ་ཆེ་དང་། ཨོ་མ་རྟོགས་ལྡན། ལོ་ཧྥ་རྟོགས་ལྡན་བཅས་ཡིན། ཀུན་གྲོལ་མདུན་ནས་མཁའ་འགྲོ་གསང་མཛོད་སོགས་དབང་ལུང་ཟབ་ཁྲིད་གསན། མཁའ་འགྲོ་གསང་མཛོད་ཀྱི་རྩ་ལུང་སྦྱངས་པ་གྲུབ་རྗེས་ཆུ་རས་ཐེངས་བཅུ་གསུམ་སྐམ་པ་དང་། ཆུ་རས་ལ་མེ་ཐིག་ཕོག་པ་སོགས་ངོ་མཚར་གྲུབ་རྟགས་ཀུན་གྱི་མཐོང་ཡུལ་དུ་གྱུར། དེ་རྗེས་གངས་རིན་པོ་ཆེ་སོགས་སྟོད་གནས་ཁག་ལ་གནས་མཇལ་ཕེབས་སྐབས་རྟ་སྒོ་ངོ་དམར་ལྷ་བཙན་ཞལ་གཟིགས་ཏེ་སྒེར་སྲུང་མཛད། ཁོང་གིས་རྟ་སྒོའི་མངའ་གསོལ་ཞིག་ཀྱང་མཛད་ཡོད།

ཁྱུང་ལུང་དངུལ་མཁར་དུ་ཁྱུང་སྤྲུལ་རིན་པོ་ཆེའི་གསེར་ཞལ་མཇལ་ཏེ་དབང་ལུང་ཟབ་ཁྲིད་རྒྱས་པར་གསན། ཁྱུང་སྤྲུལ་རིན་པོ་ཆེ་ནས་ཁོང་གི་རྒྱབ་ཚབ་དགོས་པའི་བཀའ་ལུང་བསྩལ། དེར་གཟིམ་ལམ་དུ་ནམ་སྟོད་ཁྱུང་སྤྲུལ་རིན་པོ་ཆེ་འོད་ཀྱི་སྐུ་ལྟ་བུ་ཞིག་བྱོན་ཏེ་ཁྱེད་འདིར་བསྡད་ན་འགྲོ་དོན་ཆེ་ཚུལ་གསུངས། ནམ་དཀྱིལ་དུ་དྲན་པ་ནམ་མཁའ་ཞལ་མཇལ་ཏེ་པོ་ཏི་སྔོན་པོ་ཞིག་གནང་སྟེ། ངེས་དོན་ཟབ་མོའི་དོན་སྒོམ་འགྲོ་དོན་མཛོད། ཅེས་གསུངས། ནམ་སྨད་གནས་བདག་ཤྰ་བ་བཅིབས་པ་ཞིག་གིས་ཁྱེད་ཉིད་འདི་གར་བཞུགས་དང་སྡོང་གྲོགས་བྱེད་ཅེས་རྨིན་སྣང་ཡ་མཚན་དུ་བྱུང་བར་བརྟེན་རིན་པོ་ཆེ་ནས་བསྡད་དགོས་དགོངས་ཀྱང་རོགས་རྣམས་ཀྱིས་ད་ཐེངས་རང་ཡུལ་མ་ལོག་ན་མི་འགྲིག་པའི་ཞུ་ནན་བྱས་ཏེ་ཕྱིར་རང་ཡུལ་ལ་ཕེབས།

ཡང་ཀོང་པོ་བོན་རིེར་ཕེབས་སྐབས་ཤེལ་སྐུ་སྦུག་ནས་ཕྱག་མགོ་བཟུང་མ་ཐག་རླུང་ཐོག་མཉམ་དུ་ཨྰོྃ་ཨ་ཡུ་པ་ཤང་སིདྷི་བྲུྃ་འདུ་ཞེས་པའི་ངོ་མཚར་སྨན་དྲི་ཚུབས་སེ་ལུས་ལ་ཐིམ་པའི་ཚར་སྣང་བྱུང་གསུངས། ཇ་ཁྲི་འཕྲང་ལ་ཉལ་བའི་རྨི་ལམ་ནང་ལ་མི་ནག་མགོ་གསུམ་ཞིག་གིས་ཁྲོས་ཚུལ་བསྟན་པས་ཁོངས་སྨྲ་སེང་སྐུ་སྒོམ་ཏེ་མགོ་གསུམ་རལ་གྲི་བཅད་དེ་དམ་བཏགས་མཛད། ཡང་ཕེབས་ལམ་དུ། ཁུ་བྱུག་ཞིག་སྐད་སྙན་གྲགས་ཤིང་ཉེ་སར་ཕྱིན་ཀྱང་མི་ཁྱི་འཕྲད་པ་བཞིན་མི་སྐྲག་པར་འདུག་ཅིང་རྗེས་སུ་གཡས་སྐོར་ཐེངས་གསུམ་བརྒྱབ་སྟེ་ཁ་ནང་གི་ཤིང་ལོ་ཞིག་ཕྲག་པར་འཕང་སྟེ་འཕུར་སོང་བས་ཐུག་རྗེ་ཀུན་གྲོལ་གྱི་སྤྲུལ་པ་ཡིན་ནམ་ཞེས་གསུངས། དེ་རྗེས་སྐོར་བརྒྱ་གྲུབ་སྟེ་བསྔོ་སྨོན་མཛད་སྐབས་རིན་པོ་ཆེའི་སྐུ་གྲིབ་ལ་འཇའ་ཚོན་སྣ་ལྔས་དཀྲིས་འདུག་པ་ཀུན་གྱིས་མཐོང་བས་ངོ་མཚར་བྱས། དེ་ནས་ཙ་རིར་དམར་ནག་མཐའ་ཕྱིན་རང་ཡུལ་ཕེབས་སྐབས་ཉིན་དུ་མའི་རིང་ཁ་ཟས་མེད་པར་བྱོན་ཏེ་སྐོར་བ་གྲུབ་རྗེས་ཕྱིར་རང་ཡུལ་ཕེབས། ཡམ་ཞང་ཞུང་མེ་རི་ལོ་སྒྲུབ་མཛད་སྐབས། མེ་ཤང་ནས་ཡིན་ཟེར་བའི་བུད་མེད་དྲེད་མགོ་ཅན་ཞིག་མདུན་དུ་མོ་རང་གི་མགོ་ཐོག་ཏུ་ཕྱར་ཙམ་བྱས་པས། མོ་རང་གིས་ཁྱེད་ཀྱི་ཐུགས་དམ་གར་ཁྱབ་ངས་གནོད་པ་མི་བྱེད་ཅེས་དམ་བཅའ་ཕུལ། ཡང་རྐྱང་འཐེང་གོང་དུ་གེ་ཁོད་སྒྲུབ་སྐབས་རྒྱལ་ཐན་གྱིས་ཆོ་འཕྲུལ་བྱུང་ནས་མི་རྣམས་ལ་ཞ་གྲུམ་གྱིས་འཚེ་བ་བྱུང་སྐབས་ཁོང་གིས་དམིགས་རིམ་དང་བཀའ་སྒོ་མཛད་པས། ནང་བདག་གིས་ཁྱེད་ཀྱིས་སྲུང་བ་གར་ཁྱབ་ང་ཡིས་འཚེ་བ་མི་བྱེད་ཟེར་ནས་དམ་བཅའ་ཕུལ། དེ་ནས་ནད་ཡམས་འཕྲོ་ཆད།

ཡང་ཁྱུང་དམར་སྒྲུབ་སྐབས་ཉམས་སྣང་ལ། ཁོང་གིས་སྐུ་ལུས་ཁྱུང་དུ་སྤྲུལ་ནས་སྤྱན་མིག་གིས་སྟོང་གསུམ་གསལ་ཞིང་སྡེར་མོ་ཕྱོགས་མཚམས་སུ་བགྲད་པས་ས་རྡོ་རི་བྲག་ཚང་མ་ཐལ་བྱུང་དུ་ཕུག་ནས་སྡེ་བརྒྱད་ཟིལ་གནོན་གྱི་རྟོགས་པ་ངོ་མཚར་ཆེ་བ་བྱུང་གསུང་།

ཡང་རིམ་འགྲོ་གསོལ་ཁ་མཛད་སྐབས་ཞིག་ལ་ནུབ་གཅིག་ཁྲོ་བོ་འབྲུག་གསས་དང་། སྟག་ལ་སྤུ་གྲི་དཀར་ནག་དམར་གསུམ་གྱི་ལྷ་ཞལ་མཇལ། ཡང་གཙང་མའི་ལྷ་སེལ་མཛད་སྐབས་ཁྲོ་བོ་འབྲུག་གསས་ཆེམས་པའི་ལྷ་འཁོར་ཆ་ཚང་ཞལ་གཟིགས། རྨིན་ལམ་ནས་སོག་གྲུ་ཁུག་ནས་ཡར་ཕེབས་སྣང་ལ། ལམ་བར་བྲག་ཁུང་ཞིག་ཏུ་རྟ་སྔོན་ལུས་ལ་རྨ་འཛེ་ཡོད་པ་ཞིག་ལུས་འདུག་པ། དེ་ལ་ཁོང་གིས་འཁྲུས་མཛད་མ་ཐག་རྨ་འཛེ་མེད་པར་གྱུར་ཏེ་མི་ཡི་རྣམ་པ་ཞིག་ཏུ་གྱུར། མི་དེས་བླ་མ་ཁྱེད་ཀྱིས་ངང་ལ་ཁྲུས་གྲིབ་སེལ་མཛད་པས་ང་ནད་ལས་ཐར་སོང་། འདི་ཁྱོད་ལ་བཀའ་དྲིན་གསབ་བྱེད་ཡིན། རྗེས་སུ་འགྲོ་བ་ཡོངས་ལ་ཕན་ཐོགས་ངེས་ཡིན་ཞེས་ལུས་ཀྱི་རྔུལ་ཆུའི་རིལ་བུ་ཞིག་སྤྲད་ནས་མི་སྣང་བར་གྱུར། དེ་ནས་ཡར་སོང་བས་གཡུང་དྲུང་བསྟན་འཛིན་འཕྲད་སྣང་ལ་ཁོང་ལ་ང་ཡི་དངོས་གྲུབ་བཞག་ས་ཞིག་སྤྲད་རྒྱུ་ཨེ་ཡོད་གསུངས་པས་ཁོང་གིས་ཡོད་གསུང་ནས། དར་དཀར་ཞིག་སྤྲད་བྱུང་བས་རས་དཀར་ནང་དངོས་གྲུབ་དྲིལ་ཏེ་ཡར་ཕེབས་སྣང་བྱུང་གསུངས། དེ་ཡི་ཕྱི་ཉིན་གཡུང་དྲུང་བསྟན་འཛིན་གྱིས། བདེ་གླིང་གིས་མཛད་པའི་དགེ་བསྙེན་གི་དཔེ་ཆ་ཞིག་ཕུལ་བའི་ཁོང་གི་ཉམས་སྣང་ཤར་བ་དང་འདྲ་བྱུང་གསུངས་ནས་དགྱེས་ཚུལ་མཛད་འདུག་ཟེར། གཡུང་དྲུང་བསྟན་འཛིན་གྱིས་གསུང་སྐབས་སྐབས་སུ་ཁོང་ཡར་མར་ཕེབས་སྐབས་བཀའ་སྲུང་རྣམས་ལ་མི་ཁྱི་གང་གིས་མི་མཐོང་བའི་ཡ་མཚན་བྱུང་། གཞན་སྲུང་མ་དང་། ཡུལ་ས་དཀར་ཕྱོགས་རྣམས་དང་ལྷག་པར་དུ་རྒན་ཆེན། སྡེ་འབུམ། འཁོར་ར་སོགས་ཀྱི་སྐུ་མདོག་ཕྱག་མཚན་ཆིབས་རྟ་བཅས་ཞལ་གཟིགས་ཡོད།

ཡང་ཉིན་ཞིག་ཁོང་གི་འཁྲུངས་གཞིས་སོག་གཞུང་ནས་མར་ཕེབས་སྐབས། ཀུན་གྲོལ་གྱིས་གནང་བའི་གཏེར་ཕུར་བྱིན་ལྡན་ཞིག་ཡོད་པ་དེ་ལས་བར་དུ་བོར། ཡར་འགྲོ་མཁན་མི་ཞིག་གིས་རྙེད་ནས་ཁྱེར་ཏེ་ཕྱིན། དེ་ནུབ་ཕུར་པ་བོར་བ་དགོངས་ཀྱང་ས་རུབ་ནས་བྱེད་ཐབས་བྲལ། ཕྱི་ཉིན་སྔ་པོ་ལངས་སྟེ་ཕུར་པ་བཙལ་ཀྱང་མ་རྙེད། ཁོ་ཡིས་རྙེད་མ་བྱུང་ཞེས་རྫུན་བཤད་དེ་ཕུར་པ་ཁོང་རང་ཉལ་ནས་བསྡད། དེ་དགོང་ཁོང་ལ་ཨ་བསེ་བྲག་བཙན་དམར་པོས་ལུང་བསྟན་ཏེ། ཁྱེད་ཀྱིས་ཕུར་པ་དེ་ཁོ་ཡི་ལག་ཏུ་འདུག སང་ཉིན་ཁྱེད་རང་ཁོ་སར་ཕྱིན་དང་ཕུར་པ་རག་ངེས་ཡིན་ཞེས་ཟེར། ཕྱིན་ཉིན་ཁོང་མི་དེའི་སར་ཕྱིན་རྗེས་ཁོ་ཡིས་འགྱོད་བཤགས་བྱེད་བཞིན་ཕུར་པ་ཕྱིན་སྤྲད་བྱུང་གསུངས།

ཡང་ཁོང་གི་དཔེ་ཆ་གླིང་བཟའ་ཆོས་སྐྱིད་འདས་ལོག་པོད་ཏི་གཅིག་ཡོད་པ་དེ་འབྲོང་ངུ་རི་ཁྲོད་དུ་བོར་ནས་ཟླ་ཤས་རྙེད་མ་ཐུབ། ནུབ་གཅིག་རྟ་སྒོ་ངོ་དམར་ལྷ་བཙན་ཟེར་བ་ཞིག་གིས་ཁྱོད་ཀྱིས་པོ་ཏི་དེ་འབྲོང་ངུར་རི་ཁྲོད་བཀའ་འགྱུར་ཁང་ནང་འདུག་པ་འདི་རེད་ཟེར་ཏེ་པོ་ཏི་ཞིག་ཕྱིར་ཅུང་ཙམ་འཐེན་བྱུང་བའི་ཉམས་སྣང་བྱུང་། ཕྱི་ཉིན་བཀའ་འགྱུར་ཁང་དུ་ཕྱིན་ཚེ་པོ་ཏི་ཕྱིར་དོན་པ་དེ་རེད་འདུག་གསུངས།

རིན་པོ་ཆེ་ཁོང་སྒྲུབ་གྲྭ་ཁར་བཞུགས་སྐབས། ཐུན་གསེང་དུ་སློབ་མ་རྣམས་ལ་སྔོན་འགྲོ་དངོས་གཞི་དང་དབང་ལུང་ཁྲིད་སོགས་ཀྱི་སློབ་མ་སྟོང་ཕྲག་བོན་སྒོར་བཅུག སང་ཉིན་འདིར་མི་འདི་འདྲ་སླེབས་ཀྱི་འདུག་སོགས་མ་འོངས་པ་མངོན་སུམ་དུ་གཟིགས། ཁོང་གི་ཉམས་མགུར་གསུང་པ་རྣམས་ཉམས་མགུར་ཕྱོགས་སྒྲིག་ལས་གསལ། ཡང་ཕྱྭ་སྲས་ཀེང་ཙེ་སྒྲུབ་སྐབས་ནམ་མཁར་འབྲུ་གཏོར་བ་བར་སྣང་དུ་ཞག་བདུན་ཆགས།

ཡང་ཚེས་བཅོ་ལྔ་ཞིག་ལ་གདུགས་དཀར་དར་ཆེན་བསྒྲེངས་ཏེ་རབ་གནས་མཛད། དེ་ནས་གཞུང་ཆུ་ལ་ཕྱག་བཀྲུས་པས་གཞུང་ཆུ་གཞུར་མཚམས་ཆད་པ་རོགས་པ་ཀུན་གྱིས་མཐོང་སྟེ་དད་མོས་དཔག་ཏུ་མེད་པར་གྱུར། དེ་ལྟར་དབེན་པའི་སྒྲུབ་གནས་སུ་མི་ཚེ་དང་སྒྲུབ་པ་མཉམ་བསྐྱལ་བྱས་ཏེ། ཕྱི་སོ་ཐར་་དྲི་མེད་བསླབ་པས་ཁྲིམས་བཙུན། ནང་གསང་སྔགས་རིམ་གཉིས་ལམ་འཁྱེར་ལ་དབང་བསྒྱུར། གསང་བ་བླ་མེད་རྫོགས་པ་ཆེན་པོའི་ཉམས་ལེན་ཁྲེག་ཆོད་ཐོད་བརྒལ་གྱི་དགོངས་པ་ཀློང་དུ་ཆུབ་ཅིང་། སྦས་དང་མངོན་པ་ཅི་རིགས་པའི་སྒོ་་ནས་འགྲོ་དོན་རྒྱུན་མ་ཆད་པར་བཞུགས།

ཁོང་གི་དཔལ་རྩ་བའི་གྱེར་ཆེན་གཤེན་ལྔ་ཞེས་གསུངས་པ་ནི། ཤ་རྫ་བཀྲ་ཤིས་རྒྱལ་མཚན། རྒྱབ་ཚབ་བློ་གྲོས་རྒྱ་མཚོ། ཧཱུྃ་ཆེན་འགྲོ་འདུལ་གླིང་པ། ཀུན་མཁྱེན་ཐུགས་རྗེ་ཉི་མ། འབྲུ་སྒོམ་ཚུལ་ཁྲིམས་རྒྱལ་མཚན་དང་ལྔའོ། གཞན་པའི་དབང་ལུང་ཞུ་སའི་བླ་མ། སྤ་སྟོན་ཉི་མ་འབུམ་གསལ། སྤ་སྟོན་གཡུང་དྲུང་བསྟན་པ་འབྲུག་གྲགས། སྨོན་རྒྱལ་ནམ་མཁའ་གྲགས་པ། ཞུ་སྟོན་ཉི་མ་རྒྱལ་མཚན། སྤ་ཚང་གཏེར་ཆེན་ཡེ་ཤེས་གཡུང་དྲུང་། དབྲ་སྤྲུལ་དྲི་མེད་འོད་ཟེར་སོགས་མང་པོ་འདུག །

དེ་རྗེས་དུས་འགྱུར་འདབ་རྫབ་ཁྲོད་དམ་པ་ཁོང་ནི་སྐྱོན་གྱིི་མ་གོས་འདམ་གྱི་པད་མོ་བཞིན། སྦས་པའི་རྣམ་འགྱུར་མཛད་དེ་རྟགས་པར་ཕྱུགས་རྫིར་ཕྱིན། སྐོག་ཏུ་སྒོམ་གསུམ་ཉམས་ལེན་དང་བསྟན་འགྲོའི་དོན་ཆེན་མཛད། དེ་རྗེས་རྒྱབ་ཁབ་ཀྱི་ཆོས་ལུགས་སྲིད་རྗུས་དོན་འཁྱོལ་བྱུང་རྗེས། ཀླུ་དགོན་གྱི་མཁན་པོ་གནང་སྟེ་དགོན་པ་ཉམས་གསོ་དང་རྩ་རླུང་སོགས་བཙུགས་ཏེ་ལོ་རེར་བོན་སྔོན་འགྲོ་དངོས་སྦྱོང་མཁན་སྟོང་ཕྲག་ཡས་མས་ཡོང་གི་ཡོད། རིན་པོ་ཆེ་ཁོང་ནི་དབང་ལུང་ཁྲིད་གསུམ་གྱི་བདག་པོ་ཡིན་པ་མདོ་སྟོད་སྨད་བར་གསུམ་གྱི་བླ་མ་ཐམས་ཅད་ཁོང་གི་མདུན་དུ་དབང་ལུང་ཁྲིད་རྣམས་གསན་པར་ཡོང་གི་ཡོད་པ་མ་ཟད་གྲྭ་ས་སྨན་རིར་སློན་དཔོན་ཚུལ་ཁྲིམས་དབང་ལྡན་རིན་པོ་ཆེ་ཕེབས་ཏེ་ཁོང་ལ་ཞབས་རྟེན་ཤོག་ལོ་ཀ་ཞིག་ཕུལ་ཡོད། དེའི་རྗེས་ཁྱུང་སློབ་བསྟན་འཛིན་རྣམ་དག་རིན་པོ་ཆེ་ཕེབས་ཏེ་དབང་ལུང་འབུལ་རེས་བྱས་ཏེ་དཔོན་སློབ་ཞལ་ནས་དྲག་སྔགས་དབལ་མོའི་སྒྲུབ་གཞུང་གཙོས་པའི་ལུང་འགའ་ཁོང་མ་གཏོགས་མི་འདུག་གསུངས། རྗེས་སུ་ཁོང་གིས་མཛད་པའི་དྲག་སྔགས་དབལ་མོའི་རྒྱུད་ཕྱག་ནང་རྟོགས་ལྡན་རིན་པོ་ཆེ་བཀོད་མཛད་ཡོད། རིན་པོ་ཆེ་ཁོང་ནི་སེམས་རྟོག་ཀྱི་འཛིན་པ་རང་གྲོལ་དུ་སངས་ནས་སྐབས་འགར་བོན་ཅད་པའི་སྐབས་སུ་སྤྱན་བར་སྣང་གཟིགས་ཏེ་གསུང་ཅི་ཡང་མི་བྱོན་ནས་ཧེད་དེ་བཞུགས་ཀྱི་ཡོད། སྐབས་འགར་གཞན་གྱི་སྨྲས་པ་རྗེས་ཟློས་ཙམ་ལས་མཆོག་ཉིད་ནས་འདི་ཡིན་འདི་མིན་གྱི་འཁྲུལ་པ་ཞིག་སྟེ་བྱིན་པ་ཆུང་ཆུང་ཞིག་དང་ཁྱད་པར་མེད་པ་ལྟ་བུ་ཡོད། སྐབས་འགར་གངས་ཐོག་ཞབས་རྗེས་མེད་པར་ཕྱིན་པ་ཡང་གཞན་གྱི་མཐོང་ངོར་གྱུར། དམ་པ་ཁོང་དགུང་ལོ་དགུ་བཅུ་གོ་བཞི་བར་བསྟན་འགྲོའི་དོན་ཁོ་ནར་མཛད་པ་མ་གཏོགས་ཆེ་འདོད་གྲགས་སྙན་སོགས་བོན་བརྒྱད་ཀྱི་དྲི་མ་ཙམ་ཡང་གོས་མ་མྱོང་བས། ཆེ་སྙན་རྒྱུ་དབང་ལ་རྔམ་པའི་བླ་སྤྲུལ་གྱི་མིང་ཁུལ་མཁན་རྣམས་དམ་པ་ཁོང་དང་མཇལ་ཚེ་ངོ་གནང་བ་ལྟ་བུ་ཆགས་ཀྱི་ཡོད། དགུང་ལོ་གོ་བཞི་ལོར། དམ་པ་ཁོང་ནི་མི་རྟག་སྐྱེ་འཆིའི་འཆིང་བ་གྲོལ་ཞིང་ཉམ་ཐག་འགྲོ་བ་རྣམས་ལ་བརྩེ་བས་གཟིགས་པ་འདོར་མི་སྲིད་ཀྱང་རྟག་འཛིན་ཨ་འཐས་ཅན་རྣམས་སུན་ཕྱུང་ཕྱིར། ཧོར་ཟླ་༡༡ཚེས་༨ཀྱི་ཉིན་ཤས་སྔོན་འདི་ཟླའི་ཚེས་བརྒྱད་ལ་ཞིང་ཁམས་གཞན་དུ་ཕེབས་རྒྱུ་ཡིན་པས་གསུང་གནང་མཛད། དམ་པ་ཁོང་ནི་འཇིག་རྟེན་འདི་སྣང་ནུབ་ཅིང་། ཞིང་ཁམས་གཞན་སྣང་གི་བཀོད་པ་རྟག་ཏུ་ཤར་བ་དང་། མ་སྲིང་མཁའ་འགྲོ་རྣམས་ཀྱིས་བསུ་མ་རྒྱུན་མི་འཆད་པར་བརྟེན་གདོས་བཅས་ཀྱི་གཟུགས་ཕུང་བསྐྱུར་ཏེ་ལྷོ་ཕྱོགས་དཔལ་གྱི་ཞིང་ཁམས་སུ་དགའ་བ་དོན་གྲུབ་ཀྱི་སྐུ་མངོན་དུ་བྱེད་རྒྱུ་ཡིན་པས། ཁྱེད་ཚོས་ལས་འབྲས་གཙོ་བོར་སྲུང་སྟེ་དགེ་སྦྱོར་དགོས་ཚུལ་གདམ་ངག་གསུངས། ཚེས་བརྒྱད་ཀྱི་ནང་པར་དམ་པ་ཁོང་ནི་སྐུ་སྔར་བས་གཟི་བརྗིད་ཆེ་ཞིང་ཞལ་རས་དཀར་ཞིང་མཛུལ་མདངས་དང་བཅས་ཏེ་དགོངས་པ་བོན་དབྱིངས་སུ་ཐིམས། དེ་ནས་ནང་དྲན་རྟོག་གི་འགྱུ་བ་མ་དག་ལྷུན་གྲུབ་ཀྱི་སྒོ་ཁེགས་ནས་རིག་པ་མ་བུ་དབྱེར་མེད་འདྲེས་ཤིང་དག་པ་ལྷུན་གྲུབ་ཀྱི་སྣང་བ་ཡེ་ལྔའི་རིག་གདངས་ཕྱི་རུ་གསལ་བའི་རྫོགས་པ་ཆེན་པོའི་རྣལ་འབྱོར་ཡང་རབས་གཞན་དང་མཚུངས་པར་དགུན་དུས་ཡིན་ཡང་ནམ་མཁར་འབྲུག་གྲགས་མེ་ཏོག་འདབ་ལྡན་གྱི་ཁ་བ་ཟིམ་ཟིམ་དུ་བབས་ཏེ། འཇའ་ཚོན་དཀར་པོ་ཟུག་པ་སོགས་ཐུན་མོང་མ་ཡིན་པ་གྲུབ་པའི་དོན་རྟོགས་ཡོངས་སུ་ཚང་པའི་སྒོ་ནས་ཞིང་ཁམས་གཞན་དུ་ཀུན་ཏུ་བཟང་པོའི་རྒྱལ་མངོན་དུ་བྱས་པའོ། སྙིགས་དུས་འདིར་སེམས་ཅན་གྱི་ལས་དང་བསོད་ནམས་དམན་པའི་དབང་གིས་ཕྱི་ནང་གི་འགལ་རྐྱེན་སྣ་ཚོགས་འཕྲད་ནས་སྣང་ཚུལ་དང་བཤད་ཚུལ་སྣ་ཚོགས་འབྱུང་སྲིད་པ་སྟེ། སྤྱིར་སེམས་ཅན་སྤྱི་མཐུན་གྱི་ལས་དང་སྒོས་གང་ཟག་སོ་སོའི་ལས་དབང་ནི་སུས་ཀྱང་ཟློག་ཏུ་མེད་པའི་རྟེན་འབྱུང་བསླུ་མེད་ཡིན་པས་སོ། དོན་དུ་དམ་པ་ཁོང་ནི་ནང་འཛིན་རྟོག་རགས་པའི་ཞེན་ཡུལ་འབྱུང་ལྔའི་གཡར་གཟུགས་དེ་ཉིད་ཞེན་མེད་ཡེ་གྲོལ་རྫོགས་པ་ཆེན་པོའི་རང་རྩལ་རང་ཞི་ཕྱིན་ཏེ། ཡུལ་ཤེས་གཉིས་མེད་ཟངས་ཐལ་སྟོང་པའི་ཀློང་དུ་གཞི་གནས་རིག་པའི་ངོ་བོར་གྲུབ་པ་ཡིན་པ་སུས་ཀྱང་སྨྱོན་དུ་མེད་པ་སྟེ་ཡོངས་འཛིན་རིན་པོ་ཆེའི་ཞལ་ནས། ཨེ་མ་ཧོ། ཀ་དག་ལྷུན་གྲུབ་གཉུག་མའི་རང་གཤིས་གང་། མ་སྤངས་ངང་ལས་ཤར་བའི་རྣམ་འགྱུར་ཚོགས། ཡེ་གཞིའི་ཀློང་དུ་ཐིམས་པའི་རྣལ་འབྱོར་ཆེ། ཉིད་ཀྱི་དགོངས་རྟོགས་འགྲོ་ལ་འཆར་བར་མཛོད། མཐའ་བྲལ་ཡེ་གཞིའི་རང་བཞིན་རང་གསལ་བ། སངས་རྒྱས་སྟོང་གི་དགོངས་པའི་ཐུགས་དམ་མཐིལ། མངོན་དུ་བྱས་ཏེ་གདོད་མའི་སར་གཤེགས་པ། དྲི་མེད་གཡུང་དྲུང་ཞབས་ལ་གསོལ་བ་འདེབས། དྲི་མེད་སོ་ཐར་བསླབ་པས་སྐུ་ལུས་མཛེས། གསང་ཆེན་རིམ་གཉིས་ལམ་ནས་ལྷ་སྐུར་བཞེངས། བླ་མེད་རྫོགས་པ་ཆེན་པོས་འཕོ་ཆེན་གྲུབ། བརྒྱུད་གསུམ་མདོ་འཛིན་བླ་མར་གསོལ་བ་འདེབས། ཞེས་དམ་པ་གོང་གི་བྱིན་རླབས་ཐོབ་པ་སྨན་རི་བ་བསྟན་འཛིན་རྣམ་དག་ལ་དགེ་བའི་བཤེས་གཉེན་དུ་བསྟེན་པ་གཙང་ཚྭ་གཡུང་དྲུང་གཙུག་ཕུད་ཀྱིས་བཀའ་དྲིན་རྗེས་དྲན་གྱི་གསོལ་འདེབས་འབྲི་བར་བསྐུལ་བ་ལྟར་ཕུལ་བའོ།། ཞེས་སོ།།

སྨྲས་པ། གང་གི་ཡོན་ཏན་ཆ་ཤས་ཀྱི། །མཚན་ཙམ་ཐོས་པ་སྡུག་བསྔལ་སེལ། །

ཡོན་ཏན་ཁྱད་པར་མཆོག་མངའ་བ། །རྫོགས་པའི་སངས་རྒྱས་གུས་པས་འདུད། །

ཉེས་ཟད་སྤོངས་རྟོགས་མཐར་སོན་པའི། །བྱེ་བ་ཕྲག་བརྒྱའི་ཚངས་པའོ་དབྱངས། །

རྣམ་འཕྲུལ་ལང་ཚོའི་གཟུགས་འཕོས་པ། །ཨེར་སངས་ལྷ་མོ་བདག་མགྲིན་རོལ། །

དམ་པའི་གསུང་གསུམ་ཡོན་ཏན་མཐའ། །གཞལ་ལ་རྒྱལ་རྣམ་ངལ་བའི་གནས། །

བཀའ་དྲིན་རྗེས་དྲན་གསོལ་འདེབས་ཕྱིར། །རྩྭ་མགོའི་ཟིལ་ཙམ་བླངས་ཏེ་གླིང་། །

མགོན་ཁྱེད་གྲངས་མེད་བསྐལ་པའི་གོང་། །གདོད་མའི་རྒྱལ་ས་མངོན་ཟིན་ཀྱང་། །

སྔོན་ཚེ་ཐུགས་བསྐྱེད་སྨོན་ལམ་དང་། །འགྲོ་ལ་བརྩེ་བའི་སྙིང་རྗེའི་ཤུགས། །

སངས་རྒྱས་མི་ཡི་རྣམ་པར་སྤྲུལ། །མ་ངེས་འགྲོ་དོན་སྤྲུལ་པའི་གྲངས། །

འབྱུང་བའི་རྡུལ་གྱིས་མི་མཚོན་པའི། །སྤྲུལ་རབས་རྒྱ་མཚའི་རྣམ་པར་ཐར། །

བརྗོད་པ་ཚངས་སྲས་མགྲིན་པ་དོག །ཚོགས་གཉིས་རྟ་བདུན་གྱིས་དྲངས་པའི། །

མཚོན་དཔེའི་གཟུགས་སྐུ་ཉིན་མོར་བྱེད། །གངས་ཅན་གདུལ་བྱའི་མཁའ་དབྱིངས་སུ། །

བཞད་པའི་སྐལ་བཟང་ཞིང་འདིར་ཤར། །ལྔ་སྙིགས་དུཿཁའི་མུན་ཁྲོད་དུ། །

ལུས་ཅན་ཡོངས་ཀྱི་ཕན་བདེའི་དཔལ། །མི་འཇིགས་སྟོབས་བཅུའི་རྟ་བདུན་ཁྲིར། །

ཉིན་མོར་བྱེད་པ་ཁྱེད་ཁོ་ན། །རང་དོན་བོན་སྐུའི་རྒྱལ་ས་ལ། །

ཚོགས་གཉིས་འབྲས་བུ་གཡུར་ཟ་ཡང་། །གཞན་དོན་མཛད་པའི་བརྟུལ་ཤུགས་ཀྱིས། །

ལམ་ལ་སློབ་ཚུལ་རིམ་པར་བསྟན། །ཀུན་གཞིའི་ཞིང་ལ་གཤིན་པོ་ལ། །

ངེས་འབྱུང་སེམས་བསྐྱེད་སྐྱབས་འགྲོའི་བརླན། །འཕྲད་ནས་ཡོན་ཏན་འབྲས་དྲུག་སྨིན། །

དེ་ཕྱིར་ངེས་འབྱུང་སེམས་བསྐྱེད་དང་། །སྐྱབས་འགྲོའི་ཚུལ་ལ་ལེགས་པར་བསླབ། །

གཞན་ཕན་གཞི་བཅས་དོན་དུ་བླངས། །གཞན་གནོད་བཞི་བཅས་རིང་དུ་དོར། །

བག་ཡོད་སྒོ་གསུམ་དགེ་ལ་བརྩོན། །དགེ་སྦྱོར་རྣམས་ཀྱི་སྤྱོད་པ་བསླབ། །

གྲགས་པའི་མིང་དང་ཕྱུགས་པོའི་ནོར། །དུག་ཟས་བཞིན་དུ་རིང་དུ་བྱོལ། །

ལྟོ་གོས་ཁྲེལ་སྲུང་སྲོག་འཚོ་ཙམ། །དཀའ་ཐུབ་མི་ལའི་རྣམ་ཐར་འཆང་། །

འདུལ་ཁྲིམས་ཧ་རིའི་ལྗོན་བཟང་ལ། །རིམ་གཉིས་རྟོགས་པའི་ཡལ་འདབ་ཕྱུག །

རང་རིག་རང་ཤར་ལོ་འབྲས་རྒྱས། །བརྒྱུད་གསུམ་མདོ་འཛིན་ཆེན་པོར་བསྟོད། །

མཚུངས་མེད་བླ་མ་ཐེག་དགུའི་གྲངས་ལྡན་ལ། །བོན་གཞུང་རྒྱ་མཚོའི་དབང་ལུང་ཟབ་ཁྲིད་ཀུན། །

ལེགས་པར་གསན་ཏེ་གོང་མའི་བཀའ་ལུང་ལས། །དམ་པའི་རྒྱལ་ཚབ་ཅེས་པའི་མཚན་སྙན་བཞེས།།

ཐུགས་ཉིད་ལྷ་ལམ་དག་པ་ནས། །བྱིན་རླབས་ཉི་ཟླའི་རྩེ་དགའ་དང་། །

དད་པའི་སྐྱེད་ཚལ་འཕྲད་དང་ལྷན། །ཡོན་ཏན་འདབ་བརྒྱ་ཅིར་ཡང་འཕྲུལ། །

ཁྱེད་ཀྱི་མཛད་པ་ཇི་སྙེད་པ། །བྱམས་དང་སྙིང་རྗེའི་གཞི་བཟུང་ནས། །

མཐའ་ཡས་འགྲོ་རྣམས་བདེ་བ་དང་། །ཐར་པའི་ཕྱིར་ལས་གཞན་མ་དམིགས། །

གདུལ་བྱའི་མོས་དབང་སོ་སོ་ལ། །གང་འོས་མཛད་པའི་ཐབས་མཁས་འཕྲུལ། །

དབྱིངས་བཞུགས་ཕྱོགས་བཅུའི་རྒྱལ་རྣམས་ཀྱིས། །བསྔགས་པའི་མེ་ཏོག་ཆར་དུ་བསྙིལ། །

ཉོན་མོངས་འཁོར་བའི་འདབ་རྫབ་ཏུ། །ལྷུང་བའི་ཉམ་ཐག་འགྲོ་དག་ལ། །

ཐུགས་རྗེ་འོད་བརྒྱའི་བདེ་དྲོད་ཀྱིས། །སྐམ་པར་ནུས་པ་འདི་རྨད་དོ། །

ཁོལ་ཆུང་དུས་ཀྱི་བསྐལ་ངན་ཁྲོད། །ཁྱེད་སྐུ་འདམ་གྱི་པདྨོ་ཡི། །

གསང་གསུམ་མཛད་འཕྲིན་ཟེའུ་འབྲུའི་བཅུད། །ཉམ་ཐག་འགྲོ་བའི་གསོས་སུ་སྨིན། །

ལྟ་ལོག་ཆད་ལྟའི་མཐར་གོལ་བའི། །ལས་ཀྱི་སྐལ་ངན་འགྲོ་དག་ཀྱང་། །

བསྡུ་བ་རྣམ་བཞིའི་ཕྲིན་ལས་ཀྱིས། །དགེ་བའི་ས་བོན་ཁྱེད་ཀྱིས་བསྐྲུན། །

ཞེ་སྡང་མེ་དབང་གསོད་པའི་གཉེན། །བྱངས་པ་ཆེན་པོ་བསྐལ་པའི་ཆབ། །

དད་གསུམ་སྙིང་གི་ཁུང་བུ་རུ། །ཁྱེད་ཐུགས་སོ་གོས་རླབས་ཀྱིས་བརྔུབས། །

འདོད་ཆགས་ཆུ་ལྟར་འཁྲུག་པའི་གཉེན། །འཇོམས་བྱེད་ཚུལ་ཁྲིམས་བསྐལ་པའི་མེ། །

སྦྱིན་པའི་དྲི་བཞོན་དང་འགྲོགས་ཏེ། །དམ་ཚིགས་རྡོ་རྗེའི་ཀློང་དུ་བསྟབས། །

གཏི་མུག་མུན་སྨག་འཇོམས་བྱེད་པ། །ཡེ་ཤེས་སྟོན་གྱི་ཟླ་གཞོན་ཆེ། །

ཁྱེད་ཐུགས་ལྷ་ལམ་ཡངས་པ་རུ། །འཛིན་པའི་གྲགས་པ་ཁྱེད་ཀྱིས་ངོམ། །

ང་རྒྱལ་དུག་གི་སྡོང་པོ་ལ། །འཕགས་མཆོག་རྒྱལ་རྣམས་ཐུགས་ཆད་ཀྱང་། །

ཁྱེད་ཀྱི་ཞི་སྤྱོད་ཐབས་མཁས་ཀྱིས། །བདུད་སེམས་དགེ་ལ་ཚོགས་པར་བྱས། །

ཕྲག་དོག་རྡུལ་ཕུང་བཤིགས་པའི་གཉེན། །ཡངས་པ་ཆེན་པོ་བསྐལ་པའི་རླུང་། །

ཐུགས་དགོངས་མཁའ་ལམ་ཡངས་པ་ནས། །ཞི་བསིལ་བདེ་རླུང་ཁྱེད་ཀྱི་རློབས། །

མཚན་བཅས་གཟུགས་སྐུའི་བཀོད་པ་ཉིད། །མཚན་མེད་སྟོང་ཆེན་ཀ་དག་ཀློང་། །

བྱུང་གནས་ཐིམ་པའི་རྣམ་པར་ཐར། །ལས་དག་འགྲོ་བའི་སྣང་ངོར་བསྟན། །

བསྟན་འགྲོའི་བསོད་ནམས་སྐྱ་རེངས་གསར་པ་ཡིས། །ཉེར་དྲངས་རྒྱལ་སྲས་རྣང་སྤྲུལ་ཉིན་བྱེད་དབང་། །

རྫོགས་ཆེན་རྣལ་འབྱོར་དྲི་མེད་གཡུང་དྲུང་མཆོག །ཐུགས་ཀྱི་བཞེད་དགོངས་ལྷུན་གྱིས་འགྲུབ་པར་ཤོག །

(མ་རྩོམ་ཡོང་ཁུངས། དགེ་བཤེས་གངས་ལྷ་དཀར་པོའི་ཕན་བདེའི་འཕྲིན་སྟེགས།)

(སྤྱིའི་གཟིགས་གྲངས། 450 དེ་རིང་། 1)

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
མཛད་པ་པོ། …
error: རྩོམ་འདི་བདག་དབང་ཅན་ཡིན།